བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་ཀྱིས་ཆོས་ལུགས་ཀྲུང་གོ་ཅན་ཟེར་བའི་སྲིད་ཇུས་དེ་གནད་འགག་ཆེ་ཤོས་དང་བོད་ནང་གི་གཞིས་ལུས་རྒྱ་ཆེ་མི་མང་དང་རིས་མེད་དགོན་སྡེ་ཁག་ལ་དཀའ་ངལ་ཆེ་ཤོས་ཤིག་ཡིན་པ་འགྲེལ་བརྗོད་གནང་སོང་།

ལོ་ལྟར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ནས་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་གི་ཡོད་པ་ལྟར། དེ་རིང་ཕྱི་ཟླ་ ༦ ཚེས་ ༤ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ལྟེ་གནས་ཁང་དེས་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ཐོག་ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། ཕྱི་ལོ་ ༢༠༢༥ ལོའི་ལོ་འཁོར་གྱི་སྙན་ཐོ་དང་། བོད་ནང་གི་ཆོས་དད་རང་དབང་གི་སྙན་ཐོ་ཞེས་པའི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།
ཐེངས་འདིའི་བསྒྲགས་ཡིག་ནང་། རྒྱ་ནག་གཞུང་གིས་བོད་མིའི་ཐོག་བསམ་བློ་དང་ཆབ་སྲིད་གཉིས་ཀྱི་ཐད་ནས་གནོན་ཤུགས་ཇེ་ཆེར་གཏོང་བཞིན་པ་མ་ཟད། ཆོས་དད་དང་། གཏམ་བརྗོད། ཤེས་ཡོན། རིག་གཞུང་། ཞི་བའི་ངོ་རྒོལ་སོགས་ལ་སྔར་ལས་ལྷག་པའི་གནོན་ཤུགས་དང་དམ་དྲག་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་འཛམ་གླིང་ཐོག་གནས་སྟངས་སྡུག་ཤོས་ཆགས་ཡོད་པ་དང་སྐར་གྲངས་ཀླད་ཀོར་ཐོག་གནས་ཡོད། ཞི་ཅིང་ཕིང་གིས་རྒྱུན་མཐུད་ནས་དབང་ཆ་བཟུང་བའི་འོག་རྒྱ་ནག་དམར་ཤོག་ཚོགས་པས་བོད་མི་རིགས་ཀྱི་ངོ་བོ་དང་ཁྱད་ཆོས་རྩ་མེད་བཟོ་བཞིན་པའི་གནས་སྟངས་འོག ཁྲིམས་ལུགས་ཀྱི་སྟངས་འཛིན་དང་། ཆབ་སྲིད་ཀྱི་སློབ་གསོ་གཏོང་བ། ལྟ་ཞིབ་དམ་དྲག་ཆེ་རུ་གཏོང་བ། དེ་བཞིན་རྒྱ་གཞུང་གིས་བོད་མིའི་ཆོས་དད་དང་རིས་མེད་དགོན་སྡེ་ཁག་གི་ཐོག་སྔར་ལས་ལྷག་པའི་དམ་དྲག་བྱས་ཡོད་པ། ཁྲིམས་ཡིག་གསར་པ་བཟོས་ཏེ་དགོན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་འཛིན་སྐྱོང་གི་ལས་དོན་མཐའ་དག་དམར་ཤོག་ཚོགས་པའི་ལྟ་སྤྱོད་དང་མཐུན་དགོས་པའི་གཏན་འབེབས་བྱས་ཡོད་པ། ༸གོང་ས་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་འཁྲུངས་སྐར་གྱི་དུས་སྐབས་སུ་སྔར་ལས་ལྷག་པའི་དམ་དྲག་བྱེད་བཞིན་པ་དེས་རྒྱ་གཞུང་གིས་བོད་མིའི་ཆོས་དད་དང་ཆོས་ལུགས་ཐོག་དམ་དྲག་ཇི་ཙམ་ཡོད་མེད་གསལ་པོ་མཚོན་ཡོད་པ་སོགས་གསལ་འདུག
