མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། བདེ་སྐྱིད་ཀྱི་ལྡེ་མིག་གཙོ་བོ།

བོད་ཀྱི་དུས་བབ།
༢༠༢༦/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། བསྟན་འཛིན་པདྨ། ཤེས་ལྷན་འགན་འཛིན་དྲུང་འཕར།
རྩོམ་ཁུངས། བོད་ཀྱི་དུས་བབ།

༄༅། །དེ་རིང་ནི་བོད་ཀྱི་ཡིག་གཟུགས་དུས་ཆེན་ཡིན་པས། དབྱངས་གསལ་སོ་བཞི་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ཉིན་མོ་ཞིག་ཡིན། དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༥ དང་ ༡༦ ཉིན་གཉིས་རིང་ཨ་མདོ་མཚོ་སྔོན་མི་རིགས་སློབ་ཆེན་དུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་འཚོགས་ཡོད་པ་དང་། དེའི་སྐབས་སུ་དགེ་སློབ་ ༡༣༠ ལྷག་ཙམ་ལྷན་འཛོམས་ཐོག་དེ་རིང་གི་ཉིན་མོར་བོད་ཀྱི་ཡིག་གཟུགས་དུས་ཆེན་དུ་གཏན་འབེབས་གནང་ནས་དེ་རིང་བོད་ཀྱི་ཡིག་གཟུགས་དུས་ཆེན་ཐེངས་དགུ་པ་དེ་ཆགས་ཀྱི་ཡོད་པས། དུས་ཆེན་འདི་ཉིད་སྲུང་བརྩི་ཞུ་བའི་ཚུལ་དུ་ཨ་མས་གཅེས་ཕྲུག་གསུམ་ལ་ཡང་བསྐྱར་སྙིང་གཏམ་ཚིག་འགའ་ཤས་ཤིག་བཤད་འདོད་བྱུང་།

བསྟན་འཛིན་ལྷ་སྒྲོན་ཁྱེད་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༤ ཉིན་སྐྱེས་པར་ཁྱེད་དང་བོད་ཀྱི་ཡིག་གཟུགས་དུས་ཆེན་སྲུང་བརྩི་ཞུ་སྲོལ་གཉིས་ལོ་ཟླ་གཅིག་པ་འཁེལ་འདུག་ལ། ཨ་མས་དུས་ཚོད་དེ་འདྲའི་སྐབས་ཤིག་ལ་མན་ཇུའི་སྐད་ཡིག་གི་ཛ་དྲག་གནས་སྟངས་འདི་བོད་ཀྱི་སྐད་ཡིག་ལ་བྱུང་སྲིད་དམ་ཞེས་པའི་བརྗོད་གཞིའི་ཐོག་དཔྱད་རྩོམ་ཞིག་ (https://tibetpolicy.net/tibet-policy-journal-iv-ii/) བྲིས་པ་དེ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དུས་དེབ་ནང་སྤེལ་ཡོད་པས། ཁྱེད་གསུམ་ནས་རིམ་པས་ཀློག་ངེས་རེད། དཔྱད་རྩོམ་དེའི་ནང་གསལ་བ་བཞིན་ལོ་བརྒྱ་ལྷག་ཙམ་སྔོན་རྒྱ་ནག་རྒྱལ་ཁབ་དབང་འོག་ཏུ་འཛིན་མཁན་ཆིང་རྒྱལ་བརྒྱུད་ཀྱི་མི་རིགས་སྟོབས་ཆེན་འདི་ད་ལྟའི་ཆར་རྒྱ་ནག་གི་གྲངས་ཉུང་མི་རིགས་ཤིག་ཏུ་གྱུར་ཡོད་པ་མ་ཟད། ད་ལྟའི་ཆར་མི་འབོར་ས་ཡ་བཅུ་ལྷག་ཙམ་ཡོད་ཀྱང་མན་ཇུའི་སྐད་ཡིག་ཤེས་མཁན་མན་ཇུ་མི་རིགས་ལྔ་བཅུ་ལས་ཉུང་བ་ཡོད་པའི་ཛ་དྲག་གནས་སྟངས་འདི་འདྲ་ཞིག་ཆགས་ཡོད་པ་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད། རྒྱ་གཞུང་དང་ཚོགས་སྒེར་མི་ཉུང་བས་མན་ཇུའི་སྐད་ཡིག་སླར་གསོ་ཡོང་བར་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་ཀྱང་། ཚང་མས་འབད་བརྩོན་རྒྱུན་བསྲིངས་ནས་བྱས་ན་དུས་ཡུན་ངེས་ཅན་ཞིག་གི་ནང་སྐད་ཡིག་དེ་ཉིད་རྩ་བརླག་ཏུ་མ་འགྲོ་སྔོན་ལ་སྐྱོབ་ཐུབ་ངེས་ཡིན་ཡང་། དེ་སྔ་ལྟ་བུ་སྤྱི་ཚོགས་ནང་བཀོལ་སྤྱོད་ལྷུག་པོ་ཡོང་རྒྱུ་ཏོག་ཙམ་ཁག་པོ་རེད་སྙམ། དེ་འདྲ་སོང་ཙང་མན་ཇུའི་སྐད་ཡིག་གི་གནས་སྟངས་ཇི་ཆགས་ནས་ང་ཚོས་སྔོན་ཚུད་ནས་སློབ་གསོ་བླངས་ཏེ་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་རྒྱུའི་ཐོག་བོད་མི་ཡོངས་ནས་སྦྱང་བརྩོན་བྱེད་རྒྱུ་དང་། སྤྱི་སྒེར་གྱི་ལས་དོན་ཐོག་བཀོལ་སྤྱོད་རྒྱ་གང་ཆེ་བྱེད་རྒྱུ། བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ལ་བོད་ཀྱི་སྐད་ཡིག་གང་སར་མཐོང་ཐོས་ཡོད་པ། (https://tibetpolicy.net/travelogue-journey-ladakh/) མི་རབས་གཅིག་ནས་གཅིག་ལ་རྩིས་སྤྲོད་བྱེད་སྐབས་སྐད་ཡིག་གི་ནང་དོན་རྒྱ་ཆེ་རུ་དང་ཕྱུག་ཏུ་བཏང་ནས་རྩིས་སྤྲོད་ཐུབ་པ་བྱེད་རྒྱུ་བཅས་ཀྱིས་མགྱོགས་མྱུར་ཐབས་ལམ་སྣ་ཚོགས་སྤེལ་དགོས་པ་ནི། བོད་གངས་ཅན་གྱི་ཐུན་མོང་མ་ཡིན་པའི་ཡི་གེའམ་ཡིག་གཟུགས་ལ་བཀའ་དྲིན་རྗེས་དྲན་བྱེད་རྒྱུའི་ཐབས་ལམ་ཡག་ཤོས་དེ་ཡིན་པ་སྨོས་ཅི་དགོས།

དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བཙུན་མོ་རྒྱ་ནག་ཀོང་ཇོ་དང་ལྷན་དུ་གཉེན་སྒྲིག་གནང་ཡོད་ཀྱང་། བོད་ཀྱི་ཡི་གེ་དེ་རྒྱ་ནག་གི་ཡི་གེ་ལ་དཔེ་མ་བླངས་པར་རྒྱ་གར་གྱི་དེཝ་ནག་རིའི་ཡི་གེ་ལ་དཔེ་བླངས་ནས་བོད་ཀྱི་ཡི་གེ་གསར་དུ་བཏོད་པ་དང་། དུས་རབས་བརྒྱད་པའི་ནང་མཁན་ཆེན་ཞི་བ་འཚོ་གང་ཉིད་རྒྱ་གར་བ་ཡིན་ཡང་བོད་མི་ཚོར་ལེགས་སྦྱར་ལྷའི་སྐད་དང་པཱ་ལཱི་ནས་ནང་ཆོས་སྦྱོང་མི་དགོས་པར་སོ་སོར་ཡི་གེ་ཡོད་པ་དེའི་ཐོག་བོད་སྒྱུར་བྱེད་དགོས་པའི་ལམ་སྟོན་བཟང་པོ་གནང་བར་བརྟེན། བོད་ཀྱི་ཡི་གེ་གསར་དུ་བཟོས་ནས་ལོ་མང་པོ་མ་ཕྱིན་གོང་སངས་རྒྱས་ཀྱི་བཀའ་བསྟན་འགྱུར་པོ་ཏི་ ༣༠༠ ལྷག་བོད་སྒྱུར་གནང་ཡོད་པ་དེ་དག་ནི་ཧ་ལས་པ་རེད་འདུག ད་ལྟ་ལོ་ངོ་ཆིག་སྟོང་ལྷག་གི་རྗེས་སུ་སངས་རྒྱས་ཀྱི་གསུང་རབ་འདི་དག་ང་ཚོ་བོད་པ་ཚོས་དགའ་སྤོབས་སྐྱེ་རྒྱུའི་གཞི་རྩ་གཙོ་བོ་དེ་ཆགས་ཡོད་པ་དང་། དེ་བཞིན་དེང་གི་དུས་སུ་དེའི་ཕན་ནུས་ཀྱི་ངོས་འཛིན་ཤུགས་ཆེ་རུ་དང་ཁྱབ་ཚད་ཆེ་རུ་འགྲོ་བཞིན་པ་དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ཡིན། སྤྱིར་ནང་ཆོས་རྒྱ་ནག་གི་ནང་སྔོན་ལ་དར་ཡོད་ཀྱང་ད་ལྟ་ནང་ཆོས་རྒྱ་ཡིག་ལས་བོད་ཡིག་ནང་སྤུས་དག་པ་ཡོད་པ་བརྩི་ཡི་ཡོད་པ་མ་ཟད། མགོན་པོ་གང་ཉིད་ཀྱི་བཀའ་དྲིན་ལ་བརྟེན་ནས་འཛམ་གླིང་ཡོངས་དང་ལྷག་པར་དུ་རྒྱ་རིགས་ནང་པ་ཚོས་ཀྱང་བོད་ཀྱི་ནང་བསྟན་ལ་ཡིད་ཆེས་དང་དོ་སྣང་ཤུགས་ཆེ་རུ་འགྲོ་ཡི་ཡོད་སྟབས། བོད་པའི་རིག་གཞུང་འདིའི་རྐྱེན་པས་བོད་མི་རིགས་རྩ་བརླག་ཏུ་འགྲོ་མི་སྲིད་པ་ཤེས་པར་བརྟེན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་རྟེན་སའི་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་རྒྱུའི་མངོན་གསལ་དོད་མེད་ཀྱི་ཐབས་ལམ་སྣ་ཚོགས་ལག་བསྟར་བྱེད་ཀྱི་ཡོད་པ་ང་ཚོ་ཚང་མས་ཤེས་ཀྱི་ཡོད།

