འཕགས་བོད་འབྲེལ་མཐུད་ཚོགས་པ་ལོ་ ༢༨ འཁོར་བའི་དུས་དྲན་དང་རྒྱལ་ཡོངས་མགོ་འཁྲིད་ཀྱི་ལྷན་ཚོགས་འཚོགས་འདུག

རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར། དེ་རིང་རྒྱ་གར་གྱི་རང་སྐྱོང་ས་ཁུལ་ཇ་མུར་ནང་འཕགས་བོད་འབྲེལ་མཐུད་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༨ འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོ་འཚོགས་ཡོད་ཅིང་། སྐབས་དེར་ཚོགས་བཅར་བ་ཡོངས་ནས་ལུས་སེམས་གཉིས་ཀྱི་སྟེང་ནས་བོད་དོན་འཐབ་རྩོད་ཆེད་ལས་དོན་གཉེར་རྒྱུ་ཡིན་པའི་གྲོས་ཆོད་བཞག་འདུག
སྐབས་དེར་ལ་དྭགས་དང་ཇ་མུ་ཀ་ཤི་མུར་གྱི་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་ཤར་མ་ (Vivek Sharma) ལགས་ཀྱིས། བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པས། རྒྱ་ནག་གི་ཆ་ཤས་ཤིག་རྩ་བ་ནས་མ་རེད། ཉིན་ཞིག་འཕགས་བོད་འབྲེལ་མཐུད་ཚོགས་པས་བོད་དང་གངས་རི་པོ་ཆེ་བཅིང་གྲོལ་གཏོང་ཐུབ་པ་མ་ཟད། འཕགས་བོད་འབྲེལ་མཐུད་ཚོགས་པའི་ལས་དོན་དག་གིས་རྒྱ་གར་གྱི་བདེ་འཇགས་གོང་འཕེལ་གཏོང་ཐུབ་ཅེས་བརྗོད་འདུག
ཐེངས་འདིའི་ཇ་མུ་ཀ་ཤི་མུར་གྱི་འཕགས་བོད་འབྲེལ་མཐུད་ཚོགས་པ་དབུ་བརྙེས་པའི་མཛད་སྒོ་དེའི་སྟེང་རྒྱ་གར་རྒྱལ་ཡོངས་ཀྱི་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་དང་འབྲེལ་ཡོད་མགོ་འཁྲིད་མང་པོ་ཞིག་མཉམ་ཞུགས་གནང་ཡོད་ཅིང་། ལྷག་པར་དུ་མཛད་སྒོ་དེ་ནི། ཟླ་འདིའི་ཕྱི་ཚེས་ ༢ དང་ ༣ བཅས་ཉིན་གཉིས་རིང་འཚོགས་པའི་འཕགས་བོད་འབྲེལ་མཐུད་ཚོགས་པའི་རྒྱལ་ཡོངས་མགོ་འཁྲིད་ལྷན་ཚོགས་ཀྱི་རྗེས་ནས་བྱུང་ཞིང་། ལྷན་ཚོགས་དེའི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉེར་གཅིག་པའི་ནང་གི་ཧི་མ་ལ་ཡའི་རི་རྒྱུད། རྒྱ་གར་གྱི་བདེ་འཇགས་དང་གདོང་ལེན། མ་འོངས་པའི་མཐོང་ངོས་གཞན་ཞེས་པ་ཡིན་པ་རེད།
རྒྱལ་ཡོངས་མགོ་འཁྲིད་ཀྱི་ལྷན་ཚོགས་དེ་འཕགས་བོད་འབྲེལ་མཐུད་ཚོགས་པའི་གཙོ་འཛིན་ཨིན་ཌི་རེ་ཤི་ཀཀོ་མར་མཆོག་གི་ལམ་སྟོན་འོག་འཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་གདན་ཞུ་གནང་ཡོད་འདུག་ལ། ཁོང་གིས་ས་ཁུལ་བདེ་འཇགས་དང་རིག་གཞུང་གི་ཐོག་ནས་འཕགས་བོད་གཉིས་ཀྱི་འབྲེལ་ལམ་གལ་ཆེན་ཡིན་པའི་གསུང་བཤད་གནང་ཡོད་པའི་ཁྲོད། ཧི་མ་ལ་ཡའི་ས་ཁུལ་དུ་དར་བཞིན་པའི་རྒྱ་སྐྱེད་རིང་ལུགས་དང་བརྟན་ལྷིང་མེད་པར་བཟོ་བའི་རྐྱེན་ངན་ལ་ང་ཚོས་ངེས་པར་དུ་གཟབ་ནན་བྱ་དགོས། དེ་ལྟ་བུའི་ཇུས་ངན་ལ་ཕན་ནུས་ལྡན་པའི་སྒོ་ནས་གདོང་ལེན་བྱ་རྒྱུར་རྒྱལ་ཡོངས་ཀྱི་མཐུན་སྒྲིལ་དང་གོ་རྟོགས་དགོས་ངེས་ཡིན། ཞེས་བརྗོད་འདུག
གཞན་ཡང་། ཉིན་གཉིས་རིང་གི་ལྷན་ཚོགས་དེའི་སྟེང་དུ་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་མི་དང་། ཤེས་ཡོན་པ་དང་ཉམས་ཞིབ་པ། ཡུལ་མི་བཅས་ཞུགས་ཏེ་རྒྱ་གར་གྱི་བདེ་འཇགས་དང་། ཁོར་ཡུག་གི་གནད་དོན། སྲིད་བྱུས་བཟོ་བཅོས་བཅས་གལ་གནད་ཆེ་བའི་བརྗོད་གཞི་འདྲ་མིན་ཐོག་དོན་གྲོས་བསྡུར་བྱས་ཡོད་འདུག
སྤྱིར་འཕགས་བོད་མཛའ་འབྲེལ་ཚོགས་པ་ནི་ཕྱི་ལོ་ ༡༩༩༩ ཟླ་ ༥ ཚེས་ ༥ ཉིན་ཧིན་དྷི་(RSS) ཚོགས་པས་རྒྱ་གར་གྱི་ཧི་མཱ་ཅལ་མངའ་སྡེའི་དྷ་རམ་ས་ལར་གསར་འཛུགས་བྱས་ཤིང་། སྐབས་དེར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་འབྱེད་མཛད་སྒོར་༸ཞབས་སོར་འཁོད་མྱོང་ལ། ཚོགས་པ་དེ་ནི་ད་ལྟའི་རྒྱ་གར་གཞུང་འཛིན་ཚོགས་པ་ (BJP) དང་འབྲེལ་ལམ་ཧ་ཅང་ལེགས་པོ་ཡོད་པའི་ཚོགས་པ་ཞིག་ཡིན་སྟབས། རྒྱ་གར་རྒྱལ་ཡོངས་སུ་ཚོགས་མི་འབུམ་ཕྲག་མང་པོ་ཡོད་པ་དང་། ཚོགས་པ་དེ་ཐོག་མར་སྐུ་ཞབས་ (Indresh) མཆོག་གིས་དབུས་པའི་ཧི་མའ་ཅལ་མངའ་སྡེའི་གནད་ཡོད་མི་སྣ་ཁག་གཅིག་དང་། བོད་མི་བཅས་མཉམ་ཞུགས་ཀྱིས་བཙུགས་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།





