ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བོད་མིའི་སྒྲིག་འཛུགས་ལ་གང་ཅིའི་ཐད་ནས་ངོས་འཛིན་དགོས་པ་སོགས་ཀྱི་གནད་དོན་ཚུད་པའི་ཁྲིམས་འཆར་གསར་པ་ཞིག་ངོ་སྤྲོད་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་། ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བོད་མིའི་སྒྲིག་འཛུགས་ལ་གང་ཅིའི་ཐོག་ནས་ངོས་འཛིན་དགོས་པ་སོགས་ཀྱི་གནད་དོན་ཚུད་པའི་ཁྲིམས་འཆར་གསར་པ་ཨང་ (H.R 8982) ངོ་སྤྲོད་གནང་ཡོད་འདུག
ད་ལྟ་ཨ་རིའི་གྲོས་ཚོགས་འོག་མའི་ནང་ངོ་སྤྲོད་གནང་བའི་ཁྲིམས་འཆར་གྱི་ནང་དོན་ཆ་ཚང་བ་ཡོངས་བསྒྲགས་གནང་མེད་ཀྱང་། ཁྲིམས་འཆར་དེས་ཨ་རིའི་ངོས་ནས་དབུས་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་གོང་མཐོར་གཏོང་དགོས་པ་སོགས་ཀྱི་གནད་དོན་གཙོ་གླེང་བྱས་འདུག ད་ལྟའི་ཆར་ཁྲིམས་འཆར་དེ་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་འགོད་འབུལ་གནང་འདུག
སྤྱིར་ཨ་རིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཁྲིམས་འཆར་གྱི་ཚིག་བརྗོད་དང་ནང་དོན་ལ་ཞིབ་འཇུག་གནང་གྲུབ་རྗེས། གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་བགྲོ་གླེང་དང་འོས་བསྡུ་གནང་བ་བརྒྱུད་གཏན་འབེབས་གནང་དགོས་ཀྱི་ཡོད་པ་དང་། མང་མོས་གཏན་འབེབས་ཀྱི་ཐོག་ནས་སྲིད་འཛིན་གྱིས་མཚན་རྟགས་བཀོད་པའི་ཉིན་མོ་ནས་ལག་བསྟར་གྱིས་ཨ་རིའི་ཁྲིམས་སུ་འགྱུར་གྱི་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ།





