ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་བ་ སྐུ་ཞབས་བྷར་ནེ་ཧྥི་རན་ཁུ་ (Barney Frank) ལགས་དགུང་གྲངས་ ༨༦ སྟེང་འདས་གྲོངས་ཕྱིན་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་བོད་མི་མང་སྤྱི་འཐུས། བོད་མི་མི་སྒེར་སོགས་ཀྱིས་གདུང་སེམས་མཉམ་སྐྱེད་ཞུས་དང་ཞུ་བཞིན་འདུག

དེ་འབྲེལ་སྲིད་སྐྱོང་མཆོག་གིས་གནང་བའི་ཐུགས་གསོའི་གསུང་འཕྲིན་ནང་། བཙན་བྱོལ་བོད་མི་རྣམས་ཨ་རིར་གཞིས་སྤོས་ལས་གཞི་ཆེད་རྒྱབ་སྐྱོར་གནང་མཁན་གཙོ་བོ་ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་པ་ སྐུ་ཞབས་བྷར་ནེ་ཧྥི་རན་ཁུ་ལགས་འདས་གྲོངས་སུ་གྱུར་བར་ཐུགས་ཕམ་དང་སྦྲགས། དམ་པ་ཁོང་གིས་དེ་སྔ་ཕྱི་ལོ་ ༡༩༩༠ ལོའི་ཨ་རིར་གཞིས་སྤོས་ཁྲིམས་ཡིག་ཐད་རྒྱབ་སྐྱོར་གནང་བ་དེ་བོད་མི་ཚོས་དུས་རྟག་ཏུ་དྲན་ངེས་ཡིན་པ་དང་། ཁྲིམས་ཡིག་འདིའི་བརྒྱུད་བོད་མི་ཆིག་སྟོང་ཙམ་ཨ་རིའི་ནང་དུ་འཚོ་བ་བསྐྱར་བསྐྲུན་ལ་རོགས་ཕན་བསྒྲུབས་ཡོད། སྐུ་ཞབས་བྷར་ནེ་ཧྥི་རན་ཁུ་ལགས་ཀྱིས་བཀའ་དྲིན་ལ་བརྟེན་ནས་བོད་མི་ཁྱིམ་ཚང་མང་པོ་ཞིག་གིས་རང་གི་བུ་ཕྲུག་ཚོར་སྤུས་ཚད་ལྡན་པའི་ཤེས་ཡོན་སྤྲོད་ཐུབ་པ་བྱུང་ཡོད་པ་མ་ཟད། སྙན་གྲགས་ཅན་གྱི་མཐོ་སློབ་ཁག་ཏུ་བསྐྱོད་ཐུབ་པ་བྱུང་ཡོད། དེ་བཞིན་དམ་པ་ཁོང་གིས་བོད་མི་རྣམས་ལ་འགྱུར་བ་མེད་པའི་རྒྱབ་སྐྱོར་དང་རྒྱུན་མཐུད་མཛའ་འབྲེལ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་བཅངས་པའི་ཆོད་སེམས་བཅས་ལ་བོད་མི་ཚོས་བཀའ་དྲིན་རྗེས་དྲན་དང་གུས་བརྩི་ཆེན་པོའི་སྒོ་ནས་དྲན་གསོ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་བ་སྐུ་ཞབས་བྷར་ནེ་ཧྥི་རན་ཁུ་ལགས་སུ་མྱ་ངན་ཞུ་ཡིག་ཅིག་ཕུལ་བའི་ནང་། སྐུ་ཞབས་བྷར་ནེ་ཧྥི་རན་ཁུ་ལགས་ནི་ལོ་ངོ་ ༣༢ རིང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་གྱི་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཞིག་ཡིན། ཁོང་གི་ལོ་རྒྱུས་རང་བཞིན་གྱི་མཛད་རྗེས་ཆེ་ཤོས་ནི་ཁྲིམས་ལུགས་ཀྱི་ཐོག་ནས་ཕྱི་ལོ་༡༩༩༠ ལོར་བོད་མི་སྐྱབས་བཅོལ་བ་ ༡༠༠༠ ལ་ཨ་རིར་གནས་སྤོར་གྱི་ཆ་རྐྱེན་བསྐྲུན་གནང་བ་དེ་ཡིན། དེ་རིང་ཨ་རིའི་བོད་མིའི་སྤྱི་ཚོགས་དེ་ཁྲིམས་ལུགས་དེའི་རྐྱེན་གྱིས་འཕེལ་རྒྱས་སུ་ཕྱིན་ཡོད་ལ། ཨ་རིའི་བོད་མི་ཚོས་ཨ་རིའི་སྤྱི་ཚོགས་ནང་རང་གི་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་མ་ཟད། བོད་ནང་གི་བོད་མི་ཚོའི་ཐོབ་ཐང་ཆེད་རྒྱབ་སྐྱོར་བྱེད་བཞིན་ཡོད། རྒྱལ་སྤྱིའི་སྟེང་གི་བོད་དོན་ལས་འགུལ་བ་ཚོས་སྐུ་ཞབས་བྷར་ནེ་ཧྥི་རན་ཁུ་ལགས་ཀྱི་སྙིང་རྗེ་ལྡན་པའི་དབུ་འཁྲིད་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག
དེ་བཞིན། བོད་མི་མང་སྤྱི་འཐུས་དོན་འགྲུབ་ཚེ་རིང་ལགས་ཀྱིས། ངས་ཨ་རིར་གནས་པའི་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ། སྐུ་ཞབས་བྷར་ནེ་ཧྥི་རན་ཁུ་ལགས་ཀྱི་ནང་མི་གཉེན་འབྲེལ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ད་ཆ་ཨ་རིའི་ནང་བོད་མི་ ༢༥༠༠༠ ལྷག་གནས་སྤོར་བྱས་ཡོད་པའི་ཁྲོད་ཀྱི་མང་ཤོས་ཤིག་ནི་སྐུ་ཞབས་བྷར་ནེ་ཧྥི་རན་ཁུ་ལགས་ཀྱིས་མཐུན་འགྱུར་གནང་བའི་བོད་མི་གཞིས་སྤོར་ལས་གཞིའི་ཁྲིམས་འཆར་གྱི་ཆ་ཤས་སུ་འབྱོར་བ་རེད། ཁྱེད་ང་ཚོར་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་ཞེས་བརྗོད་འདུག

སྐུ་ཞབས་བྷར་ནེ་ཧྥི་རན་ཁུ་ (Barney Frank) ལགས་ཀྱིས་ཕྱི་ལོ་ ༡༩༩༠ ལོར་བོད་མི་ཆིག་སྟོང་ཨ་རིར་གནས་སྦོར་གྱི་ཁྲིམས་འཆར་ངོ་སྤྲོད་གནང་ཡོད་ཅིང་། ཁྲིམས་འཆར་དེ་དངོས་སུ་ཨ་རིའི་ཁྲིམས་ལ་བསྒྱུར་ཐུབ་པ་བྱུང་སྟེ། ཕྱི་ལོ་ ༡༩༩༢ ལོར་རྒྱ་གར་དང་བལ་ཡུལ་ནང་བོད་མི་སྐྱབས་བཅོལ་བ་ ༡༠༠༠ དངོས་སུ་ཨ་རིར་གཞིས་སྤར། ཕྱི་ལོ་ ༢༠༢༤ ལོའི་ཨ་རིའི་མ་སི་ཆོ་སེ་ཊི་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་ཞུས་པའི་ལོ་སར་སྐབས། སྐུ་ཞབས་བྷར་ནེ་ཧྥི་རན་ཁུ་ལགས་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་བ་ལྟར་ཕེབས་ཏེ། ཨ་རིར་བོད་མི་སྐྱབས་བཅོལ་བ་གནས་སྤོར་ཐུབ་པ་དེས་རྒྱ་ནག་གི་བཙན་འཛུལ་འོག་ནས་བྲོས་བྱོལ་དུ་འབྱོར་མཁན་བོད་མི་རྣམས་ལ་ཕན་ཐོགས་བྱུང་བ་མ་ཟད། དེས་ཨ་རིའི་སྤྱི་ཚོགས་སུ་བོད་མིའི་རིག་གཞུང་ཁྱབ་སྤེལ་གྱིས་རིག་གཞུང་ཇེ་ཕྱུག་ཏུ་གཏོང་ཐོབ་ཡོད་ལ། ལྷག་པར་དུ་ཨ་རི་ནི་གནས་སྤོར་བ་དང་རིག་གཞུང་སྣ་མང་གིས་གྲུབ་པའི་སྤྱི་ཚོགས་ཤིག་ཡིན་སྟབས། གནས་སྤོར་ཁྲིམས་ཡིག་དེ་ནི་ཨ་རིའི་འགྲོ་མིའི་བདེ་རྩ་དང་རྒྱུན་གནས་ཐུབ་པའི་བཟང་ཕྱོགས་ཀྱི་བྱ་བ་ཞིག་ཆགས་ཡོད་སྐོར་གསུངས་ཡོད། གྲོས་ཚོགས་འཐུས་མི་ཟུར་བ་སྐུ་ཞབས་བྷར་ནེ་ཧྥི་རན་ཁུ་ལགས་ནི་ད་ལོ་དགུང་གྲངས་ ༨༦ ཡིན་ཞིང་། ཁོང་ལ་སྐུ་ཟླ་ཇིམ་རེ་ཌི་( Jim Ready )དང་། གཅེན་མོ་ཌོ་རིས་བྷི་རེ་(Doris Breay)དང་ཨན་ལུ་ཝི་སི་( Ann Lewis) གཉིས་དང་། གཅུང་པོ་ཌེ་ཝི་ཌི་ཧྥི་རན་ཁུང་(David Frank) བཅས་ཡོད་འདུག




