མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

བོད་ཀྱི་དུས་བབ།
༢༠༢༦/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་པར་བླ་ན་མེད་པའི་རྨང་གཞི་དང་གོ་སྐབས་སྐྲུན་མཁན་ཡིན་ཞེས་གསུངས་སོང་།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།

ཟླ་འདིའི་ཕྱི་ཚེས་ ༢༠ དང་ ༢༡ ཉིན་གྲངས་གཉིས་རིང་༧གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་དུ། ཏཱ་ལའི་བླ་མའི་དགེ་རྩ་དང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་གཉིས་ཀྱི་གོ་སྒྲིག་འོག བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་འཚོགས་ཏེ། དེ་རིང་མཇུག་བསྡོམས་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕེབས་ཏེ། གྲངས་འཛིན་དཔེ་མཛོད་ཐོག་ནས་བོད་ཀྱི་མཁས་པས་བརྩམས་པའི་དཔེ་ཆ་ཡོངས་རྫོགས་བདག་ཉར་བྱ་དགོས་པའི་གལ་གནད་སྐོར་གསུངས་སོང་ལ། ཐེངས་འདིའི་ཚོགས་ཆེན་ཐོག་དྷ་ས་ཁུལ་གྱི་ཤེས་ཡོན་ལྟེ་གནས་ཁང་ཁག་ཉི་ཤུའི་སྐུ་ཚབ་དང་། ཐེངས་འདིའི་ཚོགས་ཆེན་གྱི་གཙོ་སྐྱོང་གནང་མཁན་དང་གཏམ་བཤད་པ་ ༢༤ ། དེ་བཞིན་བཙུན་དགོན་ཁག་ནས་བཙུན་མ་གྲངས་ ༨༦ མཉམ་ཞུགས་གནང་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། མདོ་སྔགས་ཟུང་འབྲེལ་དང་ལུང་རྟོགས་ཀྱི་བསྟན་པ་ཡོངས་རྫོགས་བོད་ཀྱི་སྐད་ཡིག་ནང་དུ་མ་གཏོགས་མེད་ཀྱང་། སྐད་ཡིག་བཀོལ་སྤྱོད་བྱེད་མཁན་གྱི་མི་གྲངས་ཉུང་ཉུང་ཞིག་ལས་མེད་ཚེ་སྐད་ཡིག་ལ་ཉེན་ཁ་ཡོང་གི་ཡོད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རྣམས་བོད་ཀྱི་དགོན་སྡེ་ནང་དུ་ཞུགས་ཏེ་བོད་ཡིག་ཐོག་སློབ་གཉེར་བྱེད་བཞིན་ཡོད་དུས། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། ཐར་བ་འདོད་མཁན་མི་ཚང་མར་ནང་ཆོས་ཀྱིས་ཕན་ཐོགས་དགོས་པ་མ་གཏོགས། བོད་དང་ཧི་མ་ལ་ཡ་གཉིས་བདག་གི་ཡོད་པ་དེ་འདྲ་མ་རེད། དེའི་དངོས་ཡོད་གནས་སྟངས་ཐོག་ནས་དགོན་པའི་ནང་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད། དགོན་སྡེ་ཆེན་པོ་ཁག་ཏུ་ནང་ཧི་མ་ལ་ཡའི་མི་རྣམས་ཀྱིས་འགན་འཁུར་བའི་དུས་ཤིག་ཤར་ཡོང་གི་འདུག ཅེས་དང་། ཆོས་རིག་ལས་ཁུངས་ཀྱི་ལས་གཞིའི་རྒྱ་ཆེ་ཤོས་དེ་གྲངས་འཛིན་དཔེ་མཛོད་རེད། མ་འོངས་བར་ལས་གཞི་འདི་ཚུགས་ཚད་བྱུང་ཚེ་དཔེ་ཆ་འཚོལ་བ་དཀའ་ངལ་འབྱུང་གི་མ་རེད། ད་དུང་དེའི་ཐོག་ཏུ་མིས་བཟོས་རིག་ནུས་བེད་སྤྱོད་གཏོང་ཐུབ་ཚེ། བསྐལ་བ་མ་སྟོང་བར་དུ་བོད་ཀྱི་མཁས་པ་རྣམས་ཀྱིས་བརྩམས་པའིི་དཔེ་ཆ་ཡོངས་རྫོགས་བདག་ཉར་བྱ་ཐུབ་པའི་གནས་བབ་ཞིག་ཡོང་གི་རེད། ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། བོད་ཀྱི་དགོན་སྡེ་ཁག་ཏུ་ལོ་རྟག་པར་དགེ་བཤེས་དང་མཁན་པོ་མང་པོ་བསླབ་པ་མཐར་སོན་གྱི་ཡོད་ཅིང་། དགོན་པར་བཞུགས་ནས་བསྡད་ཚེ་སྤྱི་ཚོགས་ནང་ཕན་ཐོགས་ཀྱི་ཡོད་མེད་ཤེས་ཀྱི་མི་འདུག ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རྣམས་ཀྱིས་བསླབ་པ་མཐར་ཕྱིན་རྗེས། སོ་སོའི་ཁོངས་ཀྱི་མི་རྣམས་ལ་ཕན་ཐོགས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ནང་ཆོས་ཀྱི་ཁྱད་ཆོས་ནི་འགྲོ་བའི་དོན་བསྒྲུབ་པར་མི་མང་གི་བསམ་བློའི་དཀའ་ངལ་སེལ་རྒྱུ་དེ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་དང་མི་སྣ་མང་པོ་ཞིག་གི་དཀའ་ལས་བརྒྱབ་པར་བརྟེན་ནས་བཙུན་མོའི་སྡེ་ཡར་རྒྱས་ཡོང་བཞིན་ཡོད། བོད་ཀྱི་བུད་མེད་སུ་ཡིན་ཡང་གཞུང་ཆེན་པོ་ལྟ་བའི་གོ་སྐབས་ཡོད་པ་ཡག་པོ་རེད། དེ་བཞིན་ཚོགས་འདུའི་ཁྲོད་ཕན་ཚུན་ལ་ཕན་ཐོགས་བྱུང་ཡོད་པའི་མི་གཞན་ལའང་བཤད་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་མཇུག་བསྡོམས་ཀྱི་མཛད་སྒོའི་ཐོག་གསུང་བཤད་གནང་། ༢༠༢༦།༥།༢༡ ཐད་གཏོང་གི་པར།

ཐེངས་འདིའི་ཚོགས་ཆེན་སྐོར་ལ་ཏཱ་ལའི་བླ་མའི་དགེ་རྩ་ཁང་གི་དྲུང་ཆེ་འཇམ་དཔལ་ལྷུན་གྲུབ་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཛམ་གླིང་སྟེང་བུད་མེད་རྣམས་ཀྱི་བྱམས་བརྩེ་ཤུགས་ཆེ་བ་དང་། བྱམས་བརྩེ་ནུས་སྟོབས་ཀྱིས་ཞི་བདེ་ཡོང་ཐུབ་པའི་སྐོར་ཡང་ཡང་བཀའ་སློབ་བསྩལ་ཡོད་ལ། བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་པ་གོང་སྤེལ་གཏོང་རྒྱུའི་ཐད་སྔོན་མ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཙུན་མ་དང་བུད་མེད་ཀྱི་ཐོབ་ཐང་འདྲ་མཉམ་ཡོད་དགོས་སྐོར་བཀའ་སློབ་གང་མང་ཕེབས་ཡོད། གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་ཆེད་ཐུགས་འཁུར་ཆེར་བཞེས་ཡོད། ཕྱི་ལོ་ ༢༠༡༦ ལོར་༧གོང་ས་མཆོག་ནས་ཆེས་ཐོག་མར་དགེ་བཤེས་མའི་ལག་འཁྱེར་གནང་བ་དང་། ད་ལྟའི་ཆར་དགེ་བཤེས་མའི་བསླབ་པ་མཐར་སོན་པའི་གྲངས་ ༡༢༠ ལྷག་ཡོད་ལ། བོད་ཀྱི་བཙུན་མ་རྣམས་ལ་ཆེ་མཐོང་དང་བརྩི་བཀུར་གནང་བཞིན་པ་ཡང་༧གོང་ས་མཆོག་གི་བླ་མེད་ཀྱི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན། ཞེས་འགྲེལ་བརྗོད་གནང་སོང་།

ཀུན་བདེ་གླིང་རྟ་ཚག་རིན་པོ་ཆེ་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་དབུ་འབྱེད་ཐོག་གསུང་བཤད་གནང་། ༢༠༢༦།༥།༢༠ ཐད་གཏོང་གི་པར།

ཁ་སང་དབུ་འབྱེད་མཛད་སྒོའི་ཐོག་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཛམ་གླིང་ཐོག་བུད་མེད་རྣམས་ཀྱི་ནུས་པ་གོང་སྤེལ་གཏོང་ཐུབ་པ་ལ་བརྟེན་ནས། འཛམ་གླིང་ནང་འཆམ་མཐུན་དང་འཚེ་བ་ཉུང་དུ་འགྲོ་ཐུབ་པའི་བཀའ་སློབ་མང་པོ་གནང་ཡོད་ལ། དེ་བཞིན་འཛམ་གླིང་ནང་བུད་མེད་ཀྱི་དབུ་ཁྲིད་མང་པོ་བྱུང་ཚེ་དམག་འཁྲུག་ཉུང་དུ་འགྲོ་སྲིད་པའི་སྐོར་གསུངས་ཡོད། འཛམ་གླིང་ནང་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་ཐུབ་པར་རང་ངོ་རང་ཤེས་ཀྱི་ཐོག་ནས་སོ་སོའི་རྐང་པའི་ཐོག་ལངས་ཐུབ་ཡོད་པ་མ་ཟད། འཛམ་གླིང་སྤྱིའི་ཆེད་དུ་ནུས་པ་དང་ཞབས་འདེགས་སྒྲུབ་མཁན་མང་པོ་བྱུང་དང་འབྱུང་མུས་ཡིན།ཅེས་དང་།བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་པར་བླ་མ་མེད་པའི་རྨང་གཞི་དང་གོ་སྐབས་སྐྲུན་མཁན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཆགས་ཡོད།༧མགོན་པོ་གང་ཉིད་མཆོག་ནས་མ་འོངས་སྔོན་གཟིགས་དང་དགོངས་གཞི་རྒྱ་ཆེན་པོའི་ཐོག་ནས་རྒྱ་བལ་འབྲུག་གསུམ་གྱི་བཙུན་དགོན་ཁག་ཏུ་འདོན་ཆོས་སྤྱོད་ཙམ་མིན་པར་གཞུང་ཆེན་མོར་སློབ་གཉེར་གནང་མགོ་བཙུགས་ཡོད་པ་མ་ཟད། རིས་སུ་མ་མཆིས་པའི་བཙུན་མའི་ཁྲོད་གཞུང་ཆེན་མོར་སློབ་གཉེར་གནང་སྟེ་དགེ་བཤེས་མའི་བསླབ་པ་མཐར་སོན་པའི་དུས་ཚོད་བཟང་པོ་ཞིག་བྱུང་ཡོད། དེ་ཡང་དགེ་བཤེས་མའི་ལག་འཁྱེར་རག་པ་ཙམ་མིན་པར་གཙོ་བོར་བསྟན་པ་དང་འགྲོ་བར་ཕན་པའི་ཆེད་དུ་བེད་སྤྱོད་གཏོང་དགོས། བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་པར་སྐབས་སུ་བབས་པའི་དམིགས་བསལ་གྱི་ནུས་པ་ཡོད་མཁན་བཙུན་མ་རྣམས་ཆགས་ཡོད། དགེ་བཤེས་མ་དང་བཙུན་མ་རྣམས་ཀྱིས་དཔེ་ཆ་ལ་བལྟས་པ་དེ་ཐར་བ་དང་ཐམས་ཅད་མཁྱེན་པར་སྦྱར་ཐུབ་རྒྱུ་དང་། དེ་བཞིན་སྤྱི་ཚོགས་ལ་ཕན་པ་བསྒྲུབ་པ་དང་སངས་རྒྱས་ཀྱི་བསྟན་པར་ཞབས་འདེགས་བསྒྲུབ་ཐུབ་རྒྱུ་དེ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

དེ་རིང་ཚོགས་ཆེན་གྱི་ཉིན་གཉིས་པའི་ཐོག་སྐུའི་གསུང་སྒྱུར་བ་ཐུབ་བསྟན་སྦྱིན་པ་ལགས་ཀྱིས དེང་རབས་ཀྱི་ཁྱད་ཆོས་གཙོ་བོ་དེ་སྤྱི་ཚོགས་ཤིག་ནང་དུ་ཆོས་ལུགས་ཐ་དད་དང་རིག་གཞུང་ཐ་དད་མང་པོ་མཉམ་རུབ་ཐོག་ནས་བསྡད་ཡོད། དེའི་ཁྲོད་དུ་གཅིག་གིས་སོ་སོའི་ཆོས་བརྒྱུད་དང་ཐོབ་ཐང་ངོས་འཛིན་པ་དང་། གཅིག་གིས་འགྲོ་བ་མི་གཅིག་གྱུར་འདུ་ཤེས་ཁོངས་ཀྱི་ཕོ་མོ་དབྱེ་འབྱེད་སྐོར་བཤད་ཀྱི་ཡོད། ཆོས་ལུགས་ཁག་མང་པོ་དེང་རབས་ཀྱི་སྤྱི་ཚོགས་དང་གཤིབ་ཡོང་དུས། བོད་བརྒྱུད་ནང་བསྟན་དེ་ཆོས་ལུགས་གཞན་དང་བསྡུར་ཚེ་ལོ་རྒྱུས་རང་བཞིན་གྱི་འགོག་རྐྱེན་ཅུང་ཙམ་ཉུང་བའི་གྲས་རེད། འགོག་རྐྱེན་གཅིག་ནི་གསུང་རབས་ནང་ཆོས་ཀྱི་དད་པ་དང་ལྟ་གྲུབ་ཐོག་ནས་ཡོང་བཞིན་ཡོད། དེ་ནི་རྙོག་དྲ་ཚ་བོ་ཡོད་པའི་དབྱེ་འབྱེད་རིགས་ཤིག་རེད། གཞན་ཞིག་ནི་སྤྱི་ཚོགས་ཀྱི་ཡུལ་སྲོལ་དང་གོམས་གཤིས་ཐོག་ནས་ཡོང་གི་ཡོད། ཅེས་དང་། ༧གོང་ས་མཆོག་ནས་འཕགས་བོད་ཀྱི་གྲུབ་ཆེན་སྐྱེས་མ་ཉེར་གཅིག་གི་བསྟོད་པ་ཞིག་མཛད་ཡོད་ཅིང་། དེའི་བོད་བརྒྱུད་ནང་བསྟན་གྱི་ཁོར་ཡུག་ནང་བུད་མེད་སྐྱེས་ཆེན་ལ་དད་པ་བྱེད་པའི་གོམས་གཤིས་བསླེབས་པའི་དགོས་དགོངས་པ་བཞེས་ཡོད། དགེ་བཤེས་མ་ཞེས་པའང་མཁས་པའི་ལམ་ཁར་འགྲོ་བ་གཅིག་པུ་མིན་པར་ཕྱོགས་མང་པོ་ཐོག་འཛིན་དགོས། དཔེ་ཆ་ཡག་པོ་ཡོད་པ་ཙམ་གྱི་དཔེ་ཆ་འཁྲིད་ཐུབ་ཀྱི་མ་རེད། ཁ་ཤས་རྟགས་གསལ་ཡག་པོ་ཡོད་ཀྱང་དཔེ་ཆ་ཡག་པོ་འཁྲིད་ཐུབ་ཀྱི་མེད། དེའང་གཙོ་བོ་བློ་ཁོག་གི་ཐོག་ནས་ཡོང་གི་ཡོད། ད་ལྟའི་ཆར་ནུབ་ཕྱོགས་ཁུལ་དུ་བུད་མེད་ཀྱི་ཐོབ་ཐང་དང་རྒྱབ་སྐྱོར་བྱེད་མཁན་མང་པོ་རེད། ང་ཚོའི་ཉམས་མྱོང་ཐོག་ནས་གཏམ་བཤད་གནང་བའི་གོ་སྐབས་བྱུང་སྐབས། སོ་སོའི་སེམས་ཀྱི་འགོག་རྐྱེན་མ་འགྲོ་བ་བྱས་ཏེ་བློ་ཁོག་ཆེན་པོའི་ཐོག་ལས་ཀ་བྱ་རྒྱུ་གལ་ཆེན་པོ་རེད། ད་ལན་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གྱི་ཚོགས་འདུ་ཞིག་འཚོགས་པ་འདི་བསྒྲུབ་པའི་མཆོད་པ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐུགས་མཉེས་པོ་བྱུང་གི་རེད། ང་རང་སྒེར་ལ་མཚོན་ནའང་བུ་མོ་གཉིས་ཀྱི་ཨ་ཕ་ཡིན་པའི་ཆ་བཞག་ནས་ཧ་ཅང་དགའ་བོ་བྱུང་། ཞེས་གསུངས་སོང་།

སྐུའི་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་གསུང་བཤད་གནང་། ༢༠༢༦།༥།༢༡ ཐད་གཏོང་གི་པར།

དེ་བཞིན་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས། ཕྱི་ལོ་ ༢༠༢༤ ལོར་༧གོང་ས་མཆོག་ནས་འཕགས་བོད་གྲུབ་ཆེན་སྐྱེས་མའི་གསོལ་འདེབས་དད་པའི་མཆོད་སྤྲིན་ཞེས་པ་ལྗགས་རྩོམ་གནང་ཡོད་ཅིང་། འཕགས་བོད་ཀྱི་གྲུབ་ཆེན་སྐྱེས་མ་ཉེར་གཅིག་གི་རྣམ་ཐར་བཀོད་ཡོད་པའི་ཁྲོད། བོད་ཀྱི་གྲུབ་ཆེན་བཅུ་གཅིག་བྱུང་ཡོད་པའི་ནང་ཙན་མོ་བྱང་ཆུབ་རྗེ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མ་ཅིག་སྒྲོལ་མ། མ་གཅིག་ཞ་མར། རྗེ་བཙུན་རས་ཆུང་མ། སྣང་ས་འོད་འབུམ། རྗེ་བཙུན་ཆོས་ཀྱི་སྒྲོན་མེ། གུང་རུ་ཡེ་ཤེས་མཁའ་འགྲོ། མི་འགྱུར་དཔལ་གྱི་སྒྲོན་མེ། རྗེ་བཙུན་རྟ་མགྲིན་དབང་མོ། རྗེ་བཙུན་ཆོས་ཉིད་བཟང་མོ་བཅས་ཀྱི་མཛད་འཕྲིན་གསུངས་ཡོད། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དེ་དག་གི་མཛད་པ་འཕྲིན་ལས་ཀྱི་རྗེས་སུ་བཟུང་ནས་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་དེ་ཆོས་སྲིད་གཉིས་ཀྱི་ཐོག་ནས་གནང་ཡོད། ༧མགོན་པོ་གང་ཉིད་མཆོག་ནས་ཆབ་སྲིད་དང་ཤེས་ཡོན་སོགས་ཀྱི་ཐོག་ཕོ་མོ་འདྲ་མཉམ་ཀྱི་གཟིགས་པ་ག་རེ་བསྐྱངས་ཡོད་མེད་ཤེས་དགོས་པ་ཞིག་རེད། ཅེས་གསུང་བཤད་གནང་སོང་།

རྣམ་གྲྭ་ལེགས་བཤད་ཕན་བདེ་གླིང་གི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་གསུང་བཤད་གནང་། ༢༠༢༦།༥།༢༡ ཐད་གཏོང་གི་པར།

ཕྱི་ལོ་ ༡༩༩༥ ལོ་ནས་༧གོང་ས་མཆོག་གིས་དགེ་བཤེས་མའི་ཡིག་རྒྱུགས་གཏོང་གལ་ཆེ་བའི་བཀའ་སློབ་ཕེབས་པ་བཞིན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༨ ནས་ ༡༩ བར་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་བཙུན་དགོན་དྲུག་དང་། དྷ་ས་རིགས་ལམ་སློབ་གཉེར་ཁང་། བོད་ཀྱི་བཙུན་མའི་ལས་འཆར་བཅས་ཀྱི་སྐུ་ཚབ་ལྷན་འཛོམས་ཐོག་༼ བོད་ཀྱི་བཙུན་དགོན་དང་སློབ་གཉེར་ཁང་གི་གཞུང་ཆེན་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་རྒྱུགས་སྤྲོད་དང་ལག་འཁྱེར་འབུལ་ཕྱོགས་ཀྱི་སྒྲིག་གཞི་༽   གཏན་འབེབས་གནང་བ་གཞིར་བཟུང་། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༧ ནས་ ༨ བར་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་བསྡུ་བསྐོང་གིས་རྒྱུགས་སྤྲོད་གོ་སྒྲིག་ཚོགས་ཆུང་ཆེད་འཛུགས་གནང་། དེ་ནས་བཟུང་ལོ་འཆར་ཅན་དུ་སེར་འབྲས་དགའ་གསུམ་གྱི་དགེ་བཤེས་ལྷ་རམས་པ་ཁག་ཅིག་གིས་རྒྱུགས་སྤྲོད་ཀྱི་མཐུན་འགྱུར་དང་འབྲེལ། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༠ ནས་ཟླ་ ༦ ཚེས་ ༣ བར་དྷ་ས་བཙུན་དགོན་འཇམ་དབྱངས་ཆོས་གླིང་དུ་སྐབས་དང་པོའི་རྒྱུགས་སྤྲོད་དབུ་ཚུགས་པ་ནས་ཕྱི་ལོ་ ༢༠༢༤ བར་དགེ་བཤེས་མ་ཁྱོན་ ༦༠ ཐོན་ཡོད་ཅིང་། ཕྱི་ལོ་ ༢༠༡༩ ལོར་༧དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཆེས་ཐོག་མར་སྔགས་རམས་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་མཛད་སྒོ་འཚོགས་ཏེ་སྔགས་རམས་དགེ་བཤེས་མ་ཁྱོན་ ༤༨ བྱུང་བཅས་ད་ལྟ་བར་དུ་དགེ་བཤེས་མ་ཁྱོན་ ༡༢༠ ལྷག་ཐོན་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༥ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༥/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese