རྩོམ་པ་པོ། ཇོ་སྲས་པདྨ།
རྩོམ་ཁུངས། བོད་ཀྱི་དུས་བབ།
སྔོན་གླེང་།
ཁ་བ་གངས་རིའི་ལྗོངས་ཀྱི་ཡུལ་མི་སུ་ཞིག་ལ་སྐད་ཆ་དྲིས་ཀྱང་། རང་ཅག་ནི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། འཕགས་མ་རྗེ་བཙུན་སྒྲོལ་མའི་སྤྲུལ་བ་མ་བྲག་སྲིན་མོ་གཉིས་ལས་མཆེད་པའི་རིགས་རྒྱུད་འཁྲུལ་དུ་མེད་པ་སུས་ཀྱང་བརྗོད་ངེས་ཡིན། ནང་བའི་ལྟ་གྲུབ་ལ་གོ་བ་མེད་མཁན་ཞིག་ལ་མཚོན་ན། གཏམ་རྒྱུད་འདིའི་རྒྱབ་ལྗོངས་དང་གོ་རིམ་ནི་རྟོགས་བཟོ་བྱས་བའི་ལྷ་སྒྲུང་ཞིག་ཏུ་མཐོང་སྲིད་ལ། ཚན་རིག་དང་མི་མཐུན་པའི་གཏམ་ཡན་ཅིག་ཏུའང་གོ་ཆོག །
འོན་ཀྱང་ངེས་དོན་གྱི་སྙིང་བོ་ནི། ཨ་ཅག་གི་མེས་པོའི་གཏམ་རྒྱུད་འདི་ནི། ས་འོག་ཏུ་ལྷག་ན་ཡང་འོད་ཀྱི་ཟེར་མ་ཡལ་མ་མྱོང་བའི་བཙོ་མའི་གསེར་ཞུན་ཞིག་དང་འདྲ་བར། དུས་རྟག་ཏུ་ང་ཚོ་བོད་མིའི་ངོ་བོ་དང་འདུ་ཤེས། བསམ་བློའི་དཔལ་ཡོན་དང་། མི་རིགས་ཀྱི་སྙིང་སྟོབས་མངོན་པར་མཚོན་པའི་དྲན་ཐོའི་རྡོ་རིང་ཞིག་ཡིན།
ཞོར་འཕྲོས།
དེང་རབས་ཀྱི་དངོས་གཙོ་སྨྲ་བའི་ཚན་རིག་ནི། འཚར་ལོངས་བྱུང་བཞིན་པའི་ན་གཞོན་ཞིག་དང་འདྲ་ལ། དངོས་ཐོག་བདེན་འཚོལ་གྱི་རིག་པས་འཇིག་རྟེན་རགས་པའི་གནས་ལུགས་ལ་ལག་ལེན་དངོས་བརྒྱུད་ཀྱི་གསལ་ཁ་མང་དུ་ཕྱེས་ཡོད་པ་ནི་ངོ་སོ་ཡར་བསྟོད་བྱེད་རྒྱུ་ཁོ་ན་ལས་མ་འདས།
དེ་དང་ལྟོས་འཇོག་གིས་གླེང་ན། འཇིག་རྟེན་གྱི་ལྐོག་ཏུ་གྱུར་བའི་གསང་བ་མང་པོ་ཞིག ནང་བའི་ལྟ་གྲུབ་དང་ཡེ་ཤེས་ཀྱི་གཟིགས་པ་ལས་འགྲེལ་རྒྱུ་མ་གཏོགས། འཇིག་རྟེན་པའི་བློ་དང་རིག་པས་བརྟག་པ་ཙམ་གྱིས་ངེས་པ་རྙེད་པ་ཞིག་མིན། ནང་དོན་རིག་པས་ལས་འབྲས་རྟེན་འབྲེལ་གཞིར་བཟུང་ནས་འཁོར་འདས་ཀྱི་རང་བཞིན་བརྗོད་པ་ལ། ལྟ་བ་རྒྱ་ཆེ་བ་དང་། མཚན་ཉིད་ཡ་མཚན་པའི་རྟགས་མཚན་མང་པོ་འབྱུང་པའང་བསམ་ཤེས་ཡོད་དགོས་པའི་གནས་ཡིན་པ་གོར་མ་ཆག