སྙན་ཐོ་འདིས་ད་ལྟའི་སྐབས་བོད་ས་ཡོངས་རྫོགས་དམ་དྲག་འོག་གནས་པའི་ཚད་གཞི་འདི་ཆབ་སྲིད་ཀྱི་བཙན་གནོན་ཞིག་ཡིན་པ་མ་ཟད། ལམ་ལུགས་ཅན་གྱི་མ་ལག་ཅིག་ཆགས་ཀྱི་ཡོད་པ་དང་། དེ་ནི་དད་མོས་དང་། སྐད་ཡིག ཤེས་ཡོན། ཐ་ན་མི་སྒེར་གྱི་རང་དབང་སོགས་བོད་མིའི་འཚོ་བའི་ཕྱོགས་ཡོངས་ལ་ཁྱབ་ཡོད། བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཀྱི་ཆེད་དུ་རང་དབང་ཅན་གྱི་ཞིབ་འཇུག་པ་དང་གསར་འགོད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་མཁས་པ་བཅས་བཀག་སྡོམ་མེད་པར་རང་དབང་གི་ཐོག་ནས་འགྲོ་བསྐྱོད་བྱེད་དུ་འཇུག་དགོས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནས་འགན་འཁུར་ཡོད་པའི་ཐོག་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་ལྷག་པར་དུ་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་འགན་འཁུར་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་གསལ་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས། ད་ལན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ནས་ལོ་འཁོར་སྙན་ཐོ་བཏོན་པ་ཐེངས་ ༣༠ ཆགས་ཀྱི་ཡོད་ཅིང་། ཐེངས་འདིའི་སྙན་ཐོའི་ནང་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་གྱིས་སྲིད་དབང་བཟུང་བ་ནས་བཟུང་བོད་ནང་སྲིད་ཇུས་མང་པོ་ཞིག་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་རེད། དེ་ཡང་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་སྲིད་ཇུས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་སྲིད་ཇུས་ཟེར་བ་སོགས་སྲིད་ཇུས་མང་པོ་ཞིག་ལ་མིང་སྙན་པོ་ཞིག་བཏགས་ཏེ། འདས་པའི་ལོ་གཅིག་གི་ནང་སྲིད་ཇུས་དེ་དག་ལག་བསྟར་བྱེད་སྐབས། སྲིད་ཇུས་དེ་འདྲའི་རིགས་ལ་བརྟེན་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ཇེ་སྡུག་ཏུ་ཕྱིན་པ་ལས་ཡར་རྒྱས་ཀྱི་རྣམ་པ་ཁྱོན་ནས་མེད་པ་གསལ་པོ་རེད་འདུག ཅེས་དང་། ད་དུང་སྤྱི་ཚོགས་བདེ་འཇགས་དང་བརྟན་ལྷིང་ལ་ཁ་གཡར་ནས་ལྟ་སྲུང་དམ་དྲག་བྱེད་པ་མ་ཟད། ྋགོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་གུས་བྱེད་པའི་རྣམ་པ་གང་རུང་ཞིག་ཀྱང་བསྟན་མི་ཆོག་པའི་གནས་སྟངས་ཆགས་ཡོད་ཅིང་། བོད་ཀྱི་སྐད་ཡིག་གི་གནས་བབ་ཉམས་ཞན་དུ་བཏང་ཡོད་པ། གཞན་ཡང་། རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་ལ་ཁ་གཡར་ནས་ཚང་མས་རྒྱ་ཡིག་བེད་སྤྱོད་དང་སློབ་སྦྱོང་བྱེད་དགོས་པའི་ཁྲིམས་ལུགས་དང་ལམ་ལུགས་གཏན་འབེབས་བྱས་ཡོད་ཅིང༌། དམིགས་བསལ་གྱིས་གཞི་རིམ་བུ་བཅོལ་ཁང་གི་ནང་དུའང་བོད་ཡིག་སློབ་སྦྱོང་གི་གོ་སྐབས་ཉུང་དུ་བཏང་སྟེ། བོད་ཀྱི་མི་རབས་གསར་པ་རྣམས་ལ་སོ་སོའི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་བྱེད་པར་འགལ་རྐྱེན་བཟོ་བའི་འཐབ་ཇུས་ཤིག་རེད་ལ། བོད་ནང་གི་ཞི་བའི་ངོ་རྒོལ་བ་རྣམས་ལ་སྔར་བཞིན་དྲག་གནོན་བྱེད་བཞིན་ཡོད་པ་རེད། ད་དུང་བོད་ནང་གི་ཁོར་ཡུག་གཏོར་བཤིག་འགྲོ་གཞིའི་གཏེར་ཁ་སྔོག་འདོན་དང་རྨང་གཞིའི་འཛུགས་སྐྲུན་ལས་གཞིར་ངོ་རྒོལ་བྱེད་མཁན་རྣམས་འཛིན་བཟུང་དང་། ལྟ་ཞིབ་སོགས་བྱས་དང་བྱེད་མུས་ཡིན་ལ། སྤྱི་ཚོགས་ཁྱོན་ཡོངས་ལ་ཉེས་ཆད་མཉམ་འགེལ་གྱི་དཀའ་ངལ་ཆེན་པོའི་འོག་གནས་ཡོད་སྐོར་སོགས་བརྗོད་བྱུང་།
བོད་ནང་གི་ཆོས་དད་རང་དབང་གི་སྙན་ཐོ་ཞེས་པའི་དམིགས་བསལ་སྙན་ཐོ་བཏོན་དགོས་པ་དང་འབྲེལ་ནས་བོད་གནས་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་ཀྱིས། བོད་ནང་གི་ཆོས་དད་རང་དབང་གི་སྙན་ཐོ་དེ་གལ་འགངས་ཆེན་པོ་ཞིག་རེད་ལ། འདས་མ་ཐག་པའི་ ༢༠༢༥ ལོ་དེ་རྒྱ་ནག་གཞུང་གི་ངོས་ནས་ཆ་བཞག་ན། བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ཏེ་ལོ་ ༦༠ འཁོར་གྱི་ཡོད་ཟེར་ནས་རྒྱལ་སྤྱིའི་ཐོག་ལ་ཁྱབ་བསྒྲགས་ཤུགས་ཆེན་བྱེད་ཀྱིན་ཡོད་པ་རེད། དེར་བརྟེན་ང་ཚོའི་ངོས་ནས་གནད་འགག་ཆེན་པོ་ཞིག་མཐོང་སྟེ། ཞི་ཅིན་ཕིན་གྱིས་བོད་ནང་ཕྱོགས་ཡོངས་ནས་འདས་པའི་ལོ་ངོ་བཅུ་གྲངས་གཅིག་ལྷག་གི་རིང་ལ་བོད་མིའི་ཆོས་དང་རང་དབང་གི་གནས་སྟངས་དེ་གང་འདྲ་ཞིག་ཡིན་པ་དེའི་ཐོག་ཆ་ཚང་བའི་སྙན་ཐོ་ཞིག་འདོན་སྤེལ་བྱེད་དགོས་རྒྱུ་གལ་ཆེན་པོར་རྩིས་ནས་སྙན་ཐོ་དེ་བཏོན་པ་རེད། ཅེས་དང་། འདས་པའི་ལོ་ ༡༢ ནང་བོད་ནང་གི་ཆོས་དད་རང་དབང་གི་ཐོག་ནས་ཛ་དྲག་ཆེ་ཤོས་ཀྱི་གནད་དོན་དེ་རྒྱ་ནག་ཙམ་མ་ཟད་རྒྱལ་སྤྱིའི་སྟེང་ཚང་མས་དོ་སྣང་བྱེད་མུས་ཡིན་པ་དེ་ཆོས་ལུགས་ཀྲུང་གོ་ཅན་ཟེར་བའི་སྲིད་ཇུས་དེ་རེད། ཆོས་ལུགས་ཀྲུང་གོ་ཅན་ཟེར་བའི་སྲིད་ཇུས་དེ་གནད་འགག་ཆེ་ཤོས་དང་། བོད་ནང་གི་གཞིས་ལུས་རྒྱ་ཆེ་མི་མང་དང་རིས་མེད་དགོན་སྡེ་ཁག་ལ་དཀའ་ངལ་ཆེ་ཤོས་ཤིག་ཡིན་ལ། སྲིད་ཇུས་དེ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