རྒྱ་ནག་གཞུང་གིས་དྲག་གནོན་ཇི་ཙམ་བྱེད་པ་དེ་ཙམ་གྱིས་བོད་མིའི་སོར་ཆུད་ནུས་པ་ཇེ་ཆེར་ཕྱིན་པ་དང་། མི་རིགས་ཀྱི་ལ་རྒྱ་ཤུགས་ཆེ་རུ་ཕྱིན་ནས་གནས་སྟངས་ཇི་ཡིན་ལ་སེམས་ཤུགས་ཀྱིས་གདོང་ལེན་བྱས་དང་བྱེད་བཞིན་ཡོད་སྟབས། འདས་པའི་ལོ་ངོ་དྲུག་ཅུ་རེ་གྲངས་ནང་བོད་དང་བོད་མིའི་ངོ་བོ་བརླགས་མེད་པ་མ་ཟད། བོད་དང་བོད་མིའི་གནས་སྟངས་ཇི་ཡིན་འཛམ་གླིང་ཀུན་གྱིས་ཤེས་རྟོགས་བྱུང་ནས་ཚད་མཐོའི་རྒྱབ་སྐྱོར་གནང་གི་ཡོད། འོན་ཀྱང་ང་ཚོ་བོད་རིགས་སྤུན་ཟླ་མང་བ་དྲག་གནོན་འོག་མུ་མཐུད་གནས་ཡོད་པས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུའི་རང་དབང་དང་གོ་སྐབས་གཉིས་ཀ་མེད་པ་དང་། ང་ཚོ་རང་དབང་ལུང་པའི་ནང་ཉུང་ཤས་ཡོད་པ་དེའང་རྒྱལ་ཁབ་ཉི་ཤུ་རྩ་གྲངས་ནང་སྲན་མ་བཏོར་བ་ནང་བཞིན་ཐོར་ནས་ཡོད་པས། སོ་སོའི་སྐད་ཡིག་སྦྱོང་རྒྱུའི་རང་དབང་ཡོད་ཀྱང་གོ་སྐབས་ཞན་པོ་ཡིན་པ་དང། མཐུན་རྐྱེན་དང་ཁོར་ཡུག་བཟང་བ་ཡོད་སའི་རྒྱ་གར་ལུང་པའི་ནང་རྒྱུ་རྐྱེན་འདྲ་མིན་གྱིས་ལོ་རེ་བཞིན་བོད་ཕྲུག་ཉུང་དུ་འགྲོ་ཡི་ཡོད་སྟབས། འཛམ་གླིང་གི་གཅེས་ནོར་འདི་ད་ལྟ་བར་དུ་ང་ཚོ་བོད་པས་བདག་ཉར་བྱས་ཡོད་པ་འདི་ད་ལྟའི་ཆར་གནས་དང་མ་གནས་ཀྱི་ཛ་དྲག་གནས་སྟངས་ཐོག་སླེབས་ཡོད། དེ་འདྲ་སོང་ཙང་ང་ཚོ་བོད་པ་ཚོ་ལྷོད་གཡེང་དུ་མ་སོང་བར་སྒེར་དང་མི་རིགས་ཀྱི་ངོ་བོའམ། འཛམ་གླིང་སྤྱི་སྨན་འདི་ཉིད་སྲུང་སྐྱོབ་སླད་བོད་ཀྱི་སྐད་ཡིག་དང་སྐད་ཡིག་འདི་ལ་རྟེན་པའི་རིག་གཞུང་ཁྱད་དུ་འཕགས་པ་འདི་སྣང་མེད་མ་བཏང་བར། རང་ཉིད་ལ་ཛ་དྲག་ནད་གཞིའི་དཀའ་ངལ་འཕྲད་ན་ཛ་དྲག་གི་སྨན་བཅོས་སླད་ཐབས་ཤེས་ཇི་ལྟར་བྱེད་རྒྱུ་ཡིན་པ་དེ་ལྟ་བུ་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་སླད་འབད་བརྩོན་ཧུར་ཐག་བྱེད་དགོས། དེ་ང་ཚོས་བྱེད་ཐུབ་པ་དང་བྱེད་དགོས་པའི་ལས་འགན་ཡང་ཡིན། དེ་མིན་སོ་སོ་སྒེར་གྱི་མི་ཚེ་དང་ནང་མི་གཅིག་པུའི་འཕྲལ་སེལ་གྱི་ཁེ་ཕན་འགྲུབ་ཆེད་དེ་དག་སྣང་མེད་བཏང་ན་བོད་མི་གཅིག་ལ་སྐྱེས་ནས་སྐྱེས་གོ་ཆོད་མེད་པ་རེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ། ང་ཚོ་བོད་པ་ལ་ལོ་ངོ་སྟོང་ཕྲག་སྔོན་ནས་ཡི་གེ་ཡོད་པར་སྤོབས་པ་ཞེ་དྲག་སྐྱེ་ཡི་འདུག་ཅེས་བཀའ་སློབ་ཡང་ཡང་ཕེབས་ཀྱི་ཡོད། མགོན་པོ་གང་ཉིད་ཀྱིས་ནང་པའི་ཆོས་དང་། ལྟ་གྲུབ། ཚན་རིག་བཅས་ཀྱི་སྐོར་མཐིལ་ཕྱིན་པ་བོད་ཀྱི་སྐད་ཡིག་ནང་དུ་མ་གཏོགས་འཛམ་གླིང་གི་སྐད་ཡིག་གཞན་གང་དུའང་མེད་སྟབས། འཛམ་གླིང་ནང་སངས་རྒྱས་ཀྱི་ཆོས་འགྲེལ་བཤད་ཡག་ཤོས་རྒྱག་ཐུབ་མཁན་བོད་པའི་སྐད་ཡིག་ཡིན་པ་དེ་ང་ཚོ་བོད་པ་ཚོ་ལ་སྤོབས་པ་སླེབས་ཡ་གཅིག་ཡིན་པ་གསུང་གི་ཡོད། དེ་འདྲ་སོང་ཙང་བོད་ཀྱི་སྐད་ཡིག་འདི་ང་ཚོ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཅིག་ཡིན་པ་དང་། མི་རིགས་ཀྱི་གཅེས་ནོར་ཡིན་པ་ངོ་ཤེས་དགོས་པ་དང་ངོས་འཛིན་བྱེད་དགོས། དེའི་ནང་དོན་ཕྱུག་པོ་དེ་དག་བོད་མི་དང་ནང་པ་ཙམ་མ་ཟད། འཛམ་གླིང་ཡོངས་ལ་ཕན་ཐོགས་རླབས་ཆེན་ཡོད་པའི་གཏེར་མཛོད་ཡིན་སྟབས། ང་ཚོས་འཐུས་ཤོར་མེད་པར་བདག་གཅེས་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་ཙམ་དུ་མ་ཟད་དུས་ཀྱི་དགོས་མཁོ་ཡང་རེད་འདུག

ཨ་མས་བདག་གཅེས་བྱེད་དགོས་རེད་ལབ་དུས་སོ་སོ་དང་སོ་སོའི་བུ་ཕྲུག་ཡོངས་ནས་མི་ཚེ་ཧྲིལ་པོ་སྦྱང་བརྩོན་གྱིས་བཀོལ་སྤྱོད་གང་ཐུབ་བྱས་ནས་དེའི་ནང་དོན་རྟོགས་ཐུབ་པ་བྱེད་རྒྱུ་དེ་རེད། དེ་ལྟར་བྱུང་ཚེ་༸གོང་ས་མཆོག་གིས་ཐུགས་རེ་གནང་བ་བཞིན་སྲོལ་དེང་གཉིས་ཀའི་ཤེས་ཡོན་ཡོད་པའི་བོད་ཕྲུག་འདབ་ཤོག་གཉིས་ལྡན་ཞིག་ཆགས་ངེས་དང་། སོ་སོ་སྒེར་གྱི་མི་ཚེའང་བདེ་སྐྱིད་ལྡན་པ་སྐྱེལ་རྒྱུའི་ལྡེ་མིག་གཙོ་བོའང་དེ་རེད། དེ་དང་འབྲེལ་བའི་བོད་པའི་ཕ་མ་གཞོན་སྐྱེས་ཚོ་ལ་ཨ་མའི་སྙིང་གཏམ་ཞེས་པའི་རྩོམ་ཡིག་འདི་བྲིས་ཡིན་པས། ཁྱེད་གསུམ་གྱིས་རིམ་པས་ཀློག་ན་ད་ལྟ་དང་མ་འོངས་པར་བསམ་བློ་གཏོང་སྟངས་ཐད་ཕན་ཐོགས་ཕྲན་བུ་ཡོང་ངེས་རེད། (https://allabouttibet.com/pages/blog/post.html?id=10)

དེ་བཞིན་ཨ་མས་དུས་ཀྱི་དགོས་མཁོ་རེད་ལབ་དགོས་པའི་རྒྱུ་མཚན་ནི། དེང་སང་འཛམ་གླིང་ནང་དཀའ་ངལ་འདྲ་མིན་འཕྲད་ཀྱི་ཡོད་ཀྱང་གཙོ་བོ་སེམས་ཁམས་ཀྱི་དཀའ་ངལ་ཆགས་ཀྱི་ཡོད་པ་གསལ་པོ་རེད། འཛམ་གླིང་ནང་ཕྱི་དངོས་པོའི་ཐོག་ནས་འབྱོར་ལྡན་མི་མང་པོ་ཡོད་ཀྱང་སེམས་འཁྲུགས་ནས་མ་སྐྱིད་པ་ཧ་ཅང་མང་པོ་ཡོད་པ་དང་། དེའི་རྐྱེན་གྱིས་མི་གསོད་ཁྲག་སྤྱོད་དང་རང་ཤི་རྒྱག་མཁན་སོགས་མང་པོ་མཐོང་རྒྱུ་ཡོད་པ། དེ་ཚོ་ཚང་མ་བསམ་བློ་གཏོང་སྟངས་ཡག་པོ་མ་ཤེས་པའི་རྐྱེན་གྱིས་ཡོང་གི་ཡོད་པ་གསལ་པོ་རེད། ང་ཚོ་བོད་མིའི་ཁྲོད་དུ་མི་རྟག་པ་དང་། ལས་རྒྱུ་འབྲས། རྟེན་འབྲེལ། དགེ་སྡིག་སྤང་བླང་། སྐྱེ་བ་སྔ་ཕྱི། སེམས་ཅན་ཐམས་ཅད་རང་གི་ཨ་མ་བྱས་མྱོང་ཡོད་པ་སོགས་ཀྱི་ཆོས་ཕྱོགས་ཀྱི་བསམ་བློ་ཡོད་པའམ་བསམ་བློ་གཏོང་སྟངས་ཏོག་ཙམ་ཤེས་ཀྱི་ཡོད་སྟབས། སེམས་ཁམས་དཀའ་ངལ་ཡོད་པ་གཞན་དང་བསྡུར་ན་ཧ་ཅང་ཉུང་བ་ཡོད། འོན་ཀྱང་སོ་སོའི་རྩ་ཆེའི་རིག་གཞུང་ལ་དོ་སྣང་མ་བྱས་ན་འཛམ་གླིང་གི་མི་གཞན་ལྟ་བུ་སེམས་ཁམས་ཀྱི་དཀའ་ངལ་ཡོང་ངེས་རེད།

ཁྱེད་ཚོའི་པ་ལགས་ཀྱང་རང་ཉིད་ཀྱི་ཕ་དམ་པས་རེ་བ་དང་ལམ་སྟོན་གཞིར་བཟུང་རྒྱ་གར་དུ་ཕེབས་ནས་བོད་ཀྱི་སྐད་ཡིག་ཐོག་སྦྱང་བརྩོན་ཧུར་ཐག་གིས་ད་ལྟ་སོ་སོའི་སྤྱི་ཚོགས་ནང་ཞབས་སྤྱི་གང་ལེགས་སྒྲུབ་བཞིན་ཡོད་ལ། སོ་སོའི་བུ་ཕྲུག་ཚོ་ལའང་གནད་ལ་འཁེལ་བའི་ལམ་སྟོན་གནང་ནས་སོ་སོའི་མི་ཚེ་དོན་དང་ལྡན་པ་སྐྱེལ་ཐུབ་ཀྱི་ཡོད། དེ་འདྲ་སོང་ཙང་ཁྱེད་གསུམ་གྱིས་བོད་ཡིག་སྦྱངས་ན་མ་འོངས་པར་བེད་སྤྱོད་མེད་པའི་བསམ་བློ་དེ་འདྲ་འཁོར་མི་སྲིད་ལ། བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་གིས་སྣང་མེད་དུའང་གཞག་མི་སྲིད། གལ་ཏེ་དེ་ལྟར་བྱས་ན་སོ་སོའི་མི་རིགས་སྤྱི་དང་ཡང་སྒོས་སོ་སོ་རང་ཉིད་ལ་གྱོང་གུན་ཆེན་པོ་ཞིག་ཡིན་པ་སེམས་ལ་ཞོག་ཨང་། བོད་པ་གཅིག་ཡིན་པའི་ཆ་ནས་བོད་ཡིག་ཤེས་རྒྱུ་དེ་ཞེ་དྲག་གལ་ཆེན་པོ་ཡིན་ལ། སོ་སོ་སྒེར་གྱི་མི་ཚེ་སྐྱེལ་རྒྱུའི་ཆེད་དུའང་བོད་ཡིག་ནང་དུ་ཡོད་པའི་ནང་ཆོས་དང་དེ་ལ་བརྟེན་པའི་རིག་གཞུང་འདིའི་གནས་ཚད་གང་འཚམས་ཡོད་ན་མི་ཚེ་སྐྱིད་པ་ཡོང་རྒྱུ་གསལ་པོ་ཞེ་དྲག་རེད་འདུག ཨ་མའི་འཛིན་རིམ་བཅུ་གཉིས་ཀྱི་བོད་ཡིག་གནས་ཚད་འདིས་ཀྱང་ནང་ཆོས་ལྟ་ཀློག་བྱེད་རྒྱུར་ཕན་ཐོགས་ཕྲན་བུ་འདུག་པ་མ་ཟད། ༸གོང་ས་མཆོག་དབུས་པའི་བླ་ཆེན་རྣམས་ཀྱི་བཀའ་ཆོས་རྣམས་རྟོགས་ཐུབ་པར་ཕན་ཐོགས་ཕྲན་བུ་ཡོང་གི་འདུག་པས། ཁྱེད་གསུམ་ནས་ལྷག་རབ་བྱུང་ན་མི་ཚེ་གང་པོ་དབྱངས་གསལ་སོ་བཞི་ནས་ཁ་མ་བྲལ་བར་ཉིན་མཚན་དུས་དྲུག་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་སློབ་སྦྱོང་དང་མི་ཚེ་སྐྱེལ་རྒྱུ་དང་། དེ་ལྟར་མ་བྱུང་ནའང་འཛིན་རིམ་བཅུ་གཉིས་ཀྱི་རྗེས་སུའང་བོད་ཀྱི་སྐད་ཡིག་མུ་མཐུད་བཀོལ་སྤྱོད་བྱེད་རྒྱུར་འབད་བརྩོན་ཧུར་ཐག་བྱེད་དགོས། ངེད་ཕ་མ་གཉིས་ད་ལྟ་དགའ་སྤོབས་དང་བློ་བདེ་པོ་ཡོད་པ་གཅིག་ནི་བསྟན་འཛིན་འཆི་མེད་ཁྱེད་འཛིན་རིམ་དྲུག་པ་ཙམ་ནས་མ་འོངས་པར་བོད་ཡིག་དགེ་རྒན་ནམ་བོད་སྨན་ཨེམ་ཆི་བྱེད་རྒྱུའི་བསམ་བློ་བཅངས་པ་བཞིན། ད་ཆ་འཛིན་རིམ་བཅུ་གཉིས་ཐོན་པའི་སྐབས་སུ་བསམ་བློ་དེ་ཉིད་འགྱུར་བ་མེད་པར་རང་འཇགས་གནས་ཡོད་པའི་ཐོག་བོད་ཀྱི་གསོ་བ་རིག་པ་སྦྱོང་རྒྱུའི་ཐག་གཅོད་བྱས་པ་དེ་ཧ་