གཤམ་དུ་དཔེ་འགའ་ཡིས་མཚོན་པར་བྱ།
གཅིག ད་ལྟའི་བསམ་བློ་བའམ། ཆེས་ཚད་མཐོ་བའི་ཚན་རིག་གིས། འཇིག་རྟེན་གྱི་ཆགས་རིམ་བརྗོད་དུས། སྦངས་ཆེན་མོ(Big Bang)ཡི་རིག་པ་དང་སྦྲེལ་ནས་འགྲེལ་གྱི་ཡོད་ལ། སྦངས་ཆེན་མོའི་སྔོན་སོང་གི་གནས་ཚུལ་ཅི་རིགས་ལ་ཚོད་དཔག་བྱེད་དཀའ་བའི་གནས་སུ་གྱུར་ཡོད། ནང་བའི་ལྟ་གྲུབ་ལ་མཚོན་ན། འཇིག་རྟེན་ནི་ཐོག་མ་མེད་པ་ནས་ཆགས་གནས་འཇིག་སྟོང་གི་རེས་མོས་ལས་མ་འདས་བར་གསུངས་ཤིང་། འཇིག་རྟེན་གྱི་ཆགས་གནས་འཇིག་སྟོང་རེ་རེ་ལའང་། བར་བསྐལ་ཉི་ཤུ་རེ་ཡོད་པ་གསུངས་ཡོད་པས། འདི་ནི་ཆགས་པའི་གནས་སྐབས་ཀྱི། བར་བསྐལ་གཅིག་གི་གནས་ཚུལ་ཙམ་ལས་མ་འདས།
གཉིས། སྟོན་པ་བཅོམ་ལྡན་འདས་ཀྱིས། བསྐལ་ཆེན་གྲངས་མེད་གསུམ་ལ་ཚོགས་བསགས་ཞེས་བ་ལྟ་བུར་མཚོན་ན། འདི་ནི་མིའི་བློ་ཡུལ་ལ་མི་ཤོང་བ་ཞིག་དང་། དེང་གི་ཚན་རིག་གིས་ཀྱང་ཚོད་དཔག་བྱེད་དཀའ་བའི་གྲངས་འབོར་ཆེན་པོ་ཞིག་ཡིན། འཇིག་རྟེན་གྱི་ཆགས་གནས་འཇིག་སྟོང་གི་འགྱུར་བསྐྱོད་ཆ་ཚང་གཅིག་བསྐལ་ཆེན་གཅིག་རེད། བསྐལ་ཆེན་དེ་ལྟ་བུ་གྲངས་མེད་གསུམ་སྟེ། གྲངས་མེད་ནི་རང་ཅག་གི་གྲངས་གནས་དྲུག་ཅུ་ཡོད་པའི་ཐ་མ་དེ་ཡིན་ལ། གྲངས་མེད་གཅིག་ནི་གཅིག་གི་རྗེས་སུ་གོར་ཐིག་ང་དགུ་ཡོད1059 ། དེ་ལྟ་བུ་གསུམ་ལ་གྲངས་མེད་གསུམ་ཟེར་བས། ཁྱོན་བསྡོམས་པས་གཅིག་གི་རྗེས་སུ་གོར་ཐིག་བརྒྱ་དང་དོན་བདུན་10177་ཡོད། འོན་ཀྱང་འཇིག་རྟེན་ལ་ཐོག་མཐའ་མེད་པའི་ནང་པའི་ལྟ་གྲུབ་ཀྱི་ངོས་ནས་བལྟས་ན། འདི་ཡང་གྲངས་འབོར་ཧ་ལས་པའི་ཆུང་ཆུང་ཞིག་ཡིན།
གསུམ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་མཐའ་ཡས་བ་ཞེས་བའི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་སྟེ་1000x1000x1000 འདི་ལ་འཇིག་རྟེན་ཕྱེ་བ་ཕྲག་བརྒྱ་ཟེར། ཐེར་འབུམ་གཅིག་རེད།(1Billion) སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གཅིག་ནི་སངས་རྒྱས་གཅིག་གི་ཞིང་ཁམས་སུ་གསུངས་ཤིང་། དེ་བཞིན་ཕྱོགས་བཅུ་རབ་འབྱམས་ཀྱི་ཞིང་ན། སངས་རྒྱས་མཐའ་ཡས་ཤིང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཀྱང་གྲངས་ཀྱིས་མི་ཆོད་པ་ནི།
ཇི་སྐད་དུ།
དེ་ལྟར་མ་ལུས་ཐམས་ཅད་ཕྱོགས་སུ་ཡང༌། །
སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི།།
སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང༌། །
བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག། ཞེས་བ་ལྟར་རོ།
ཡང་དེང་གི་ཚན་རིག་ལ་ཚོམ་སྐར་ཆུང་བ་(Planetary System)གཅིག་ནི་བརྟན་སྐར་གཅིག་(Host Star) ལ་གཟའ་སྐར་(planets)ཁ་ཤས་ཀྱི་འཁོར་ཡོད་པ་དང་། བརྟན་སྐར་གྱི་ནུས་བར་བརྟེན་ནས་ཕྱོགས་སྐོར་(Orbiting) མཉམ་དུ་བྱེད་ཀྱིན་པར་གོ་སྟེ། དཔེར་ན་ང་ཚོའི་ཉི་ཁྱིམ་(Solar System)ལྟ་བུ། ཚོམ་སྐར་ཆེ་བ་(Galaxy)གཅིག་ནི། ཉི་ཁྱིམ་ལྟ་བུའི་ཚོམ་སྐར་ཆུང་བ་མང་པོའི་འདུས་སྡོད་ཀྱིས། ཕྱོགས་སྐོར་མཉམ་དུ་བྱེད་པར་གོ་སྟེ། དཔེར་ན་ང་ཚོའི་དགུ་ཚུགས་(Milky Way)ལྟ་བུ་རེད།
ཚན་རིག་གིས་ང་ཚོའི་དགུ་ཚུགས་སུ་ཉི་ཁྱིམ་ལྟ་བུའི་ཚོམ་སྐར་ཆུང་བ་ཁྲག་ཁྲིག་གཅིག་ལྷག་1011 (100billion) ་རྙེད་ཀྱི་ཡོད་པའི་ཚོད་དཔག་དང་། མཐོང་ཚད་ཀྱི་བར་སྣང་ (Observable