ཨ་རིའི་གྲོས་ཚོགས་ཀྱི་དངུལ་གཏོང་ལེན་ཚོགས་ཆུང་གིས་བལ་ཡུལ་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་པར་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲོད་དགོས་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཨ་རིའི་གྲོས་ཚོགས་ཀྱི་དངུལ་གཏོང་ལེན་ཚོགས་ཆུང་གིས་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་ལ་རོགས་དངུལ་སྤར་སྣོན་བྱས་པ་ཡོངས་བསྒྲགས་དང་ལྷན་དུ། ཨ་རིའི་གཞུང་གིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཆེད་དུ་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་སྐུལ་མ་བྱས་འདུག
དེ་འབྲེལ་གནས་ཚུལ་ནང་། ཨ་རིའི་གྲོས་ཚོགས་ཀྱི་དངུལ་གཏོང་ལེན་ཚོགས་ཆུང་གིས། བལ་ཡུལ་ནང་རྒྱ་ནག་གཞུང་གི་ཤུགས་རྐྱེན་ཇེ་ཆེར་བཏང་དང་གཏོང་མུས་ཡིན་པའི་གནས་སྟངས་དང་འབྲེལ་ནས། བོད་མི་སྐྱབས་བཅོལ་བ་རྣམས་ཉེན་ཁའི་གནས་སུ་ལྷུང་ཡོད་ཅིང་། ལྷག་པར་དུ་བལ་ཡུལ་ནང་གི་བོད་མི་རྣམས་ལ་སོ་སོའི་ཆོས་དང་རིག་གཞུང་གི་ལས་དོན་གཉེར་བར་དམ་དྲག་བྱེད་བཞིན་ཡོད་པ་མ་ཟད། གཞི་རྩའི་ཐོབ་ཐང་ལའང་དམ་དྲག་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་ལ་རོགས་དངུལ་རྒྱུན་མཐུད་སྤྲོད་ངེས་ཡིན་སྐོར་ནན་བརྗོད་བྱས་འདུག
ཨ་རིའི་གྲོས་ཚོགས་ཀྱི་རོགས་དངུལ་གཏོང་ལེན་ཚོགས་ཆུང་གིས། ཨ་རིས་བལ་ཡུལ་གཞུང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་དོན་ལ་ཁས་ལེན་བྱས་པ་ལྟར་བལ་ཡུལ་དུ་གནས་པའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་སྐྱབས་བཅོལ་བའི་གནས་བབ་ཚད་ལྡན་བསྐྲུན་དགོས་ཤིང་། དམིགས་བསལ་གྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་སྐྱབས་བཅོལ་ཁྲིམས་ཡིག་ནང་གསལ་བའི་སྐྱབས་བཅོལ་བ་ཕྱིར་རྩིས་སྤྲོད་མི་ཆོག་པའི་ཁྲིམས་ལུགས་ལ་བརྩི་འཇོག་བྱེད་དགོས་སྐོར་དང་། བལ་ཡུལ་གཞུང་དང་རྒྱ་ནག་གཉིས་བར་གྲོས་མཐུན་བཞག་སྟེ། ཉེ་བའི་ལོ་ཤས་རིང་བོད་མི་སྐྱབས་བཅོལ་བ་རྣམས་བལ་ཡུལ་ནང་གནས་པ་དང་བལ་ཡུལ་བརྒྱུད་སྐྱབས་བཅོལ་དུ་འགྲོ་བར་བཀག་སྡོམ་ཇེ་ཆེར་བཏང་ཡོད་སྟབས། ཨ་རིའི་གྲོས་ཚོགས་ཀྱི་རོགས་དངུལ་གཏོང་ལེན་ཚོགས་ཆུང་གིས་བལ་ཡུལ་ནང་གནས་པའི་སྐྱབས་བཅོལ་བོད་མི་རྣམས་ཀྱི་གནས་སྟངས་ལ་སེམས་འཚབ་བྱེད་བཞིན་ཡོད་སྐོར་སོགས་བརྗོད་འདུག
ཕྱི་ལོ་ ༢༠༢༥ ཟླ་ ༧ ནང་ཨ་རིའི་གཞུང་གིས་བལ་ཡུལ་ཚུད་པའི་ལྷོ་ཨེ་ཤ་ཡའི་བོད་མིའི་སྤྱི་ཚོགས་ལ་ཨ་སྒོར་ས་ཡ་ ༦།༨ ཀྱི་རོགས་དངུལ་སྤྲོད་རྒྱུ་བྱས་པ་དེ་ནི་རོགས་དངུལ་མར་ཕབ་བཅག་བྱས་པ་ཞིག་ཡིན་ཡང་། རྩིས་ལོ་ ༢༠༢༧ ལོའི་རོགས་དངུལ་ནང་། བོད་ནང་གི་རིག་གཞུང་དང་ཤེས་ཡོན་སྲུང་སྐྱོབ་དང་རྒྱུན་གནས་འཕེལ་རྒྱས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐོག་ཕྱག་ལས་གནང་མཁན་གྱི་བོད་མིའི་ཚོགས་སྡེ་ཁག་ལ་ཨ་སྒོར་ས་ཡ་ ༡༠ དང་། བོད་མིའི་སྒྲིག་འཛུགས་ནས་བལ་ཡུལ་ཚུད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་དང་གོང་སྤེལ། ཤེས་ཡོན་གོང་འཕེལ། སྤྱི་ཚོགས་བརྟན་འཇགས་དང་མི་རབས་གསར་པ་སྐྱེད་བསྲིང་སོགས་ཀྱི་ཆེད་དུ་ཨ་སྒོར་ས་ཡ་ ༨ ། བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་གཏོང་བའི་ལས་གཞིའི་ཆེད་ཨ་སྒོར་ས་ཡ་ ༥ དང་། དེའི་ནང་ནས་ཨ་སྒོར་ས་ཡ་གཅིག་ནས་ཕྱེད་ཀའི་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་གཞི་རྩའི་དགོས་མཁོ་གཙོ་བྱས་པའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་ནུས་པ་གོང་འཕེལ་གཏོང་སླད་བཅས་ཁྱོན་ཨ་སྒོར་ས་ཡ་ ༢༣ བཀའ་འཁྲོལ་གཏན་འབེབས་གནང་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།



