རྒྱ་ནག་དམར་གཞུང་གིས་བོད་ལ་བཙན་དབང་གིས་ཆིངས་ཡིག་དོན་ཚན་བཅུ་བདུན་འཇོག་ཏུ་བཅུག་པའི་སྔ་རྗེས་ཀྱི་བོད་རྒྱ་བར་གྱི་ལོ་རྒྱུས་དངོས་ལ་དཔྱད་ཞིབ་བྱས་པའི་དཔེ་དེབ་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག གྲོས་མཐུན་དོན་ཚན་བཅུ་བདུན་གྱི་སྔ་ཕྱི་བྱུང་རིམ་ལ་དཔྱད་པ་ཞེས་པ་ཞིག་དབུ་འབྱེད་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བོད་ཀྱི་རྩོམ་པ་པོ་དང་ལོ་ཙཱ་བ་ཆུང་ཚེ་རིང་ལགས་དང་། ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག གྲོས་མཐུན་དོན་ཚན་བཅུ་བདུན་གྱི་སྔ་ཕྱི་བྱུང་རིམ་ལ་དཔྱད་པ་ཞེས་པའི་དཔེ་དེབ་ཅིག་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་འགྲེམས་སྤེལ་གནང་སོང་ལ། དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་དེབ་ཀྱི་རྩོམ་པ་པོ་བསོད་ནམས་རྡོ་རྗེ་ལགས་ཀྱིས། སང་ཉིན་དོན་ཚན་བཅུ་བདུན་བཞག་ནས་ལོ་ངོ་ ༧༥ འཁོར་གྱི་ཡོད་པ་རེད། དེབ་འདི་དེ་སྔ་ཆིངས་ཡིག་དོན་ཚན་ ༡༧ བཞག་ནས་ལོ་ ༥༠ འཁོར་དུས་དྲིལ་བསྒྲགས་ལས་ཁུངས་ཀྱིས་འདོན་སྤེལ་གནང་ཡོད་པ་རེད། སྐབས་དེ་དུས་ཆུང་ལགས་ངེད་གཉིས་དྷ་སར་ཡོད་པ་དང་། དོན་ཚན་བཅུ་བདུན་བཞག་ནས་ལོ་ངོ་ ༥༠ འཁོར་ལ་ཉེ་དུས། རྒྱ་ནག་གིས་མཛད་སྒོ་རྒྱས་པོ་ཞིག་འཚོག་རྒྱུའི་གནས་ཚུལ་དེ་ཟླ་བ་བཞིའི་སྔོན་ལ་གོ་བ་རེད། དེ་དུས་ཆུང་ལགས་ངེད་གཉིས་ཀྱིས་དེའི་སྐོར་བྲིས་ན་བསམས་པ་རེད། བསམ་བློའི་ནང་དུ་ཤོག་གྲངས་ ༢༠ ཙམ་གྱི་དཔྱད་རྩོམ་ཞིག་འབྲི་རྒྱུའི་འཆར་གཞི་བཏིང་བ་དང་། ངེད་གཉིས་ཀྱིས་ཡིག་ཆ་ཁག་བཙལ་བ་དང་། ལས་ཞོར་དུ་ཟླ་བ་གསུམ་ལྷག་གི་རིང་དཀའ་ལས་བརྒྱབ་སྟེ། དོན་ཚན་བཅུ་བདུན་བཞག་ནས་ལོ་ ༥༠ འཁོར་བའི་ཉིན་མོར་དྲིལ་བསྒྲགས་ལས་ཁུངས་ཀྱིས་དེབ་འདི་བཏོན་ཐུབ་པ་རེད། དེབ་འདི་བཏོན་རྗེས་སྤྱི་ཚོགས་ཁྲོད་ཉམས་ཞིབ་བྱེད་མཁན་གྱིས་གདེང་འཇོག་ཆེན་པོ་ཐོབ་པ་རེད། དེ་ནས་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་སྟེ་ལོ་ ༧༥ འཁོར་བའི་ཉིན་མོར་བོད་ཀྱི་དཔེ་མཛོད་ཁང་ནས་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་འདི་དབུ་འབྱེད་གནང་རྒྱུ་དང་། དེ་འབྲེལ་ཡིག་ཆ་ཁག་བསྡུ་རུབ་དང་། དག་བཅོས་གནང་མཁན་མང་པོས་རམ་འདེགས་གནང་བ་བརྒྱུད། ད་ལན་དཔེ་དེབ་འདི་འདོན་སྤེལ་ཐུབ་པ་བྱུང་བ་རེད། ཅེས་འགྲེལ་བརྗོད་གནང་སོང་།
བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དེབ་འདིའི་ལོ་རྒྱུས་རྒྱུ་ཆ་ཁུངས་བཙན་ཡོད་པའི་སྐོར་ལ་རྩོམ་པ་པོ་ཆུང་ཚེ་རིང་ལགས་ཀྱིས། དེབ་འདིའི་ཁྱད་ཆོས་ནི་ཁུངས་གཏུགས་སའི་ཡིག་ཆ་ཡག་པོ་ཡོད་པ་དང་། ཡིག་ཆའི་གཞི་རྟེན་དེ་དབྱིན་སྐད་དང་རྒྱ་སྐད། བོད་སྐད་བཅས་སྐད་ཡིག་གསུམ་གྱི་ནང་ནས་ཡོང་ཐུབ་པ་དང་། ཡིག་ཆ་དེ་དག་དཔྱད་བསྡུར་གྱི་ཐོག་ནས་གོང་བསྒྲིགས་ཡོད། སྐབས་དེ་དང་དུས་དེ་ག་རང་ལ་ལས་ཀའི་ནང་མཉམ་ཞུགས་བྱེད་མཁན་གྱིས་བྲིས་པའི་ (First Hand Information) གནས་ཚུལ་དང་། སྐབས་དེ་དང་དུས་དེ་ག་རང་གི་ཚིག་ཐོ་ཡིག་ཆ་སོགས་ཤུགས་ཆེན་ཡོད། གཞན་ཡང་། རྒྱ་གར་གྱིས་དང་ཐོག་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱས་པ་དང་། རིམ་པས་རྒྱ་གར་གྱིས་བོད་ཀྱི་ཐོག་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་ལྡོག་འགྲོ་སྟངས་དང་། ཆབ་མདོར་དམག་རྒྱག་སྐབས་རྒྱ་མི་དང་བོད་པའི་ཕྱོགས་ནས་དམག་དཔུང་གྲ་སྒྲིག་བྱེད་སྟངས། བཙན་འཛུལ་གྱི་བརྒྱུད་རིམ། ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་རྗེས་བོད་གཞུང་གིས་སེ་ར་དགོན་པ་ལ་སོགས་པར་དོན་ཚན་བཅུ་བདུན་ལག་ལེན་བསྟར་ཕྱོགས་སྐོར་ལ་བཀའ་རྒྱ་གནང་བ་དེ་དག་ཇི་མ་ཇི་བཞིན། ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་ནས་ཉིན་གྲངས་བཞིའི་རྗེས་སུ་རྒྱ་ནག་ཏུ་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཀྱིས་དོན་ཚན་བཅུ་བདུན་ལ་བལྟས་ནས་དཔྱད་ཞིབ་བྱས་ཏེ་རྒྱ་གར་གཞུང་ལ་སྙན་ཐོ་ཕུལ་བ་ཞིག་གསར་སྣོན་དང་། རྒྱ་ནག་གི་ཕྱོགས་ནས་༧པཎ་ཆེན་རིན་པོ་ཆེ་བེད་སྤྱོད་བཏང་ནས་དོན་ཚན་བཅུ་བདུན་དེ་བོད་པའི་སྤྱི་ཚོགས་ནང་ཁྱབ་བསྒྲགས་བྱེད་སྟངས་སོགས་གསར་སྣོན་བྱས་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

རྩོམ་པ་པོ་ཆུང་ཚེ་རིང་ལགས་ཀྱིས་ལེའུ་ལྔ་ཡིས་གྲུབ་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་འདི་ངོ་སྤྲོད་གནང་བ་ལྟར་ན། ལེའུ་དང་པོའི་ནང་གྲོས་མཐུན་དོན་ཚན་བཅུ་བདུན་མ་བཞག་གོང་དུ་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་དང་། རྒྱ་ནག་གི་ཡིག་ཆའི་ནང་ཐང་རྒྱལ་རབས་སྐབས་ནས་གུང་ཁྲན་ཏང་མ་བསླེབས་བར་དུ་རྒྱ་ནག་དམར་ཤོག་གོ་སྒྲིག་ཚོགས་པ་དང་། རྒྱ་མི་ཚོས་བོད་དེ་རང་བཙན་ཡིན་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གྱི་ཡོད་པ་དང་། བོད་པ་མི་གཅིག་གིས་ཀྱང་རྒྱ་མི་ཡིན་བསམ་པའི་འདུ་ཤེས་ཁྱོན་ནས་མེད་ལ། བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ཞིག་ལ་གཏན་ནས་ངོས་འཛིན་བྱེད་ཀྱི་མེད་པའི་སྐོར་དང་། ལེའུ་གཉིས་པའི་ནང་དོན་ཚན་བཅུ་བདུན་མ་བཞག་པའི་གོང་དུ་རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱེད་སྐབས། བོད་གཞུང་གི་ངོས་ནས་བོད་དང་རྒྱལ་རབས་ལོ་རྒྱུས་ཐོག་ལ་འབྲེལ་བ་ཡོད་པའི་དབྱིན་ཇི་དང་ཨ་རི། རྒྱ་གར། བལ་ཡུལ་སོགས་ལ་སྐུ་ཚབ་བཏང་སྟེ་རོགས་པ་གནང་རོགས་ཞེས་ཕྱོགས་གཅིག་ནས་འབོད་སྐུལ་གནང་ཡོད་པ་མ་ཟད། བོད་པའི་དམག་དཔུང་གྲ་སྒྲིག་དང་མཚོན་ཆ་གསར་པ་ཉོ་སྒྲུབ་གནང་ཡོད་པའི་སྐོར། དེ་བཞིན་རྒྱ་ནག་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་པ་དེ་ལའང་བོད་གཞུང་གིས་རླུང་འཕྲིན་བརྒྱུད་བོད་སྐད་དང་དབྱིན་སྐད། རྒྱ་སྐད་བཅས་སྐད་ཡིག་གསུམ་ཐོག་ལན་འདེབས་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་གནད་དོན་དེའི་ཐད་གྲོས་མོལ་གནང་རྒྱུའི་ཐབས་ཤེས་ཀྱང་གནང་ཡོད་ནའང་། ཕྱི་ལོ་ ༡༩༥༠ ཟླ་ ༡༠ པའི་ནང་རྒྱ་ནག་གིས་ཆབ་མདོ་རུ་བཙན་འཛུལ་དྲག་གནོན་བྱས་པར་བརྟེན། བོད་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་གཏུགས་གནང་བ་སོགས་གང་ཡོང་ཅི་ཡོང་གནང་ཡོད་པའི་སྐོར་གསལ་ཡོད་འདུག ལེའུ་གསུམ་པའི་ནང་ཆིངས་ཡིག་དོན་ཚན་བཅུ་བདུན་འཇོག་སྟངས་སྐོར་དང་འབྲེལ་ནས་རྒྱ་གར་དང་བོད་ཀྱི་ས་ཐོག་ནས་རྒྱ་མི་དང་གྲོས་མོལ་གནང་རྒྱུའི་ཐབས་ཤེས་གནང་ཡང་ལམ་ལྷོངས་མ་བྱུང་བར་རྒྱ་ནག་གིས་ཆབ་མདོ་རུ་བཙན་འཛུལ་བྱས་པ་དང་། པེ་ཅིན་དུ་གྲོས་མོལ་རིམ་པ་གནང་བའི་སྐོར་དང་། ལེའུ་བཞི་པའི་ནང་བཙན་དབང་འོག་ཕྱི་ལོ་ ༡༩༥༡ ལོར་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་པ་དང་། ཕྱི་ལོ་ ༡༩༥༡ ནས་ ༡༩༥༩ བར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། བོད་གཞུང་མང་གཉིས་རྒྱ་གར་ནང་བཙན་བྱོལ་དུ་མ་ཕེབས་བར་གྱི་ལོ་བརྒྱད་ཀྱི་རིང་ལ་ཆིངས་ཡིག་དོན་ཚན་བཅུ་བདུན་གྱི་འོག་ནས་བོད་རྒྱ་བར་འབྲེལ་འདྲིས་བྱུང་བའི་སྐོར་དང་། ཆིངས་ཡིག་དོན་ཚན་བཅུ་བདུན་ཐད་བོད་ལྗོངས་ཚོགས་འདུ་དགྱེས་འཛོམས་བསྡུས་ཏེ་རྒྱ་ནག་གཞུང་ལ་དོགས་འདྲི་བརྡ་ལན་ག་རེ་གནང་བ་དང་། རྒྱ་ནག་གཞུང་གིས་དེར་ལན་འདེབས་གསལ་བཤད་ཇི་བྱུང་སྐོར་སོགས་གསལ་ཡོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།




