རྩོམ་པ་པོ། ལྕགས་སྙུག་དམར་པོ།
རྩོམ་ཁུངས། བོད་ཀྱི་དུས་བབ།
སྤྱིར་ལོ་ཙཱ་བའི་ཕྱག་ལས་འདི་ནི་ལས་ཀ་གཞན་དག་ལས་རླབས་ཆེ་ཞིང་གཟི་བརྗིད་ལྡན་པའི་ལས་ཀ་ཞིག་ཡིན་པ་ནི་སྔོན་བྱུང་མཁས་པའི་གཏམ་རྒྱུད་དང་ལོ་རྒྱུས་རྡོ་རིང་ངོས་སུ་ནམ་ལངས་ཉིན་ཤར་གྱི་དཔེ་བཞིན་མ་གསལ་མ་མཐོང་བ་ཞིག་མེད་པས་གླེང་བའི་དགོས་པ་དེ་ཙམ་མ་མཆིས་ལ། སྐབས་དོན་གླེང་བར་བྱ་བ་ནི་བཙན་བྱོལ་བོད་ཀྱི་གཞི་རིམ་བར་མའི་སློབ་གྲྭ་ཁག་ཏུ་བསླབ་གཞི་ལག་བསྟར་གནང་བཞིན་པའི་གསར་བསྒྱུར་ཀློག་དེབ་དག་གི་ཐ་སྙད་བསྒྱུར་སྟངས་དང་ཐ་སྙད་བཀོད་སྤྱོད་ཀྱི་ཕྱོགས་ལ་བསམ་ཚུལ་ཞིག་མི་ཞུ་ཐབས་མེད་བྱུང་སོང་བས། གལ་སྲིད་ནོར་འཛོལ་རེ་ཤོར་ཚེ་དགོངས་པ་དག་པར་ཞུ་ཟེར་བའི་བསམ་བློ་སྔོན་དུ་སོང་བའོ།།
དང་པོ། ཐ་སྙད་དང་ཐ་སྙད་བསྒྱུར་སྐབས་ཀྱི་བླང་དོར།
ལོ་ཙཱ་བ་ཞིག་ཡིན་པའི་ཆ་ནས་རྩ་བའི་རྨང་གཞིའི་ཚད་ཐིགས་འཛིན་ས་ཞིག་ཡོད་པ་དེ་ནི། སྐད་ཡིག་གང་རུང་ཞིག་རང་སྐད་དུ་བསྒྱུར་དུས་གཙོ་བོ་དེ་རང་སྐད་ཡིན་དགོས་ལ། གཉིས་པ་དེར་རང་སྐད་ཀྱི་གོམས་གཤིས་ལྡན་དགོས། གསུམ་པ་དེར་རང་ཡིག་ཡིན་དགོས་ལ། བཞི་བ་དེར་རང་སྐད་ཀྱི་བརྡ་སྤྲོད་གཞུང་ལུགས་དང་མ་འགལ་བ་ཞིག་དགོས་རྒྱུ་ནི་ལོ་ཙཱ་བ་དཀྱུས་མ་ཞིག་ལ་ཡོད་དགོས་པའི་ཆ་རྐྱེན་མཐའ་མ་དེ་རེད་ལ། དེ་ནས་དོན་བསྒྱུར་དང་སྒྲ་བསྒྱུར་ཟེར་བའི་གནས་རིམ་འདི་ལ་འགྲོ་བའི་སྐད་ཆ་ཞིག་ཡོད་ནའང་། གཙོ་ཆེ་ཤོས་དེ་རང་སྐད་ཀྱི་གོམས་གཤིས་དེ་གཙིགས་ཆེན་དུ་འཛིན་རྒྱུ་ནི་ཤིན་ཏུ་ནི་གལ་ཆེའོ།། གལ་སྲིད་དེ་ལས་ལྡོག་ན་ཁྱོད་ཀྱི་ལས་ཀ་དེས་བོད་ཀྱི་སྐད་དང་ཡི་གེ་གཉིས་ཕྱུག་བསྒྱུར་ཏུ་རྔོ་ཐོགས་པ་ཕར་ཞོག ཐ་ན་གནོད་པས་བརྗུས་ཏེ་ལོ་རྒྱུས་ཀྱི་ནག་ཉེས་འཕོག་མི་སྲིད་པ་མིན་པས་བསམ་ཞིབ་གནང་རན་རེད་འདུག དཔེར་ན། གཞན་ཡིག་གི་ས་མིང་དང་མིའི་མིང་སོགས་བསྒྱུར་སྐབས་རང་སྐད་ཀྱི་གསལ་བྱེད་སུམ་བཅུའི་སྒྲོམ་གཞི་ལས་མི་འགལ་བ་ཞིག་བསྒྱུར་དགོས་པ་མ་གཏོགས་ཕུང་གསུམ་པའི་ཡི་གེའི་བརྩེགས་འདོགས་ཏེ་ལེགས་སྦྱར་དང་བོད་ཡིག་གང་ཡང་མིན་པ་ཞིག་བསྒྱུར་བསྡད་ན་ཁེ་ཕན་ལས་གནོད་ཆེའོ།།
ཡང་གཅིག་བཤད་ན། ལེགས་སྦྱར་དང་བོད་ཡིག་གང་ཡང་མ་ཡིན་པའི་ཡི་གེ་ཞིག་བྲིས་བསྡད་ན་སློབ་ཕྲུག་གིས་ཀློག་མ་ཐུབ་པའི་དཀའ་ངལ་དང་ནང་དོན་མ་རྟོགས་པའི་དཀའ་ཚེགས་འཕར་མ་ཞིག་བཟོ་བཞིན་ཡོད་པ་ལས་དགེ་མཚན་གང་ཡང་མ་མཆིས། ཡང་ཁྱེད་རང་གིས་འདི་ལེགས་སྦྱར་གྱི་འབྲི་སྲོལ་རེད་ཟེར་ན། འོ་ན་ཁྱེད་ཀྱིས་བོད་ཡིག་ཏུ་སྒྱུར་གྱིན་ཡོད་དམ་ལེགས་སྦྱར་དུ་སྒྱུར་གྱིན་ཡོད། གལ་སྲིད་ཁྱོད་ཀྱིས་སློབ་ཚན་དེ་བོད་ཡིག་བོད་སྐད་དུ་སྒྱུར་གྱིན་ཡོད་ན། བོད་ཡིག་བོད་སྐད་ལ་འདི་འདྲའི་ཡི་གེ་འབྲི་སྲོལ་ཞིག་མེད་པ་མ་ཟད་ཀློག་སྟངས་ཀྱང་མེད་པ་བོད་ཀྱི་བརྡ་སྤྲོད་རྩ་བ་རུ་སློབ་དཔོན་ཐོན་མིས་མི་འཇུག་པ་གསུངས་པའི་སྐབས་སུ། “མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ།། དེ་ལ་དབྱངས་ཀྱིས་བཞི་ལྡན་ཡང་།། གང་དུ་འཇུག་མིན་སྦྱར་བའང་མིན།། ”ཟེར་ནས་གསུངས་ཡོད་པ་འདི་རེད།
རྒྱུ་མཚན་དེ་བས་ང་ཚོས་ཡིག་བསྒྱུར་བྱེད་སྐབས་གཞན་གྱི་ཐ་སྙད་ཀྱི་གདངས་དེ་རང་སྐད་དུ་ཡོད་མིན་དང་པོ་སེམས་དགོས་ལ། དེ་ནས་སྒྲ་གདངས་དེ་མཚོན་ཆེད་རང་ཡིག་གི་ཡིག་གཟུགས་ཡིན་མིན་དེ་ལ་གཞིག་དགོས་ཀྱི་རེད་མ་གཏོགས་གང་འདོད་འདོད་དང་གང་དྲན་དྲན་ཞིག་བྲིས་བསྡད་ན་བོད་ཀྱི་སྐད་ཡིག་གི་བེད་སྤྱོད་ལ་འགན་དབང་མ་འཁུར་བའི་རྟགས་མཚན་ཁོ་ན་ལས་མ་འདས་སོ།། མ་གཞི་ནས་འུ་ཚོར་ལེགས་སྦྱར་ཡིག་རིགས་ཀྱི་འགྲོ་སྟངས་གླེང་བའི་སྐལ་བ་མེད་ལ་འོས