ཅང་ཡག་པོ་འདུག་ལ། དེ་ནི་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ལ་བཅངས་པའི་ཁྱེད་ཀྱི་འགྱུར་མེད་སྤྲོ་སྣང་དང་། དུང་བ། སེམས་ཤུགས། སྤོབས་པ། དོ་དབྱིངས། ནུས་པ་བཅས་ཡིན་པ་དང། དེ་ནི་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་ལམ་སྲོལ་བཟང་པོའི་བཀའ་དྲིན་དང་། སྲིད་བྱུས་བཟང་པོ་འདིའི་ལམ་སྟོན་འོག་སྐུ་ལས་ཚད་མེད་སྐྱོན་མཁན་གྱི་བཀའ་དྲིན་ཆེ་བའི་དགེ་རྒན་རྣམ་པ་དང་། སྲིད་བྱུས་ལ་ཡིད་ཆེས་བློ་གཏད་ཀྱིས་གསོ་སྐྱོང་བྱེད་མཁན་ངེད་ཕ་མ་གཉིས་བཅས་འབྲེལ་ཡོད་མང་པོས་གཞོགས་འདེགས་གང་ཐུབ་ཞུས་པའི་འབྲས་བུ་ཡིན་པར་སྙམ།

མཐའ་དོན། ཁྱེད་གསུམ་བོད་མི་རིགས་ལ་སྐྱེས་པ་དང་། སངས་རྒྱས་ཀྱི་བསྟན་པ་མཇལ་བ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཕགས་པ་སྤྱན་རས་གཟིགས་སྐུ་དངོས་ཡིན་པ་ཡང་ཡང་མཇལ་བ་མ་ཟད་གསུང་ཡང་ཡང་ཐོས་རྒྱུ་ཡོད་པ། མཐུན་རྐྱེན་དང་རང་དབང་གི་ཐོག་ནས་སོ་སོའི་སྐད་ཡིག་སྦྱོང་རྒྱུ་ཡོད་པ་འདི་ཚོ་ཆ་ཚང་ཞེ་དྲག་སྐལ་པ་བཟང་པོ་ཡིན་པ་ཤེས་དགོས་པ་དང་། མགོན་པོ་གང་ཉིད་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཐོག་བོད་ཕྲུག་ཚོ་ནས་ཐུགས་རེ་ག་རེ་གནང་གི་ཡོད་པ་ཤེས་པར་བྱས་ཏེ། སོ་སོའི་མི་ཚེ་དངོས་ཀྱི་ནང་ལག་ལེན་གང་ཐུབ་བསྟར་ཚེ། རྩ་བའི་བླ་མ་ཐུགས་འགྱེད་ཚོར་ཡོང་རྒྱུ་དང་། སྐུ་ཚེ་ཞབས་པད་བརྟན་རྒྱུ། སྒྲུབ་པའི་མཆོད་པ་མཆོག་ཡིན་པ་ཙམ་དུ་མ་ཟད། སོ་སོ་སྒེར་གྱི་མི་ཚེ་དོན་ལྡན་བདེ་སྐྱིད་ལྡན་པ་ཡོང་རྒྱུ་དང་། ཚེ་མཇུག་ཀྱང་འགྱོད་པ་མེད་པ་ཡོང་ངེས་ཡིན་པས། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ཐོག་མུ་མཐུད་རིག་པ་སྒྲིམས་ཨང་།། །།

འབྲེལ་ཡོད་གསར་འགྱུར།

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese