དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་འདེམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་དྲུང་ནས་ལས་འཁུར་དམ་འབུལ་ཞུས་སོང་།

དེ་རིང་ཕྱི་ཚེས་ ༢༧ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་དྲུང་ནས་བཀའ་ཤག་སྐབས ༡༧ པའི་འདེམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ལས་འཁུར་དམ་འབུལ་ཞུས་སོང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང། ཕྱིའི་སྐུ་མགྲོན་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་ཝེ་ར་ (Wera Benedicta Hobhouse) ལགས་དང་། སི་ཁོ་ཊི་ལན་ཌི་ (Scotland) གྲོས་ཚོགས་འཐུས་མི་ལྕམ་ཨེ་ལི་ཤི་ཡ་ (Alicia Alexandra Martha Kearns) ལགས། དབྱིན་ཡུལ་གྲོས་ཚོགས་འཐུས་མི་དང་བློན་ཆེན་ཟུར་པ་ལྕམ་ཀེ་རི་ (Kerry Gillian McCarthy) ལགས། ཨེལ་སལ་ཝེ་ཌོར་ (El Salvador) གྲོས་ཚོགས་འཐུས་མི་སྐུ་ཞབས་ཇོ་སི་ (Jose Francisco Lira Alvadaro)ལགས། ཆི་ལི་ (Chile) གྲོས་ཚོགས་འཐུས་མི་སྐུ་ཞབས་ལུའུ་སི་ (Luis Mala Valenzuela)ལགས། དབྱིན་ཡུལ་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཁི་རི་སི་ (Chris Law) ལགས། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སུ་ཇི་ཏི་ཀུ་མར་ (Sujeet Kumar) ལགས། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་སྐུ་ཞབས་ཏ་པིར་གྷའོ་ (Tapir Gao) ལགས། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་སྲི་ཞུའི་ལས་བྱེད། བཞུགས་སྒེར་ཉེ་འཁྲིས་ཀྱི་སློབ་གྲྭ་ཁག་གི་སློབ་མ་རྣམས། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་སེར་སྐྱ་མི་མང་སོགས་ལྷན་འཛོམས་གནང་འདུག
མཛད་སྒོའི་ཐོག་ཆེད་དུ་ཕེབས་པའི་འཛམ་གླིང་རྒྱལ་ཁབ་བརྒྱད་ཀྱི་སྐུ་མགྲོན་རྣམས་ཀྱིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བསྐྱར་དུ་འདེམས་ཐོན་བྱུང་བར་འཚམས་འདྲི་ཞུས་པ་དང་སྦྲགས། ཁོང་རྣམ་པས་མུ་མཐུད་དུ་བོད་དོན་རྒྱབ་སྐྱོར་བྱ་རྒྱུ་དང་། ༸གོང་ས་མཆོག་གི་དགོངས་བཞེད་ལྟར་དབུ་མའི་ལམ་ལ་ཤར་སྐྱོད་དང་། འཚེ་མེད་ཞི་བའི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་འབོད་སྐུལ་ཞུ་ཡི་ཡོད་པ། རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་འདས་པའི་ལོ་ངོ་ ༧༥ རིང་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་གཏོར་སྐྱོན་དང་། རིག་གཞུང་རྩ་མེད་གཏོང་བ། དེ་བཞིན་བོད་ཕྲུག་རྣམས་བཙན་གྱིས་ཕ་མ་དང་ཁ་བྲལ་དུ་བཏང་སྟེ་རྒྱ་སྒྱུར་སློབ་གསོ་སྤྲོད་པ། བོད་ནང་གཏེར་ཁ་སྔོག་འདོན་ཤུགས་ཆེན་བྱས་ཏེ་རང་བྱུང་ཁོར་ཡུག་གཏོར་བཤིག་བཏང་དང་གཏོང་མུས་ཡིན་པ་སོགས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་སེམས་འཚབ་བསྟན་པ་དང་། དབྱིན་ཡུལ་གཞུང་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་རྒྱ་ནག་གཞུང་གིས་ཐག་གཅོད་བྱེད་ཆོག་གི་མེད་པ་ནན་བརྗོད་དང་སྦྲགས། དགའ་ལྡན་ཕོ་བྲང་གི་ཐག་གཅོད་ལ་ངོས་འཛིན་བྱ་རྒྱུ་ཡིན་སྐོར། རྒྱ་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་རྣམས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་མ་ཟད། ༸པཎ་ཆེན་རིན་པོ་ཆེ་མཆོག་ནི་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་དུས་ཡུན་རིང་ཤོས་བཀག་ཉར་བྱས་ཡོད་པ་ཐེར་འདོན་གནང་ཞིང་། བོད་རྒྱའི་དཀའ་རྙོག་མྱུར་དུ་སེལ་བའི་སྨོན་འདུན་ཡོད་སྐོར་སོགས་གསུངས་སོང་།
སྐབས་དེར་འདེམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་དྲུང་ནས་ལས་འཁུར་དམ་འབུལ་ཞུས་ཟིན་རྗེས། སྲིད་སྐྱོང་གི་ལས་ཡུན་གསར་པ་དབུ་འཛུགས་ཀྱི་གསུང་བཤད་གནང་བའི་ནང་། ང་རང་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་ལངས་སྐབས། སྤྱི་ཚོགས་དུམ་བུར་འགྲོ་གཞིའི་འོས་བསྡུའི་བྱེད་སྒོ་གང་ལའང་ཞུགས་རྒྱུ་མིན་པའི་དམ་བཅའ་བཟུང་བ་ལྟར་ལག་བསྟར་ཞུས་ཡོད་ཐོག ད་ཐེངས་ཀྱང་འོས་བསྡུའི་དྲིལ་བསྒྲགས་ཀྱི་ལས་འགུལ་གང་ཡང་བརྩམས་མེད་ནའང་། མང་ཚོགས་ཀྱིས་ཚད་མཐོའི་མང་མོས་རྒྱབ་སྐྱོར་དང་བཅས་ཡང་བསྐྱར་སྲིད་སྐྱོང་དུ་འདེམས་ཐོན་བྱུང་བར་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀའ་ཤག་སྐབས་ ༡༦ པའི་ལས་རྒྱུན་རིང་། ཆབ་སྲིད་དང་འཛིན་སྐྱོང་། སྤྱི་ཚོགས་བདེ་དོན་གྱི་ལས་དོན་ཁག་ལ་གྲུབ་འབྲས་གང་དང་གང་ཐོན་པ་རྣམས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་མཛད་པ་འཕྲིན་ལས་རྒྱ་ཆེར་བསྐྱངས་པའི་ཐུགས་རྗེ་བྱིན་རླབས་དང་། བོད་སྐྱོང་ལྷ་སྲུང་དམ་ལྡན་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་གཡེལ་མེད་སྡོང་གྲོགས། ཕྱག་སྦྲེལ་བཀའ་བློན་རྣམ་པ་གསུམ་གྱིས་སོ་སོའི་ལས་ཁུངས་ཀྱི་འགན་བཞེས་ཐོག་བཀའ་ཤག་གི་ལས་དོན་ཐོག་ཕྱར་གྲུ་མཉམ་འདེགས། སྲི་ཞུ་ལས་བྱེད་རྣམ་པས་ཁུར་འཁྲིའི་བྱེད་སྒོ་ཁག་ལ་རྒྱུན་མར་འགན་ཁུར་ཧུར་བསྐྱེད། ཚོགས་སྡེ་དང་སེར་སྐྱ་མང་ཚོགས་ཀྱིས་ཁྱོན་ཡོངས་ནས་མཐུན་འགྱུར་རྒྱབ་སྐྱོར་བཅས་པའི་རྣམ་སྨིན་འབྲས་བུ་ཁོ་ནར་ངོས་འཛིན་ཞུ་གི་ཡོད་ལ། སྒོས་སུ་གཞིས་བཞུགས་སྤུན་ཟླ་རྣམས་ཀྱིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དད་གདུང་དང་བོད་མི་རིགས་ཀྱི་ངོ་བོ་གཅེས་འཛིན་གྱི་ཆོད་སེམས་རི་རབ་བཞིན་བརྟན་པོར་བཟུང་བ་འདི་ནི་ང་ཚོའི་ལས་ཀ་བྱེད་སྐབས་སེམས་ཤུགས་ཀྱི་འབྱུང་ཁུངས་གཙོ་བོ་ཡིན་པས། གོ་སྐབས་འདི་བརྒྱུད། ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ཅེས་གསུངས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་སྐབས་ ༡༧ པའི་ལས་ཡུན་གསར་པ་དབུ་འཛུགས་ཀྱི་གསུང་བཤད་གནང་བཞིན་པ། ༢༠༢༦།༥།༢༧ དུས་བབ་གསར་ཁང་གི་པར།
ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། སྐབས་ ༡༧ པའི་བཀའ་ཤག་ནས་ཀྱང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་ལམ་སྟོན་སྙིང་དབུས་སུ་བཅངས་ཏེ། ཁྲིམས་སྒྲིག་གི་རྨང་གཞིའི་སྟེང་སྤྱི་སྙོམས་དྲང་བདེན་དང་། སྲིད་ཇུས་ཀྱི་ལག་བསྟར་བརྒྱུད་ནུས་པ་མཉམ་སྤུངས། ཐུན་མོང་གི་དམིགས་འབེན་ཐོག་གོམ་པ་མདུན་སྤོ་བྱེད་པའི་དམ་བཅའ་རྒྱུན་འཁྱོངས་ཞུ་རྒྱུ་དང་། བོད་དོན་བདེན་མཐའ་མ་གསལ་བར་དུ་བོད་དོན་འཐབ་རྩོད་རྒྱུན་གནས་ཡོང་ཐབས་དམིགས་ཡུལ་གཙོ་བོར་བཟུང་སྟེ། ཆབ་སྲིད་དང་སྤྱི་ཚོགས་བདེ་དོན་གྱི་བྱེད་སྒོ་ཁག་སྤེལ་རྒྱུ་ཡིན། ད་ལྟའི་རྒྱ་གཞུང་གི་སྲིད་ཇུས་འཛིན་སྟངས་ལ་བལྟས་ན། སྲིད་དབང་དེ་འདྲ་ཞིག་དང་མཉམ་དུ་གཉིས་མོས་ཀྱི་ཐབས་ལམ་འཚོལ་བའི་གོ་ཡུལ་དེ་ཙམ་ཨེ་ཡོད་སྙམ་ནའང་། སྐབས་ ༡༧ པའི་བཀའ་ཤག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་ཇུས་གཞིར་བཟུང་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་འཚེ་བ་མེད་པ་དང་། གྲོས་མོལ། གཉིས་ཕན། རྒྱུན་གནས་ཐུབ་པ་བཅས་ཀྱི་ཐབས་ལམ་འཚོལ་སླད། བོད་རྒྱའི་དཀའ་རྙོག་མ་སེལ་བར་དུ་བརྟན་པོ་དང་ལྷིང་པོའི་ཐོག་ནས་རྒྱ་ནག་གཞུང་དང་ལྟག་སྒོའི་འབྲེལ་བ་མུ་མཐུད་ཉར་རྒྱུ་དང་ཆབས་ཅིག་ཏུ། རྒྱལ་སྤྱིའི་སྟེང་དབུ་མའི་ལམ་ལ་གདེང་འཇོག་ཡོང་བའི་ཐབས་ཇུས་སྣ་ཚོགས་མུ་མཐུད་ལག་བསྟར་བྱེད་ངེས་ཡིན།
ཨ་རི་གཞུང་གིས་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་ཡིག་ ༢༠༢༠ ནང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་བྱས་ཚེ། ཨ་རི་གཞུང་ནས་དེར་ཉེས་ཆད་གཅོད་རྒྱུ་དང་། རྒྱལ་སྤྱིའི་སྟེང་གནོན་ཤུགས་སྤྲོད་རྒྱུ་གཏན་འབེབས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༢༤ ལོར་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འབེབས་ཀྱི་ལམ་ནས་བོད་ཀྱི་ལོ་རྒྱུས་གནས་བབ་དང་། བོད་དོན་འཐབ་རྩོད་ཀྱི་ངོ་བོ། བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་ཕྱོགས་བཅས་པ་གསལ་འདོན་གནང་ཟིན་པ་བཞིན། ང་ཚོས་མུ་མཐུད་རྒྱལ་སྤྱིའི་སྟེང་ྋརྒྱལ་བའི་ཡང་སྲིད་དང་། བོད་ཀྱི་ལོ་རྒྱུས་གནས་བབ་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་སུ་རྒྱ་གཞུང་གི་འཁྱོག་བཤད་ངན་ཇུས་ཐེར་འདོན་དང་དངོས་དོན་འགྲེལ་བརྗོད་བརྒྱུད་རྒྱབ་སྐྱོར་ཐོབ་ཐབས་བྱེད་དགོས་ཀྱི་ཡོད།
ད་ལྟའི་ཆར་བོད་ནང་ཛ་དྲག་གི་གནད་དོན་ནི། རྒྱ་ནག་གཞུང་གིས་ཁྲིམས་ཡིག་གི་རྒྱབ་རྟེན་དང་བཅས། ཕྱོགས་ཡོངས་དང་། ཁྱོན་ཡོངས་ནས་བོད་ནང་བོད་མི་རིགས་རྩ་གཏོར་གྱི་སྲིད་ཇུས་ལག་བསྟར་དང་ཆབས་ཅིག །བོད་མིའི་སྒྲིག་འཛུགས་ཀྱིས་མཚོན་པའི་ཚོགས་སྡེ་ཁག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནང་དཀྲོག་གཏམ་དཀྲུགས་ཤིང་གི་བྱེད་ཐབས་སྣ་ཚོགས་སྤྱད་དེ། བོད་དོན་འཐབ་རྩོད་ཀྱི་ནུས་སྟོབས་ཉམས་དམས་སུ་གཏོང་བའི་ངན་ཇུས་མངོན་སུམ་དུ་བཏིང་ཟིན་ཡོད་པས། བོད་དོན་དང་བླངས་ཞུ་གཏུག་ལས་འགུལ་བས་མཚོན་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ནས་རྒྱལ་སྤྱི་དང། རྒྱལ་ཁབ་སོ་སོའི་ནང་མི་རིགས་རྩ་གཏོར་ (Genocide) དང་འགྲོ་བ་མིའི་རིགས་ལ་རྒོལ་བའི་ནག་ཉེས་ (Crime against humanity) ཀྱི་གནད་དོན་དེ་རིགས་ལ་ཁ་གཏད་གདོང་ལེན་བྱེད་སྒོར་རྣམ་དཔྱོད་རྩལ་སྤྲུགས་དང་ནུས་པ་མཉམ་སྤུངས་སྔར་ལྷག་བྱེད་དགོས་ཆགས་ཡོད།
བོད་དོན་འཐབ་རྩོད་དང་སྤྱི་ཚོགས་བདེ་དོན་སྒྲུབ་ཕྱིར་སྒྲིག་འཛུགས་ཚགས་ཚུད་ནུས་ལྡན་ཞིག་མེད་དུ་མི་རུང་བ་ཡིན་པས། བཀའ་ཤག་སྐབས་ ༡༦ པས་སྒྲིག་འཛུགས་ཀྱི་དགོས་མཁོ་བཞིན་གློག་རྡུལ་འཛིན་སྐྱོང་ (E-Governance) ལ་དམིགས་པའི་ལས་གཞི་ཁག་ཅིག་འགོ་འཛུགས་དང་མཇུག་སྐྱོང་བྱེད་མུས་ཐོག སྐབས་ ༡༧ པའི་ལས་ཡུན་རིང་། མི་ཆ་དང་། འཕྲུལ་ཆས། སྡེ་ཁག་བཅས་ཀྱི་ནུས་པ་འཛུགས་སྐྲུན་རྨང་གཞིར་བཞག་སྟེ། གྲངས་འཛིན་དང་། གྲངས་མཛོད་མ་ལག་འཐུས་སྒོ་ཇེ་ཚང་དུ་བཏང་ནས་གློག་རྡུལ་འཛིན་སྐྱོང་གི་བྱེད་སྒོ་ཁག་ཅིག་ལག་བསྟར་འགོ་འཛུགས་བྱེད་ཐུབ་པའི་དམིགས་ཚད་བཟུང་ཡོད་ལ། བརྡ་འཕྲིན་ལག་རྩལ་དང་། མིས་བཟོས་རིག་ནུས་ལ་བརྟེན་ནས་བོད་དོན་དྲིལ་བསྒྲགས་ཀྱི་ནུས་རྩལ་གོང་སྤེལ་དང་། འཛིན་སྐྱོང་གི་ལས་ཆོད་མཐོར་འདེགས། སྤྱི་པའི་ཞབས་ཞུ་མཁོ་སྤྲོད། གཞུང་མང་གི་འབྲེལ་ལམ་ཤུགས་སྣོན་རྒྱག་རྒྱུ་འདི་འཛམ་གླིང་གང་སར་འཐོར་འགྲེམས་སུ་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ན། ལས་གཞི་ཧ་ཅང་འཚམ་ཤོས་ཤིག་ཡིན་པས། བཀའ་ཤག་གིས་དེའི་ཐོག་ནུས་ལྡན་གྱི་ཐབས་ཤེས་ཅི་རིགས་བསྟེན་བཞིན་ཡོད། གནས་ཚུལ་འཚོལ་སྡུད་དང་། དབྱེ་ཞིབ། འགྲེམས་སྤེལ་བཅས་བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་འཛིན་སྐྱོང་མ་ལག་ཚགས་ཚུད་བཟོས་ཐོག །བོད་དོན་གནས་ཚུལ་དང་། བོད་མིའི་མངོན་འདོད་ཁག་ལག་ལེན་བསྟར་རུང་གི་བརྒྱུད་ལམ་ཁག་ཚང་མ་བཀོལ་སྤྱོད་བྱས་ཏེ། གནས་ཚུལ་སྤྲོད་ཡུལ་གང་ཡིན་དེར་དུས་ཐོག་གོ་བརྡ་གསལ་སྤྲོད་ཐུབ་པའི་བརྡ་སྤྲོད་ཀྱི་ཐབས་ཇུས་ (communication strategy) འཆར་འགོད་དང་ལག་བསྟར་བྱ་རྒྱུ་ཡིན།
བཙན་བྱོལ་བོད་མི་ཚོས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་དགོས་པ་སྨོས་མེད་ཐོག རྒྱལ་སྤྱིའི་ཁྲིམས་ལུགས་དང༌། བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་ལ་བརྩི་སྲུང་ཞུ་རྒྱུ་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དམ་བཅའ་གལ་གནད་ཆེ་ཤོས་ཤིག་ཡིན་པ་དང། དེ་ནི་ང་ཚོ་བཙན་བྱོལ་དུ་གནས་མི་གནས་ལ་ཐུག་པའི་གནད་དོན་ཞིག་ཡིན་པ་ལྟར། བཀའ་ཤག་གིས་འདས་པའི་དུས་ཡུན་རིང་བོད་མིའི་སྒྲིག་འཛུགས་མ་ལག་དང་། རང་སྐྱོང་དང་ཟུར་སྐྱོང་སྡེ་ཚན་ཁག་ལ་ཉམས་ལེན་ལག་བསྟར་གྱི་འབད་བརྩོན་རིམ་པར་ཞུས་པ་རྣམས་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུ་ཡིན་ལ། དེ་བཞིན་དུ་བོད་མི་གནས་ཡུལ་སོ་སོའི་ཡུལ་མི་ལྷན་འཆམ་མཐུན་མཉམ་གནས་དང་ཐུགས་མཐུན་ཁྲིམས་གཙང་ཡོང་རྒྱུ་ནི་སོ་སོའི་མི་ཚེ་ཞི་ལྷིང་བག་ཕེབས་ཡོང་བའི་འགན་ལེན་ཙམ་དུ་མ་ཟད། བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་ཁྱབ་སྤེལ་དང་ཆེ་མཐོང་ལ་རྒྱ་སྲུང་སྐྱོང་གི་ཐབས་ཚུལ་ཡག་ཤོས་ཤིག་ཀྱང་ཡིན་པ་ཚང་མས་སེམས་ཁོང་དུ་འཛིན་གལ།
རྒས་གཅོང་དང། ཉམ་ཐག །ནད་པ། ལུས་སེམས་དཀའ་ངལ་ཅན་ལ་ལྟ་སྐྱོང་མ་ལྷག་པ་བྱ་རྒྱུ་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཡང་ཡང་ནན་གསུངས་གནང་བའི་བཀའ་དགོངས་ཡིན་པ་མ་ཟད། སྒྲིག་འཛུགས་ཀྱི་ལས་འགན་གཡོལ་ཐབས་མེད་པ་ཞིག་ཀྱང་ཡིན་སྟབས། འཁོས་ཞན་མི་སྡེ་དེ་དག་ཚུད་པའི་ (Vulnerable groups) སྤྱི་པའི་འཛུགས་སྐྲུན་ལས་གཞི་ཁག་མཇུག་སྐྱོང་བདག་གཅེས་དང་། གཞོན་སྐྱེས་ཀྱི་ནུས་རྩལ་སྐྱེད་སྲིང་། སློབ་གྲྭ་ཁག་ཟླ་བསྒྲིལ་གྱིས་མིག་སྨན་མིག་ཕན་ཡོང་བ། འཕྲོད་བསྟེན་ལྟ་སྐྱོང་དང་ནད་རིགས་སྔོན་འགོག་སོགས་སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་འཆར་འཕར་ལས་གཞི་རྣམས་ཕྱི་གསལ་ནང་གསལ་དང་