་འགན་དེ་ལས་ཀྱང་མེད་བཞིན་དུ་ལེགས་སྦྱར་ལ་མཁས་མདོག་མདོག་གིས་ཡིག་ཆག་ཁ་ཤས་ཤིག་འཁྱེར་ཡོང་ནས་ལེགས་སྦྱར་གྱི་འབྲི་སྲོལ་རེད་ཟེར་ནས་རང་སྐད་རང་ཡིག་འདི་ཉོག་གཡོས་གཡོས་བྱས་ན་དགོས་པ་རྒྱུ་མཚན་ཅི་ཡང་མེད་དོ།། དེ་ལས་རང་ཅག་གི་མགོ་ཐོག་ན་ལྷུང་ཡོད་པའི་ལས་འགན་དེ་རང་སྐད་རང་ཡིག་ལ་སེམས་ཁུར་རམ་དོ་ཁུར་རེ་བྱས་ན་དགེ་མཚན་ཆེའོ།།
གཉིས་པ། ཀློག་དེབ་ཡིག་སྒྱུར་གྱི་རྒྱབ་ལྗོངས་དང་དེའི་དགེ་མཚན།
སྤྱིར་ཀློག་དེབ་ཡིག་སྒྱུར་གྱི་རྒྱབ་ལྗོངས་སམ་དགེ་མཚན་ནི་གཞན་སྐད་གཞན་ཡིག་ནང་འདྲེན་གྱིས་རང་སྐད་རང་ཡིག་འདི་ཇེ་ཕྱུག་ཏུ་གཏང་རྒྱུ་དང་གཞན་གྱི་རིག་ཚན་གསར་པ་དག་རང་སྐད་ཐོག་ནས་སློབ་པའི་གོ་སྐབས་བསྐྲུན་རྒྱུ་དེ་ཡིན་པས་ཅི་འདྲའི་ངོ་མཚར་ལྡན་ལ་ཡིད་དུ་འོང་བ་ཞིག་རེད་ཨང་། རྒྱུ་མཚན་དེ་བས་ང་ཚོས་རང་སྐད་འདི་ལ་སད་དང་སེར་བའི་མ་གོས་པ་ཞིག་དང་ཆར་དང་རླུང་གིས་མ་འཁྱེར་བ་ཞིག་བྱ་རྒྱུ་ནི་ཁྱོད་དང་ང་ཚོའི་གདོང་གཏད་སའི་ལས་འགན་ངོ་མ་དེ་ཡིན་པས། འུ་ཚོས་རིག་པ་སྒྲིམ་ཞོར། མནོ་བསམ་གཏོང་ཞོར། སློབ་དཔོན་ཐོན་མིའི་དགོངས་པ་ལྟར་དུ། ཀ་མད་སུམ་ཅུའི་སྒྲོམ་གཞི་ལྟར་དུ་ཡིག་བསྒྱུར་གནང་ཐུབ་ཚེ་ཇི་འདྲའི་རྗེས་སུ་ཡི་རང་གི་གནས་སུ་འཁུམས་པའི་བྱ་གཞག་ཅིག་ཅི་ལ་མིན། ཡང་གཅིག་བཤད་ན། འུ་ཚོས་ཡིག་བསྒྱུར་བྱེད་སྐབས་མ་ཕྱིའི་སྒྲ་གདངས་གཙོ་བོར་འཛིན་རྒྱུ་དེ་མ་ཡིན་པར་མ་ཕྱིའི་སྒྲ་གདངས་དེ་མཚོན་པའི་ཐ་སྙད་རང་སྐད་དུ་ཡོད་མིན་དེ་གཙོ་བོར་འཛིན་དགོས་པར་མཐོང་། ཅིའི་ཕྱིར་ཟེར་ན། གཞན་རིགས་ཡིག་སྒྱུར་མཁན་ཚོས་བསྒྱུར་སྟངས་ལ་གཅིག་ལྟོས་དང་། ཁོང་ཚོས་དེ་ལྟར་གནང་བཞིན་ཡོད་དེ། དཔེར་ན། རྡ་རམ་ས་ལ་ཟེར་བའི་ཐ་སྙད་འདི་བསྒྱུར་སྐབས་ཁོང་ཚོའི་སོ་སོའི་ཡིག་སྐད་ཀྱི་སྒྲ་གདངས་གཙོ་བོར་བཟུང་སྟེ་རྡ་ལན་ས་ལ་ <da lan sa la 达兰萨拉>ཟེར་ནས་བསྒྱུར་ཡོད་པ་འདིས་སོ་སོའི་སྐད་ཡིག་ལ་ཆར་རླུང་གིས་མ་གནོད་པ་ཞིག་བཟུང་བའི་ལྟ་བ་འདི་དག་ལ་སེམས་དགོས་པ་ཞིག་རེད། མ་གཞི་ནས་འུ་ཚང་གི་ཤེས་ཡོན་པའི་ཚོགས་སྡེ་འདི་ཡིས་གཞན་གྱི་སློབ་གསོ་དང་གཞན་གྱི་རིག་གཞུང་ལ་བསྟུན་ཅི་ཐུབ་བྱེད་པ་མ་གཏོགས་རང་ཉིད་ཀྱི་སྒལ་ཚིགས་སྟེང་ནས་རང་ཉིད་ཀྱི་བསམ་བློ་གཟུང་རྒྱུ་ནི་ཉིན་ཤར་གྱི་སྐར་མ་ལྟར་དཀོན་ལ། རང་སྐད་རང་ཡིག་འདི་འབག་བཙོག་ཆགས་པའི་ཐུགས་ཁུར་དེ་ལས་ཀྱང་མེད་ཚོད་གདའ། རྒྱུ་མཚན་དེ་བས། ཁ་སང་དེ་རིང་གི་འུ་ཚོའི་སྐད་ཡིག་གི་ཁོར་ཡུག་ལ་གཟིགས་དང་། ལེགས་སྦྱར་དང་བོད་ཡིག་བསྲེས་མས་བྲིས་པའི་སྒོ་བྱང་དང་དེབ་རིགས་འདྲ་མིན་ཞིག་གིས་རང་སྐད་རང་ཡིག་གཙང་མ་འདི་འཆི་ལམ་དུ་བཏབས་དང་འདེབས་བཞིན་ཡོད་པས་དངོས་གནས་བསམ་དཀའ་བ་ཞིག་རེད། སྤྱིར་ལེགས་སྦྱར་གྱི་ཡིག་རིགས་ཁ་ཤས་ཤིག་དགོས་པའི་དབང་གིས་བཞག་དགོས་པ་ཞིག་ཡོད། འོན་ཀྱང་རང་སྐད་རང་ཡིག་གིས་སྒྲ་གདངས་བཟོ་ཐུབ་པ་རྣམས་ལའང་ལེགས་སྦྱར་གྱི་སྐད་དེ་ “ཊ”་དང་ “དྷ”་སོགས་བྲིས་ནས་རང་སྐད་ཀྱི་ངོ་བོ་སྲུང་མ་ཐུབ་པ་ནི་ལུག་ཁྱུ་ཞིང་ལ་ཤོར་བའི་དཔེ་ལྟར་མ་དག་རྒྱུད་འཇགས་ཀྱི་ནོར་འཁྲུལ་ཞིག་ཡིན་པ་ལས་དགོས་བ་རྒྱུ་མཚན་ཅི་ཡང་བགྲང་རྒྱུ་མེད་དོ།། འདི་ལྟར་ལོ་ངོ་མང་པོའི་རྗེས་སུ་འུ་ཚོའི་བུ་རབས་ཚ་རྒྱུད་དམ་གཅེས་པའི་བུ་ཕྲུག་ཚོས་ཨ་ཕ་ལགས། སློབ་དཔོན་ཐོན་མིའི་དགོངས་པའམ་བོད་ཀྱི་ཡི་གེའི་སྒྲོམ་གཞི་ལྟར་ན་གསལ་བྱེད་སུམ་ཅུ་དང་དབྱངས་བཞི། མགོ་ཅན་གསུམ་ཟེར་སྲོལ་ཡོད་ནའང་། ད་ལྟ་ང་ཚོར་ “ཊ”་ཟེར་བའི་གསལ་བྱེད་ཅིག་དང་ “དྷ”་ཟེར་བའི་ད་མགོ་ཅན་ཞིག་ཡོད་པས། དེའི་ན་ང་ཚོར་གསལ་བྱེད་སུམ་ཅུ་སོ་གཅིག་དང་མགོ་ཅན་བཞི་ཡོད་པ་འདི་སློབ་དཔོན་ཁོང་གི་དགོངས་པའམ་བོད་ཀྱི་ཡི་གེའི་སྒྲོམ་གཞི་དང་མི་འགལ་ལམ་ཟེར་ནས་བཀའ་འདྲི་ཞུས་ཚེ་འུ་ཚོས་ཅི་ལྟར་ལན་བསྐྱོན་ནམ། ཞྭ་མོ་ནག་པོ་འདི་གཞན་སུ་ལའང་གཡོགས་ས་མེད་པར་རང་ཉིད་ཀྱི་མི་འདོད་བཞིན་དུ་གྱོན་དགོས་སོ།།
གསུམ་པ། ཞར་ཞོར་གྱི་སྐད་ཆ་དང་འབྲེལ་ནས་མཇུག་བསྡུ་བ།
སྤྱིར་ང་ཚོའི་ཚོགས་སྡེ་འདི་ན་སྟག་སེང་འདྲ་བའི་མཁས་དབང་དང་ཁྱུང་འབྲུག་ལྟ་བུའི་ཤེས་ཡོན་པ་མང་དག་ཅིག་གིས་སྐོར་ནས་བསྡད་ཡོད་ནའང་། སོ་སོའི་སྐད་ཡིག་ལ་གདོང་གཏད་དུས་གོ་མེད་ཚོར་མེད་དང་ཤི་མེད་རོ་མིན་གྱིས་གྲག་རྒྱུ་མེད་པར་བཞུགས་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ། ཁྱེད་རྣམ་པས་མགྲིན་བཟང་གི་བདུད་རྩི་མ་འཐོར་བའི་རྐྱེན་གྱིས་དེང་སང་གི་བྱིས་པ་འདི་ཚོའི་སྣང་བ་སྣ་མགོར་བསླེབས་ཤིང་བློ་སྤོབས་ཁ་སྒོར་བསླེབས་ནས་གང་དྲན་དྲན་བཤད་པ་དང་གང་རིག་རིག་འབྲི་བའི་ངན་གོམས་འདིས་གཞན་སྐད་རང་སྐད་དུ་རློམ་ཞིང་གཞན་ཡིག་རང་ཡིག་ཏུ་བསམས་པའི་རྒྱུ་མཚན་གྱིས་ཁ་སང་དེ་རིང་བོད་ཀྱི་སྐད་ཡིག་གི་ཁོར་ཡུག་འདི་འབག་བཙོག་གི་དྲི་མས་གོས་ཤིང་། དྲི་ངན་གྱི་ཁ་རླུང་འཕྱུར་བའི་ཁོར་ཡུག་འདི་བྱུང་བ་རེད། ཡང་ཁ་ཤས་ཀྱིས་མཐུག་པོའི་ཡི་གེ་དྲུག་དང་ལོག་པའི་ཡི་གེ་ལྔ་ཟེར་སྲོལ་ཞིག་ཡོད་མོད། འོན་ཀྱང་དེ་དག་ནི་སྔགས་ཀློག་སྟངས་ཀྱི་ཐབས་ལམ་ཙམ་ཞིག་རེད་མ་གཏོགས་བོད་ཀྱི་ཡིག་གཟུགས་དངོས་མིན་ལ་དེ་འདྲའི་དོན་མཚོན་དགོས་པའི་སྒྲ་གདངས་ཀྱང་མེད་དོ། གལ་སྲིད་དེ་དག་བོད་ཡིག་ཡིན་ཟེར་ན། སློབ་དཔོན་མཆོག་གིས་གཞུང་གང་ཞིག་ན་གསུངས་ཡོད་པའི་ཁུངས་ལུང་དགོས་པ་ལས་གང་བསམ་ཅི་བསམ་གྱིས་བོད་ཡིག་ཏུ་རློམ་ནས་བེད་སྤྱོད་བྱས་ནས་བསྡད་ན་མི་འགྲིག་པ་ཤེས་དགོས་སོ།།