་བོད་ནང་གི་ལས་འགུལ་ཆེན་པོ་རབ་དང་རིམ་པ་བྱས་ནས་སྤེལ་གྱི་ཡོད་པ་རེད། ལས་འགུལ་དེ་དག་ལ་བརྟེན་ནས་བོད་ཀྱི་དགོན་སྡེ་ཁག་དང་གྲྭ་བཙུན་རྒྱ་རིགས། དེར་སྡོད་མི་མང་སོགས་ལ་རྒྱུན་ལྡན་གྱི་དགོས་ངེས་ཀྱི་ཆོས་དད་རང་དབང་ལོངས་སུ་སྤྱོད་རྒྱུ་དང་། དགོན་སྡེ་ཁག་གི་གྲྭ་བཙུན་ཚོར་ཆ་བཞག་ན། དངོས་གནས་དྲང་གནས་ཀྱིས་སོ་སོའི་བསླབ་པ་སློབ་གཉེར་ཚད་དང་ལྡན་པ་བྱེད་པར་སྲིད་ཇུས་དེས་ཕྱོགས་གང་ཅིའི་ཐད་ནས་འགལ་རྐྱེན་དང་དཀའ་ངལ་འཕྲད་ཀྱི་འདུག དེར་བརྟེན་ཆོས་ལུགས་ཀྲུང་གོ་ཅན་གྱི་སྲིད་ཇུས་ཟེར་བ་དེ་ད་ལྟའི་དུས་སྐབས་ལ་དཀའ་ངལ་ཆེ་ཤོས་ཤིག་ཆགས་ཀྱི་འདུག ཅེས་དང་། སྲིད་ཇུས་དེ་ལ་བརྟེན་ནས་མ་འོངས་པར་བོད་དང་བོད་མི་རིགས་ལ་ཤུགས་རྐྱེན་ག་རེ་ཐེབས་ཀྱི་རེད་ཟེར་ན། ང་ཚོའི་ངོས་ནས་ཧ་ལས་པའི་དོ་སྣང་དང་གདོང་ལེན་བྱ་དགོས་པའི་དཀའ་ངལ་ཞིག་རེད་བསམ་གྱི་འདུག ཡིན་ནའང་། བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ཀྱི་རིག་པའི་གཞུང་ལུགས་དང་ལྟ་གྲུབ་ཅིག་ཡོད་པ་དེས་ཕལ་ཆེར་འགྲན་ཟླ་ཕོད་ཀྱི་རེད་བསམ་གྱི་འདུག དེ་ལ་ཁ་གཏད་བཅག་ནས་ལྟ་གྲུབ་གསར་པ་ཞིག་ཚབ་བྱེད་ཐུབ་ཀྱི་རེད་བསམ་གྱི་མེད་སྐོར་བརྗོད་བྱུང་།
ཤོག་གྲངས་ ༩༧ ཡོད་པའི་བོད་ནང་གི་ཆོས་དད་རང་དབང་གི་སྙན་ཐོ་ཞེས་པའི་དམིགས་བསལ་སྙན་ཐོའི་ནང་། དོན་ཚན་ལྔ་ཡོད་པ་ནི་རྒྱ་ནག་ནང་གི་ཆོས་ལུགས་ཀྱི་གནས་བབ་དང་། ཆོས་ལུགས་ཀྲུང་གོ་ཅན་ཟེར་བའི་སྲིད་ཇུས། ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ལས་འགུལ་ཆེན་པ་ལྔ། རིས་མེད་དགོན་སྡེ་ཁག་ལ་དམ་དྲག་དང་གྲྭ་བཙུན་འཇུ་བཟུང་། སྲིད་ཇུས་བསྐྱར་ཞིབ་དང་མ་འོངས་ལས་འཆར་བཅས་དང་། ནང་གསེས་དོན་ཚན་ ༡༤ བཅས་འདུག དོན་ཚན་གསུམ་པ་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ལས་འགུལ་ཆེན་པོ་ལྔ་ནི། སྲིད་ཇུས་དང་ཆབ་སྲིད་སློབ་སྦྱོང་གི་ལས་འགུལ་དང་། དགོན་སྡེའི་ལས་སྣེ་གསོ་སྦྱོང་གི་ལས་འགུལ། རྒྱ་ནག་ནང་ལྟ་སྐོར་བཀོད་སྒྲིག་གི་ལས་འགུལ། གྲྭ་བཙུན་ཚོར་རྒྱ་ཡིག་བཙན་འཁྲིད་ཀྱི་ལས་འགུལ། ཆོས་ལུགས་ཀྱི་དུས་ཆེན་བཀག་སྡོམ་གྱི་ལས་འགུལ་སོགས་སྤེལ་ཏེ་བོད་ཀྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་ཐབས་བྱས་དང་བྱེད་མུས་ཡིན་པ་སོགས་གསལ་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།




