དགའ་ལྡན་ཕོ་བྲང་གི་དྲུང་ཆེ་དང་༸སྐུའི་ཚ་བོ་བསྟན་འཛིན་སྟག་ལྷ་ལགས་ཀྱིས་འདས་པའི་ལོ་ངོ་ ༣༠ ལྷག་གི་རིང་སངས་རྒྱས་ཀྱི་བསྟན་པ་དང་བོད་དང་ཧི་མ་ལ་ཡའི་སྤྱི་ཚོགས་ལ་ལེགས་སྐྱེས་ཕུལ་བའི་ངོས་འཛིན་དུ་ཁྲིག་རྩེ་གཟེངས་རྟགས་ཕུལ་འདུག

དེ་རིང་ཕྱི་ཚེས་ ༢༠ ཉིན་ལ་དྭགས་ཁྲིག་རྩེ་དགོན་པར་སྐྱབས་རྗེ་ཁྲིག་རྩེ་རིན་པོ་ཆེ་སྐུ་ཕྲེང་དགུ་པ་མཆོག་དགུང་གྲངས་ ༨༤ ལ་ཕེབས་པའི་འཁྲུངས་སྐར་དང་བསྟུན། སྐུ་སྒེར་དྲུང་ཆེ་དང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཚ་བོ་བསྟན་འཛིན་སྟག་ལྷ་ལགས་སུ་དམིགས་བསལ་གྱི་བསྔགས་བརྗོད་ཕྱག་འཁྱེར་དང་ཁྲིག་རྩེ་གཟེངས་རྟགས་བསྩལ་འདུག་ཅིང་། གཟེངས་རྟགས་དེ་ནི་བསྟན་འཛིན་སྟག་ལྷ་ལགས་ཀྱིས་འདས་པའི་ལོ་ངོ་ ༣༠ ལྷག་གི་རིང་སངས་རྒྱས་ཀྱི་བསྟན་པ་དང་། བོད་མིའི་སྤྱི་ཚོགས། ཧི་མ་ལ་ཡའི་ཁུལ་བཅས་ལ་ལེགས་སྐྱེས་ཕུལ་བར་ངོས་འཛིན་མཚོན་སླད་དུ་ཕུལ་བ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༡༦ ལོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཟེངས་རྟགས་དེ་ཐོག་མར་འབུལ་ལམ་ཞུས་ཡོད་ལ། བསྟན་འཛིན་སྟག་ལྷ་ལགས་ནི་ཆེ་བསྟོད་གཟེངས་རྟགས་དེ་བཞེས་མཁན་གཉིས་པ་ཡིན་པ་རེད།
སྐབས་དེར་སྐྱབས་རྗེ་ཁྲིག་རྩེ་རིན་པོ་ཆེ་མཆོག་གིས། ང་ཚོ་ཚང་མས་རང་གི་རྩ་བའི་བླ་མར་ཞབས་རྗེས་ཞུ་མཁན་གྱི་མི་ཚང་མར་ཐུགས་རྗེ་བཀའ་དྲིན་ཞུ་དགོས་ཀྱི་ཡོད་ཅེས་དང་། ཁོང་ནི་བློ་གཟུ་བོར་གནས་པ་དང་བློ་གྲོས་རྣོན་པོ། དཔྱོད་ཤེས་ལྡན་པ་ཞིག་ཡིན་པ་མ་ཟད། ཁོང་ནི་ཞི་འཇམ་དང་རང་ཉིད་ཀྱི་འཇོན་ཐང་དང་བྱས་རྗེས་བསྒྲགས་པར་མི་དགའ་མཁན་ཞིག་ཡིན་སྐོར་གསུངས་འདུག་ལ། བསྟན་འཛིན་སྟག་ལྷའི་སྐུ་ཟླ་ཚེ་རིང་ལྷ་མོ་ལགས་ནས་གཟེངས་རྟགས་དེ་བཞེས་ཡོད་འདུག
ད་ལྟ་དགུང་ལོ་ ༦༡ ཡིན་པའི་སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་ནི་ཕྱི་ལོ་ ༡༩༦༥ ལོར་རྒྱ་གར་གྱི་གྲོང་ཁྱེར་ཀལ་ཀ་ཊར་ཡབ་༸སྐུའི་གཅེན་པོ་བློ་བཟང་བསམ་གཏན་ལགས་དང་ཡུམ་རྣམ་རྒྱལ་ལྷ་མོ་སྟག་ལྷ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་སུད་སི་དང་ཨ་རིའི་ནང་སྔོན་འགྲོའི་སློབ་སྦྱོང་གནང་ཞིང་། ཕྱི་ལོ་ ༡༩༧༨ ལོར་རྒྱ་གར་དུ་ཕེབས་ཏེ་བོད་ཁྱིམ་སློབ་གྲྭར་བོད་ཀྱི་སྐད་ཡིག་གཙོས་སློབ་ཚན་ཁག་ལ་སྦྱངས་འབྲས་གཡུར་དུ་ཟ་བ་ཐོབ། ཕྱི་ལོ་ ༡༩༨༨ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཨེསི་ཊི་སི་ཊི་ཧྥིན་(St Stephen)མཐོ་སློབ་ནས་སློབ་མཐར་ཕྱིན་རྗེས། ཨ་རིའི་ཇོར་ཇི་ཊོན་ (Georgetown) གཙུག་ལག་སློབ་ཆེན་དུ་ཕྱི་འབྲེལ་ཞབས་ཞུའི་ཆེད་སྦྱོང་གནང་། སློབ་མཐར་ཕྱིན་རྗེས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་༸གོང་ས་མཆོག་གི་ལས་ཁུངས་དང་འབྲེལ་བའི་ལས་དོན་སླད་ཕྱིར་ཕེབས་འདུག
ཕྱི་ལོ་ ༡༩༩༠ ལོར་ཁོང་གིས་ཨ་རིའི་ས་ཁུལ་ཁག་བཅུ་དྲུག་ཏུ་བོད་མི་སྐྱབས་བཅོལ་བ་ཆིག་སྟོང་གནས་སྤོ་བྱེད་པར་འབྲེལ་མཐུད་གནང་ཞིང་། ཕྱི་ལོ་ ༡༩༩༣ ལོར་བོད་དུ་ཕེབས་ནས་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལ་སོགས་སུ་གནས་མཇལ་ཞུས། ཕྱི་ལོ་ ༡༩༩༦ ལོར་ཁོང་དངོས་སུ་སྐུ་སྒེར་ཡིག་ཚང་དུ་ཞུགས་ཏེ་བདེ་སྲུང་གི་འགན་བཞེས། རིམ་བཞིན་༸གོང་ས་མཆོག་གི་རྒྱལ་ཁབ་ཕྱི་ནང་གི་ཆིབས་བསྒྱུར་དང་མཇལ་འཕྲད། ༸སྐུའི་འཕྲོད་བཞེས། རྒྱལ་སྤྱིའི་སྲིད་གཞུང་ཁག་དང་ཚོགས་སྡེ་ཁག་བར་གྱི་འབྲེལ་འདྲིས་སོགས་ཀྱི་ཐོག་ཆེད་ལས་པའི་ཐུགས་འགན་བཞེས་ཏེ། ད་ཆ་ལོ་ངོ་ཧྲིལ་པོ་ ༣༡ འཁོར་གྱི་འདུག་ལ། ཕྱི་ལོ་ ༢༠༡༤ ལོར་ཁོང་དགའ་ལྡན་ཕོ་བྲང་གི་དྲུང་ཆེར་བསྐོ་གཞག་གིས་ད་ལྟའང་གནང་མུས་ཡིན།
གསར་འགོད་པ། སྐལ་བཟང་སྦྱིན་པ།