Universe) ལ། དགུ་ཚུགས་ལྟ་བུའི་ཚོམ་སྐར་ཆེ་བ་ཁྲག་ཁྲིག་ཆེན་པོ་གཉིས་1012(2Trillion) ལ་ཉེ་བ་ཡོད་པའི་ཚོད་དཔག་ཐུབ་ཀྱིན་ཡོད། གྲངས་འབོར་འདི་དག་ནི། ང་ཚོ་གང་ཟག་ཐ་མལ་བ་ཞིག་གི་ཀླད་པར་ཤོང་དཀའ་བ་ཞིག་ཡིན་མོད། ནང་དོན་རིག་པའི་འཇིག་རྟེན་ལྟ་ཚུལ་ལ། འདི་ནི་དངོས་གནས་སྐྲ་རྩེ་གཅིག་གི་འཇིག་རྟེན་ཙམ་རེད། དེས་ན་མ་མཐོང་ཕྱིར་ན་མེད་པས་མ་ཁྱབ་པ་དང་། མ་ཤེས་ཕྱིར་ན་མིན་པར་མ་ངེས་པའི་གནས་ལུགས་དང་བསྟུན་ན། བོད་མི་རིགས་ཀྱི་བྱུང་བའི་མདོ་ལྟ་བུའི་གཏམ་རྒྱུད་དེ་ལའང་ཡིད་འདྲོང་དགོས་བ་ཅི་ནས་ཀྱང་ཡོད་པས། བདག་གི་གླེང་གཞི་མུ་མཐུད་ནས་སྨྲ་བར་བྱ།
སྒོས་ཀྱི་བརྗོད་དོན།
ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་འདི་ནི། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་མཆོག་གིས། མ་འོངས་བའི་མི་རབས་ཀྱི་དགོས་མཁོར་ཆེད་དུ་དགོངས་ནས། མ་ནི་བཀའ་འབུམ་དང་བཀའ་ཆེམས་ཀ་ཁོལ་མར་བཀོད་དེ་གཏེར་དུ་སྦས་ཤིང་། ཇོ་བོ་རྗེ་བོད་ལ་ཕེབས་སྐབས་གཞི་ནས་གཏེར་ནས་བཏོན་པ་ཞིག་དང་། ཕྱིས་སུ་བོད་ཀྱི་ལོ་རྒྱུས་ཀྱི་དེབ་ཕྲེང་རེ་རེ་ཡིས་རྒྱབ་རྟེན་གྱི་ལུང་གཙོ་བོར་དྲངས་དང་འདྲེན་བཞིན་པ་ནི་ཡོངས་གྲགས་ཡིན།
སྒྲུང་འདིའི་ནང་དོན་ནི། སྤྱིར་སེམས་ཅན་སྤྱི་དང་། ཡང་སྒོས་སུ། བོད་པ་སྤྱི་བོ་གནམ་བསྟན་པ་ཚང་མའི་སྤྱི་མཐུན་གྱི་ལས་སྟོབས་ཀྱིས། ཡུལ་འཁོར་གྱི་ཉེར་ལེན་རྒྱུ་དང་། ལྷན་ཅིག་བྱེད་རྐྱེན་གྱི་གྲུབ་པ་ཇི་ལྟར་ཡོད་པ་བསྟན་ནས། རང་ཅག་གི་མེས་པོ་ཕ་སྤྲེའུ་དང་མ་བྲག་སྲིན་གྱི་བྱུང་བ་བཀོད་ཅིང་། བོད་ཡུལ་གྱི་ས་ཁམས་ཆགས་རིམ་དང་། རི་དྭགས་གཅན་གཟན་སོགས་ཀྱིས་གཙོས་བའི་སེམས་ཅན་ཇི་ལྟར་འཚོ་གནས་སུ་ཡོད་པ་དང་། ཞོར་དུ་རང་ཅག་མེས་པོ་དག་གི་ཪང་གཤིས་དང་། རིགས་རྒྱུད་འཕེལ་རིམ། ད་དུང་སྤྱི་ཚོགས་དང་མི་སྡེ་ཡི་འགྱུར་རིམ་རོབ་བཤད་བྱས་ཡོད། དེ་དང་འབྲེལ་ནས་འཕགས་པ་སྤྱན་རས་གཟིགས་བོད་ཡུལ་དང་བོད་མི་རིགས་ལ་འབྲེལ་བ་ཇི་ལྟར་