༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འཕྲིན་བསྩལ་ནས་བུད་མེད་མང་པོ་མགོ་འཁྲིད་ཀྱི་གོ་གནས་སུ་ཡོད་ན་འཛམ་གླིང་འདི་གོ་རྟོགས་དང་ཞི་བདེ་ཆེ་བ་ཡོང་བར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས།

དེ་རིང་ཕྱི་ཚེས་ ༢༨ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ (Sarah Mullally) ལགས་སུ་འཚམས་འདྲིའི་ཕྱག་བྲིས་གནང་སྟེ། ཁོང་མོ་དབྱིན་ཡུལ་གྱི་གྲོང་ཁྱེར་ཁེན་ཌར་བྷུ་རིའི་ (Canterbury) ཆོས་དཔོན་དུ་བསྐོ་བཞག་བྱུང་བར་འཚམས་འདྲི་མཛད་འདུག
༸མགོན་པོ་གང་ཉིད་མཆོག་གིས་འཚམས་འདྲིའི་གསུང་འཕྲིན་བསྩལ་བའི་ནང་། དེང་སྐབས་འཛམ་གླིང་འདིར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་པ་དང་། དེ་ནི་འགྲོ་བ་མིའི་གཞི་རྩའི་རིན་ཐང་ལ་ཚོད་ལྟ་བྱེད་པའི་དུས་སྐབས་ཤིག་ཡིན། ཆོས་ཕྱོགས་ཀྱི་དབུ་འཁྲིད་ཅིག་ཡིན་པའི་ཆ་ནས། ང་ཚོ་ཚང་མར་འགྲོ་བ་མིའི་རིན་ཐང་དེ་དག་བསྐྱར་དུ་གསལ་སྟོན་བྱེད་པ་དང་། མི་མང་ལ་དེའི་སྐོར་གོ་རྟོགས་སྤེལ་བའི་འགན་འཁྲི་ཆེན་པོ་ཡོད། འཛམ་གླིང་གི་ཆོས་ལུགས་ཆེན་པོ་ཚང་མས་སྙིང་རྗེ་དང་། བཟོད་སྒོམ། རང་འགན་རང་འཁུར། ཆོག་ཤེས་སྐོར་ལ་སློབ་སྟོན་བྱེད་ཀྱི་ཡོད་པ་མ་ཟད། དེ་དག་ཉམས་ལེན་བྱེད་སྟངས་ཀྱི་ལམ་སྟོན་ཡང་གནང་གི་ཡོད། འདི་དག་ནི་ང་ཚོས་འགྲོ་བ་མི་ཡོངས་ལ་དོན་སྙིང་ལྡན་པའི་ཐོག་ནས་བརྗེ་ལེན་བྱེད་ཐུབ་པའི་ཁྱད་ཆོས་ཡིན། ཞེས་གསུངས་འདུག
༸གོང་ས་མཆོག་གིས། ཁྱེད་རང་དབྱིན་ཇིའི་ཆོས་ལུགས་ཀྱི་མགོ་འཁྲིད་མཁན་བུད་མེད་དང་པོ་དེ་ཡིན་པར་ཤེས་པས་ཧ་ཅང་དགའ་པོ་བྱུང་། བུད་མེད་ཚོ་སྙིང་རྗེ་དང་གཞན་གྱི་བདེ་ཐབས་ལ་དམིགས་པའི་ནུས་པ་ཆེ་བ་ཡོད་པ་ཚན་རིག་གིས་ར་སྤྲོད་བྱས་ཡོད་པ་རེད། དེར་བརྟེན་བུད་མེད་མང་པོ་མགོ་འཁྲིད་ཀྱི་གོ་གནས་སུ་ཡོད་ན་འཛམ་གླིང་འདི་གོ་རྟོགས་དང་ཞི་བདེ་ཆེ་བ་ཡོང་བར་ཡིད་ཆེས་བརྟན་པོ་ཡོད། ཁྱེད་རང་གི་བསྐོ་བཞག་དེ་རེ་བའི་འོད་སྣང་ཞིག་རེད། ཅེས་དང་། མཐའ་མར་༸གོང་ས་མཆོག་གིས་ཐུགས་སྨོན་དང་བཀྲ་ཤིས་བདེ་ལེགས་ཞུས་ཡོད་འདུག
དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་ནི་ཕྱི་ལོ་ ༡༩༦༢ ཟླ་ ༣ ཚེས་ ༢༦ ཉིན་དབྱིན་ཡུལ་གྱི་ཝོག་ཀིང་ (Woking) གྲོང་སྡེ་རུ་སྐྱེས་ཤིང་། ཆུང་དུས་ཝིན་སི་ཊོན་སློབ་གྲྭ་ནས་སློབ་སྦྱོང་བྱས། དེ་རྗེས་ཝོག་ཀིང་སློབ་གྲྭ་རུ་སློབ་མཐར་ཕྱིན། ཕྱི་ལོ་ ༡༩༨༠ ལོར་སྨན་ཞབས་ཐོག་སློབ་སྦྱོང་བྱས་ཏེ། ཕྱི་ལོ་ ༡༩༨༤ ལོར་སྨན་ཞབས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན། ཕྱི་ལོ་ ༡༩༩༢ ལོར་ལོན་ཌོན་གཙུག་ལག་སློབ་གཉེར་ཁང་ནས་སྨན་ཞབས་ཐོག་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན། དེ་རྗེས་སེན་ཊི་ཐོ་མ་སི་སྨན་ཁང་ (St Thomas Hospital) དང་། མར་སི་ཌན་སྨན་ཁང་དུ་སྨན་ཞབས་ཀྱི་ལས་དོན་གཉེར། ཕྱི་ལོ་ ༡༩༩༩ ལོར་སྨན་ཞབས་ཀྱི་འགན་འཛིན་དུ་བསྐོ་བཞག་བྱས། ཕྱི་ལོ་ ༡༩༩༨ ནས་ ༢༠༠༡ བར་ཀེན་ཊི་གཙུག་ལག་སློབ་གཉེར་ཁང་ (University of Kent) དུ་ཆོས་ལུགས་རིག་པའི་ཐོག་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༠༡ ལོར་དབྱིན་ཡུལ་གྱི་ཡེ་ཤེས་མཆོད་ཁང་དུ་ཆོས་སྒོར་ཞུགས། ཕྱི་ལོ་ ༢༠༠༤ ནས་ ༢༠༠༦ བར་ཆོས་ལུགས་རིག་པའི་ཐོག་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན། ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༢༨ ཉིན་ནས་དབྱིན་ཡུལ་གྱི་གྲོང་ཁྱེར་ཁེན་ཌར་བྷུ་རིའི་ཆོས་དཔོན་དུ་བསྐོ་བཞག་བྱུང་བ་དང་། ཁོང་མོ་ནི་ལས་གནས་དེར་ཕྱག་ལས་གནང་མཁན་བུད་མེད་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།




