ཕྱི་ལོ་ ༢༠༢༦ ལོའི་འཇར་མན་གྱི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་ས་གནས་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་གནང་སྟེ་འཛམ་གླིང་རྒྱལ་ཁབ་ ༤༦ དང་ཚོགས་སྡེའི་རུ་ཁག་ ༧༠ ཡི་ནང་ནས་འཁྲབ་སྟོན་རྩེ་ཕུད་ཀྱི་རྒྱལ་ཁ་ཐོབ།

ལོ་ལྟར་འཇར་མན་གྱི་རྒྱལ་ས་བྷར་ལིན་ (Berlin) དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ (Berlin Carnival Festival) འཚོག་སྲོལ་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༢ ནས་ ༢༥ བར་དུ་འཇར་མན་གྱི་རྒྱལ་ས་བྷར་ལིན་ (Berlin) དུ། ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ (Berlin Carnival of Cultures 2026) འཚོགས་ཡོད་ཅིང་། སྣ་མང་རིག་གཞུང་དུས་སྟོན་ཐོག་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་དང་། རྒྱ་གར། བལ་ཡུལ། ཀོ་རི་ཡ། ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ཅིག་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ ༤༦ དང་། ཚོགས་སྡེའི་རུ་ཁག་ ༧༠ ཡིས་མཉམ་ཞུགས་གནང་ཡོད་འདུག་ལ། དུས་སྟོན་དེའི་ཐོག་སྤྱིར་བཏང་རང་བཙན་ཡོད་པའི་རྒྱལ་ཁབ་ཁོ་ན་མཉམ་ཞུགས་གནང་གི་ཡོད་ཀྱང་། འཇར་མན་བོད་རིགས་ཚོགས་པས་དུས་སྟོན་ནང་དེབ་སྐྱེལ་བྱས་ཏེ་བོད་པའི་མིང་ཐོག་ནས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཕྱི་ཚེས་ ༢༤ ཉིན་༧གོང་ས་མཆོག་དགུང་གྲངས་ ༩༠ ཕེབས་པའི་བྱམས་བརྩེའི་ལོ་སྲུང་གཙི་ཞེས་པའི་བརྗོད་གཞིའི་ཐོག་འཁྲབ་སྟོན་གནང་སྟེ་འཁྲབ་སྟོན་རྩེ་ཕུད་ཀྱི་ལག་འཁྱེར་དང་ཡུ་སྒོར་ ༡༠༠༠ ཐོབ་ཡོད་འདུག
དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དོན་འགྲུབ་ཚེ་རིང་ལགས་སུ་ཐེངས་འདིའི་རིག་གཞུང་འཁྲབ་སྟོན་ག་འདྲ་བྱུང་སྐོར་དྲིས་པར་ཁོང་གིས། འདས་ལོར་འཇར་འཁོད་བོད་རིགས་ཚོགས་པས་བྷར་ལིན་སྣ་མང་རིག་གཞུང་འཁྲབ་སྟོན་གྱི་དུས་སྟོན་ལ་བོད་རིགས་ཚོགས་པ་མཉམ་ཞུགས་གནང་རྒྱུའི་སྙན་ཞུ་ཕུལ་བ་བརྒྱུད་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་རག་འདུག