། སྤྱི་སྙོམས། ནུས་ལྡན། ཕུགས་འཕེར་གྱི་དམིགས་ཚད་བཟུང་སྟེ་བསྒྲུབ་རྒྱུ་ཡིན་ལ། བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་རང་ཁ་རང་གསོ་ཡོང་བའི་ཕྱོགས་སུ་བསྐྱོད་རྒྱུ་ནི་བོད་དོན་འཐབ་རྩོད་འགན་སྲུང་དང་རྒྱུན་གནས་ཐུབ་མིན་གྱི་འགག་རྩ་གཙོ་བོ་ཞིག་ཡིན་པས། དེའི་ཐད་དང་བླངས་ཀྱིས་ལེགས་སྐྱེས་འབུལ་མཁན་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཚོགས་སྒེར་ཚང་མས་ད་དུང་དེའི་ཐོག་ནུས་པ་སྤུངས་ཐབས་ཇི་ཡོད་སྙིང་ལ་བཅངས་ཏེ་འབད་འབུངས་གནང་བའི་རེ་བ་ཡོད།
བཀའ་ཤག་སྐབས་ ༡༧ པས་ལས་དོན་བྱེད་སྒོ་མཐའ་དག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་སུན་བཟོ་མ་དགོས་པ་དང་། གཞིས་བྱེས་བོད་མི་རྣམས་བློ་ཕམ་འབྱུང་མ་དགོས་པ་ཞིག་ཡོང་ཐབས་བྱ་རྒྱུ་གཞི་རིམ་གྱི་དམ་བཅའ་བྱ་རྒྱུ་ཡིན་ཞིང་། ༸རྒྱལ་བའི་གོ་སྟོན་དང་བསྟུན་ན་ནིང་ནས་བཟུང་ཚོགས་སྒེར་མང་པོ་ཞིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་བཞིན། ༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་ངོ་མ་ནི་བཀའ་བཞིན་བསྒྲུབ་རྒྱུ་དེ་ཡིན་པས། ང་ཚོ་བོད་མི་ཚོས་རང་ཉིད་ཆབ་སྲིད་ཀྱི་བཙན་བྱོལ་བ་ཡིན་པའི་ངོ་རྟགས་མ་བརྗེད་པར། སྤྱི་ཚོགས་ནང་ཁུལ་མ་མཐུན་པ་རྣམས་མཐུན་པའི་ཕྱོགས་སུ་བསྒྲིལ་ཐབས་བྱས་ཏེ། བོད་སྤྱིི་པའི་རྩ་དོན་ཐོག་སོ་སོར་འཁྲི་བའི་ལས་འགན་བསྒྲུབ་རྒྱུའི་སེམས་ཤུགས་བསྐྱེད་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད།

རྒྱ་གཞུང་གིས་བོད་མི་རིགས་རྩ་གཏོར་གཏོང་བའི་སྲིད་ཇུས་ཇི་ལྟར་གདུག་རྩུབ་ཆེ་ནའང་། སྲིད་པ་ཆགས་པ་ནས་གངས་ལྗོངས་ས་མཐོའི་བདག་པོ་ངོ་མ་ཡིན་པའི་བོད་མི་རིགས་འཆི་གསོན་གྱི་ལས་དབང་འདི་རྒྱ་གཞུང་གི་འདོད་པ་དང་བྱ་བྱེད་ཁོ་ནས་ཁ་ལོ་སྒྱུར་ཐུབ་པ་ཞིག་མིན་པས། གཞིས་བཞུགས་སྤུན་ཟླ་རྣམ་པས་སོ་སོའི་ཁྱིམ་ཚང་གཞི་མར་བཟུང་སྟེ་བུ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་དང་། ནང་ཆོས། རིག་གཞུང་གི་བག་ཆགས་འཇོག་པའི་ཐབས་ཚུལ་ལ་འབད་ཁུར་ལེན་ཐུབ་པའི་རེ་སྐུལ་ཞུ་ཡི་ཡོད། གོ་སྐབས་འདི་དང་བསྟུན་ང་ཚོར་མཐུན་སྦྱོར་རྒྱབ་སྐྱོར་གནང་མཁན་རྒྱ་གར་གཞུང་མང་དང་། ཨ་རི་གཞུང་མང་གིས་གཙོས་པའི་འབྲེལ་ཐོགས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རྒྱབ་སྐྱོར་འདི་རིགས་ནི་ང་ཚོའི་བོད་དོན་བདེན་མཐའ་གསལ་བའི་འཐབ་རྩོད་ཀྱི་གཞི་རྟེན་གཙོ་བོ་ཞིག་ཡིན། ཞེས་འཁོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





