ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ངོས་ནས་མུ་མཐུད་དུ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་རྒྱ་གཞུང་གིས་བསྐོ་གཞག་བྱས་པའི་ཆོས་ལུགས་ཀྱི་མགོ་འཁྲིད་ལ་ངོས་འཛིན་གནང་ཐབས་མེད་པའི་རྒྱུ་མཚན་རྒྱབ་ལྗོངས་བཅས་འགྲེལ་བཤད་གནང་རྒྱུ་ཡིན་འདུག

དེ་རིང་ཕྱི་ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༩ ཉིན་སྦར་སིལ་གྱི་སེན་ཊི་ཇེ་ལེ་སི་ (Saint Gilles) ཚོགས་ཁང་དུ་ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས་ཡོད་ཅིང་། སྐབས་དེར་ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་སི་ཊི་ཧྥ་ནོ་ (Stefano Bettera) ལགས་དང་། ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཞོན། སྦེལ་ཇམ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཀར་ལོ་ (Carlo Luyckx) ལགས། སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས། དེ་བཞིན་ཡུ་རོབ་ཀྱི་ནང་པའི་རྒྱལ་ཁབ་ཁག་ ༡༣ ལྷག་ནས་སྐུ་ཚབ་གཉིས་རེ་མཉམ་ཞུགས་གནང་ཡོད་འདུག
དེ་རིང་འདི་གའི་གསར་འགོད་པས་སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་སུ་ཚོགས་འདུ་དེའི་གལ་གནད་སྐོར་དྲིས་པར་ཁོང་མོས། ད་ལན་གྱི་ཚོགས་འདུའི་བརྗོད་གཞིའི་ནང་ཡུ་རོབ་ནང་དུ་བཞུགས་མཁན་གྱི་ནང་པའི་ཆོས་དད་རང་དབང་སྐོར་གླེང་སློང་གནང་ཡོད་པ་དང་། ངས་ཚོགས་འདུའི་སྟེང་བོད་ནང་གི་ཆོས་དད་རང་དབང་མེད་པའི་གནས་སྟངས་དང་། ཉེ་ཆར་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་སྐོར། དེ་བཞིན་འདས་པའི་ལོ་མང་པོའི་རིང་རྒྱ་ནག་གཞུང་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༸སྐུའི་ཡང་སྲིད་གནད་དོན་ཐད་ཐེ་ཇུས་བྱས་དང་བྱེད་མུས་ཡིན་པ་དང་། དུས་ཚོད་དེ་འདྲའི་སྐབས་སུ་འཛམ་གླིང་དུ་ཡོད་པའི་ནང་པ་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་ལ་རྒྱབ་སྐྱོར་གནང་དགོས་པ་གལ་ཆེན་པོ་ཡིན་པ་སོགས་འགྲེལ་བརྗོད་བྱས་པ་ཡིན། ཞེས་གསུངས་བྱུང་།
ཕྱི་ལོ་ ༢༠༢༦ ལོའི་ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུའི་ཐོག་ཡུ་རོབ་ནང་དུ་ཆོས་དད་རང་དབང་། ཆོས་ཕྱོགས་ཀྱི་ལམ་སྲོལ་སྲུང་སྐྱོབ་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་འདུག་ལ། སེན་ཟི་ཇེ་ལེ་སི་གྲོང་སྡེ་སྤྱི་ཁྱབ་པ་ཇོན་ (Jean Spinette) ལགས། ཡུ་རོབ་གྲོས་ཚོགས་ཀྱི༨་དོན་ཚན་ ༡༧ པའི་འབྲེལ་མཐུད་པ་ནི་ཀོ་ལ་ (Nicola Censini) ལགས་ཀྱིས་གསུང་བཤད་གནང་བའི་ཐོག ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་ཨེན་ཊོ་ནེ་ལ་ (Antonella Sberna) མཆོག་གིས་བརྙན་ལམ་ནས་འཚམས་འདྲིའི་གསུང་བཤད་གནང་སྐབས། ཡུ་རོབ་ནང་པའི་མཐུན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བར་འཚམས་འདྲི་དང་། མཐུན་ཚོགས་ཀྱིས་ཡུ་རོབ་ནང་གི་ཆོས་ལུགས་ཐོག་ཡུན་རིང་ཞབས་འདེགས་སྒྲུབ་པར་ཡི་རངས་བསྔགས་བརྗོད་དང་། གྲོས་ཚོགས་ཀྱི་ངོས་ནས་ཆོས་ལུགས་དང་ཆོས་ལུགས་མ་ཡིན་པའི་ཚོགས་པ་ཁག་དང་ལྷན་དུ་ཕྱི་གསལ་ནང་གསལ་གྱི་གྲོས་མོལ་གནང་རྒྱུའི་བསྐྱར་ནན་གནང་འདུག
ཐེངས་འདིའི་ཚོགས་འདུའི་ཐོག་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། བོད་པའི་ནང་པ་རྣམས་ལ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་གནང་ཞིང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་གནད་དོན་ཐོག་སྟངས་འཛིན་ཤུགས་ཆེ་རུ་གཏོང་མུས་ཡིན་སྐོར་དང་། ཉེ་ཆར་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་སྐོར་འགྲེལ་བརྗོད་གནང་བ་མ་ཟད། ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་སྐྱོན་བརྗོད་ཀྱིས་གྲོས་ཆོད་གཏན་འབེབས་གནང་བའི་ནང་། ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་སྒྲུག་ནི་ཆོས་ལུགས་ཀྱི་གནད་དོན་ཁོ་ན་ཡིན་པས་རྒྱལ་ཁབ་ཀྱི་བཙན་སྐུལ་བྱེད་ཆོག་གི་མེད་ཅེས་གསལ་ཡོད་པ་བསྐྱར་ནན་གནང་ཡོད་འདུག
ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ངོས་ནས་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་གིས་བསྐོ་གཞག་བྱས་པའི་ཆོས་ལུགས་ཀྱི་དབུ་ཁྲིད་ལ་ངོས་འཛིན་གནང་མི་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་དང་། བོད་རྒྱ་གཉིས་ཀྱི་རྩོད་རྙོག་སེལ་སླད་བོད་རྒྱའི་གྲོས་མོལ་བསྐྱར་གསོ་དགོས་པའི་ཐོག་རྒྱབ་སྐྱོར་གནངས་དང་གནང་མུས་ཡིན་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།