ད་ལོ་༸གོང་ས་མཆོག་གི་༸སྐུའི་གོ་སྟོན་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བྱམས་བརྩེའི་ལོ་སྲུང་གཙི་ཞུས་དང་ཞུ་མུས་ཡིན་པར་བརྟེན། བོད་ཀྱི་ཟློས་གར་ཚོགས་པ་ནས་སུད་སིའི་སྐུ་ཚབ་དོན་ཁང་གི་ཁྱབ་ཁོངས་རྒྱལ་ཁབ་ཁག་ལྔ་ལ་རིག་གཞུང་སྐོར་སྐྱོད་བྱས་དང་བྱེད་མུས་རེད། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ (Prague) ཏུ་རིག་གཞུང་སྐོར་སྐྱོད་བྱེད་བཞིན་པའི་སྐབས། འཇར་འཁོད་བོད་རིགས་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་བྷར་ལིན་གྱི་སྣ་མང་རིག་གཞུང་དུས་སྟོན་ཐོག ད་ལོ་དམིགས་བསལ་གྱིས་བོད་ཀྱི་ཟློས་གར་ཚོགས་པ་དང་འཇར་འཁོད་བོད་རིགས་ཚོགས་པ་གཉིས་མཉམ་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་གནང་རྒྱུའི་འབོད་སྐུལ་ཞུས་པ་ལྟར་ངོས་ལེན་བྱས་ཏེ། ཕྱི་ཚེས་ ༢༤ ཉིན་འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བྱམས་བརྩེའི་ལོ་སྲུང་གཙི་ཞེས་པའི་བརྗོད་གཞིའི་ཐོག་འཁྲབ་སྟོན་བྱས་ཡོད། ཅེས་བརྗོད་བྱུང་།
ཕྱི་ཚེས་ ༢༤ ཉིན་གྱི་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་གྱི་བརྗོད་གཞི་ནི་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་གོ་སྟོན་གྱི་རྟེན་འབྲེལ་དང་། བྱམས་བརྩེའི་ལོ་སྲུང་གཙིའི་ཆ་ཤས་ཡིན་ཞིང་། ཐོག་མར་སྐུ་མདུན་གྱི་སྐུ་པར་དང་བོད་ཀྱི་རྒྱལ་དར། བོད་ཀྱི་ས་ཁྲ། གཡག་རྩལ་དང་བྲོ་རྡུང་། རལ་པ་སོགས་འཁྲབ་སྟོན་བྱས་རྗེས། འཇར་འཁོད་བོད་རིགས་ཚོགས་པས་བོད་ཀྱི་རིག་གཞུང་གི་གཞས་སྣ་འཁྲབ་སྟོན་བྱས་ཡོད་པ་དང་། ཁོང་ཚོས་བྷར་ལིན་གྱི་སྣ་མང་རིག་གཞུང་དུས་སྟོན་ཡུལ་དངོས་ཀྱི་ཁྲོམ་དཀྱིལ་ནས་ཀི་ལོ་མི་ཊར་ ༤།༥ (4.5km) ལ་སྐོར་སྐྱོད་འཁྲབ་སྟོན་བྱས་ཡོད་པ་དང་། སྐབས་དེར་ས་ཚིགས་ཁག་ཅིག་ལ་སྐར་ཆ་ ༩༠ རིང་འཁྲབ་སྟོན་བྱས་ཏེ་གོ་སྒྲིག་ཚོགས་ཆུང་གིས་བསྐོ་གཞག་བྱས་པའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ལྔའི་ཟུར་དཔང་རྣམས་ཀྱིས་འཁྲབ་ཆས་དང་། འཁྲབ་རྩལ་སོགས་ལ་དཔྱད་བསྡུར་གྱིས་བྱ་དགའ་གནང་བ་ཞིག་ཡིན་འདུག

ད་ལན་རིག་གཞུང་འཁྲབ་སྟོན་ཙམ་མ་ཡིན་པར་བོད་དོན་དྲིལ་བསྒྲགས་ཐད་ནུས་པ་ཡག་པོ་ཐོན་ཡོད་སྐོར་ལ་ཁོང་གིས། ད་ལོའི་རིག་གཞུང་འཁྲབ་སྟོན་བརྒྱུད་བོད་ཀྱི་རིག་གཞུང་འཁྲབ་སྟོན་དང་། བོད་དོན་དྲིལ་བསྒྲགས་དང་གོ་རྟོགས་སྤེལ་བ། དེ་བཞིན་བྱམས་བརྩེའི་ལོ་སྲུང་གཙི་དང་འབྲེལ་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བྱམས་པ་དང་བརྩེ་བ་སོགས་དང་འབྲེལ་ནས་མཛད་འཕྲིན་རྒྱ་ཆེན་བསྐྱངས་དང་སྐྱོང་མུས་ཡིན་པ་སོགས་གོ་རྟོགས་སྤེལ་བ་དང་ཁྱབ་སྤེལ་ཤུགས་ཆེན་ཕྱིན་པ་སོགས་བོད་པ་འབུར་དུ་ཐོན་ཐུབ་པ་བྱུང་ཡོད་ལ། དུས་སྟོན་ནང་མཉམ་ཞུགས་བྱེད་མཁན་རྒྱལ་ཁབ་ ༤༦ ཡོད་པ་རྣམས་རང་བཙན་ཡོད་པའི་རྒྱལ་ཁབ་རྐྱང་རྐྱང་རེད། ཡིན་ནའང་། ད་ལོའི་དུས་སྟོན་ནང་བཙན་བྱོལ་བ་དང་བོད་པའི་མིང་ཐོག་ནས་རིག་གཞུང་འཁྲབ་སྟོན་ནང་མཉམ་ཞུགས་བྱས་ནས་ང་ཚོར་རྒྱལ་ཁ་ཐོབ་པ་དེ་ལོ་རྒྱུས་ནང་ཐེངས་དང་པོ་རེད། དེ་ནི་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་དང་གཙོ་བོ་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་དང་། ༸སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་གཙི་དང་འབྲེལ་ནས་རིག་གཞུང་འཁྲབ་སྟོན་དང་། བོད་དོན་སྐོར་སྐྱོད་སོགས་སྲུང་གཙི་ཞུས་དང་ཞུ་མུས་ཡིན་པ་མ་ཟད། བོད་ཀྱི་ཟློས་གར་ཚོགས་པ་ས་གནས་སུ་དངོས་སུ་བཅར་ནས་དུས་སྟོན་ཐོག་འཁྲབ་སྟོན་གྱི་གོ་སྐབས་ལེན་ཐུབ་པ་ནི་དོན་སྙིང་ལྡན་པ་ཞིག་དང་བསམ་དོན་འགྲུབ་པ། ལོ་རྒྱུས་ནང་དྲན་རྟེན་ཞིག་ཆགས་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།
བོད་ཀྱི་ཟློས་གར་པ་ཚོགས་པ་ནས་ཡུ་རོབ་རྒྱལ་ཁབ་ཁག་ལྔ་རུ་རིག་གཞུང་སྐོར་སྐྱོད་གནངས་དང་གནང་མུས་ཡིན་པ་ལྟར། སུད་སི་དང་ལེཀ་ཊན་སི་ཌན་བོད་རིགས་ཚོགས་པའི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༢༩ དང་ ༣༠། ༣༡ བཅས་ཉིན་གསུམ་གྱི་རིང་སུད་སི་རུ་བོད་ཀྱི་གཞས་སྣ་དང་། ལྷ་མོ། གཏམ་བརྗོད་སོགས་འཁྲབ་སྟོན་གནང་རྒྱུ་དང་། ཕྱི་ཟླ་ ༦ ཚེས་ ༡ ནས་ ༩ བར་ཉིན་གྲངས་དགུའི་རིང་དབྱིན་ཡུལ་གྱི་སྐུ་ཚབ་དོན་ཁང་དང་། དབྱིན་ཡུལ་བོད་རིགས་ཚོགས་པའི་གོ་སྒྲིག་འོག དབྱིན་ཡུལ་དུ་བོད་ཀྱི་རིག་གཞུང་དང་འབྲེལ་ནས་གཞས་སྣ་འཁྲབ་སྟོན་དང་། ལྷ་མོ། གཏམ་བརྗོད་སོགས་འཁྲབ་སྟོན་གནང་གཏན་ཁེལ་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།