ཡོད་པའི་ཚུལ་དང་། ཅིའི་ཕྱིར་ཁ་བ་བོད་ཀྱི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་ཡིན་པ་དང་། འཕགས་པ་ཁོང་གིས་ཁ་བ་རི་བའི་སྐྱིད་སྡུག་གི་ཆེད་དུ། མཛད་པ་ཇི་ལྟར་བསྐྱངས་བའི་ཚུལ་སོགས་བཀོད་ཡོད། གཏམ་རྒྱུད་འདི་ལ་གངས་ཅན་བོད་ཀྱི་འདས་བའི་ལོ་རྒྱུས་ཀྱི་བྱུང་བ་བཀོད་ཡོད་པ་མ་ཟད། མི་རབས་ནས་མི་རབས་སུ་བཞག་པའི་མེས་པོའི་གཞེན་སྐུལ་གྱི་ཞལ་ཆེམས་ཀྱང་ཡོད།
དེ་ཡང་། ཁ་བ་གངས་རིས་བསྐོར་བའི་བོད་ཀྱི་ཡུལ་འདི་ནི་གདོད་མ་ཉིད་ནས། བོད་པ་ཡོངས་ཀྱི་ཐུན་མོང་གི་ལས་བསོད་དུ་བྱུང་བའི་ཕ་ས་ཡིན་པ་མ་ཟད། ང་ཚོའི་མི་རིགས་ནི་མཐོ་སྒང་འདིའི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་གྱི་བདག་པོ་ཁོ་ན་དང་། ང་ཚོ་རེ་རེ་ནི་ཐོག་མ་ཉིད་ནས་གཞི་ཁྱིམ་གཅིག་ལ་དབང་བའི། མི་རབས་ཤིག་ཡིན་པ་ལས། རྒྱལ་བོ་སྲོང་བཙན་སྒམ་པོ་གཙོས་བའི་ཆོས་རྒྱལ་བཙན་པོའི་ཁྲི་རབས་ཀྱིས་རུ་དམག་གི་དཔུང་སྟོབས་ཁོ་ནར་བསྟེན་ནས། ཕྱོགས་ཀྱི་དགྲ་བོ་ཡོད་ཚད་ཕམ་པར་བརྒྱབ་ཅིང་། ཁ་ཐོར་དུ་ཡོད་པའི་བོད་ཀྱི་མི་སྡེ་ཡོད་ཚད་མངའ་འོག་ཏུ་བསྡུས་པ་ནས། ད་བཟོད་ཆེན་པོ་བོད་ཀྱི་ས་ཆ་འདི་གསར་དུ་དབང་བ་ཞིག་གམ། བོད་མི་རིགས་ཞེས་བ་ཞིག་གསར་དུ་ཆགས་པ་ཞིག་གཏན་ནས་མ་ཡིན་པ་གསལ།
གཏམ་རྒྱུད་འདིས། བོད་མི་རིགས་ནི་མཐོ་སྒང་འདིའི་རི་ལུང་མང་པོར་བཀྲམ་ཡོད་ཀྱང་། ང་ཚོ་ནི་ས་མཐོའི་ནམ་མཁའ་གཅིག་གི་འོག་ཏུ་འཚོ་ཞིང་། གངས་ཀྱི་རི་རྒྱུད་གཅིག་ན་བརྡོལ་བའི་གཙང་ཆབ་འཐུང་མཁན་ཡིན་པ་འདྲ་ལ། མེས་པོ་གཅིག་ལས་ཆད་པའི་སྤུན་མཆེད་ཡིན་པ་ནི། བོད་མིའི་མེས་པོ་གདུང་དྲུག་གིས་མཚོན་པའི་རུས་མཛོད་རབ་དང་རིམ་པས་ཁུངས་ལུང་དང་དཔང་པོ་བྱས་ཡོད་པས། བོད་མདོ་དབུས་མཐོ་སྒང་གཅིག་ནས་མཆེད་པའི་རྣམ་ཤེས་ཤིག་ཡིན་ཕྱིན། གྱོན་ཆས་མི་འདྲ་ཅི་ཞིག་གོན་ཀྱང་རུང་། ཡུལ་ལུང་མི་འདྲ་བ་གང་ནས་བསྡད་ཀྱང་ཆོག། སྐད་རིགས་མི་འདྲ་བ་གང་ཞིག་བཤད་ནའང་རེད། ང་ཚོ་དུས་ནམ་ཡིན་ཡང་། ཕ་རྒན་སྤྲེའུ་དང་མ་རྒན་བྲག་སྲིན་གཉིས་ཀྱི་ཤ་ཆད་ཀྱི་བུ་ཕྲུག་སྟེ། ཤ་རུས་གདུང་རྒྱུད་གཅིག་གི་མི་རབས་ཡིན་པ་གསལ་ཡོད་ལ། དུས་ནམ་ཡང་མཐོ་སྒང་འདིའི་བདག་པོ་ཡིན་པ་གཅིག་མཚུངས་ཡིན་པ་དང་། མཐོ་སྒང་འདིར་ཤུལ་འཛིན་གྱི་འགན་འཁྲི་འདྲ་མཉམ་དུ་ཡོད་པ་བསྟན་ཡོད།
འདི་ལས་འཕྲོས་ཏེ། ཁ་བ་གངས་རི་བའི་བདེ་སྡུག་ལ་སྲི་ཞུ་བྱེད་མཁན་གྱི། འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་མང་པོ་དུས་ཀྱི་དགོས་མཁོ་དང་ལོ་རྒྱུས་ཀྱི་འགྱུར་རིམ་ཁྲོད་ན་རབ་དང་རིམ་པར་བྱུང་ཡོད་པ་ལས། ཆོས་རྒྱལ་སྲོང་བཙན་སྒམ་པོ་མཆོག འཕགས་མཆོག་གི་རྣམ་སྤྲུལ་ཡིན་པར་རྒྱུ་མཚན་གཉིས་ཡོད་དེ། གཅིག་ནི། ས་སྟེང་གི་བྱང་ཆུབ་སེམས་དཔའ་ཞིག་ཡིན་ན། སྐྱེ་འཆི་ལ་རང་དབང་ཐོབ་ཡོད་པ་ཙམ་དུ་མ་ཟད། ཐུགས་རྗེ་དང་སྨོན་ལམ་གྱི་མཐུ་བཙན་པོའི་སྟོབས་ཀྱིས། སྐལ་ལྡན་བོད་པ་དག་གདུལ་བའི་དུས་ལ་བབས་པ་ན་བསམ་བཞིན་སྐྱེ་བ་བཞེས་ཀྱིན་ཡོད་པ་དང་། ཅིག་ཤོས་ནི། སྤྱིར་ནང་པ་སངས་རྒྱས་པ་ཞིག་ཡིན་པ་དང་། སྒོས་སུ་ཐེག་པ་ཆེན་པའི་རྗེས་འབྲངས་བ་ཞིག་ཡིན་པའི་ངོས་ནས། ཡི་དམ་གྱི་ལྷ་གང་རུང་བསྒྲུབ་ཏུ་ཡོད་པ་དང་། དེ་བསྒྲུབས་པས་འགྲུབ་དུ་ཡོད་པའང་། ཆེས་སྤྱིར་བཏང་གི་བསྐྱེད་རྫོགས་ཉམས་ལེན་གྱི་གནས་ལུགས་ཤིག་ཡིན། དེ་བས་ཆོས་རྒྱལ་སྲོང་བཙན་གྱིས། ཐུགས་རྗེ་ཆེན་པོ་བསྒྲུབས་ནས་གྲུབ་ཡོད་པའི་དན་རྟགས་ཀྱང་། ཕྱི་རབས་ཀྱི་མི་བུ་ལ་གདམས་པའི་གཏེར་ཆོས། མ་ནི་བཀའ་འབུམ་དང་བཀའ་ཆེམས་ཀ་ཁོལ་མ་སོགས་ལས་ཧ་ཅང་གསལ་བོ་ཡིན་པའི་ངོས་ནས། ཆོས་རྒྱལ་སྲོང་བཙན་སྒམ་པོ་མཆོག་གཏམ་རྒྱུད་འདིའི་བདེན་པའི་དཔང་པོ་མཛད་དགོས་པ་དང་། མི་རབས་རྗེས་མར་བརྒྱུད་སྤེལ་བྱེད་རྒྱུའི་དམིགས་བསལ་ཐུགས་འགན་ཡོད་པར། རང་ཅག་མི་བུ་ཚང་མས་ཡིད་ཆེས་བྱས་ཆོག་པ་བསྟན།
མཐའ་དོན།
ང་ཚོས་ཆེས་སྟབས་བདེའི་ངང་ནས། གཏམ་རྒྱུད་ཐུང་ཐུང་འདིར་ཕྱིར་མིག་ཅིག་བལྟས་ན། རང་ཅག་གི་མེས་པོ་ཐོག་མ་ནི་སྤྲེའུའི་རིགས་ཤིག་ཡིན་ལ། ཤིང་ནགས་ལ་གནས་ཤིང་ཟས་སུ་ཤིང་ཏོག་ཟ་བ་དང་། མེས་མོ་ཐོག་མ་ནི་བྲག་སྲིན་གྱི་རིགས་ཤིག་སྟེ། བྲག་ལ་གནས་ཤིང་། ཟས་སུ་ཤ་རྗེན་ཟ་བའི་གཏམ་རྒྱུད་ཞིག་ཏུ་འདུག་ཀྱང་།
འདི་ནི་གཏམ་རྒྱུད་རང་ག་བ་ཞིག་ཁྱོན་ནས་མིན། གཏམ་རྒྱུད་འདི་ལ། ལོ་ངོ་སྟོང་ཕྲག་མང་པོའི་ངག་རྒྱུན་ཡོད་སྲིད་པ་དང་། ཆེས་མ་མཐར་ཡང་། ལོ་ངོ་ཆིག་སྟོང་བཞི་བརྒྱ་ལྷག་གི་ཡིག་རྒྱུན་ཡོད། གཏམ་རྒྱུད་འདིས། ཚན་རིག་གིས་ར་སྤྲོད་མ་བྱུང་བའི་སྔོན་ནས། འགྲོ་བ་མིའི་མི་རྒྱུད་ནི་སྤྲེལ་རིགས་དང་འབྲེལ་བ་ཡོད་པ་བསྟན་ཟིན་པ་མ་ཟད། ཐད་ཀར་སྤྲེལ་འགྱུར་ལས་བྱུང་བར་བརྗོད་པའི་ད་ལྟའི་ཚན་རིག་གི་ལྟ་བ་དང་བརྒལ་ནས། བོད་མི་རིགས་ནི་སྤྲེལ་དང་བྲག་སྲིན་ལས་མཆེད་པའི་བུ་རབས་ཡིན་པ་གསལ་ཡོད།
དེ་ལས་ཀྱང་གལ་ཆེ་བ་ནི། ང་ཚོ་ཁ་བ་རི་བ་ཡོད་དོ་ཅོག་ནས་བློ་དཔངས་མཐོན་པོར་བཏེག་ཏེ་སྤོབས་པ་དང་བཅས་ཤེས་དགོས་བ་ནི། གཏམ་རྒྱུད་འདི་ནི་ཨ་ཅག་གི་མི་རབས་ནས་མི་རབས་ཀྱི་མེས་པོ་མང་པའི་རྣ་བ་བརྒྱུད་ནས་འོང་བ་ཞིག་དང་། ད་དུང་མི་རབས་ནས་མི་རབས་ཀྱི་མ་འོངས་བའི་བུ་རབས་ཚ་རྒྱུད་དག་གིས་ངེས་བར་དུ་གསན་ཐུབ་དགོས་བ་ཞིག་ཡིན། གང་ཡིན་ཟེར་ན། གཏམ་རྒྱུད་འདི་ལ་གབ་པ་ནི། བོད་མི་རིགས་ཀྱི་འབྱུང་ཁུངས་དང་རིགས་རུས། བདག་དབང་། སྙིང་སྤོབས། ལོ་རྒྱུས་ཀྱི་དཔང་པོ་བཅས་ཡིན། མདོར་ན། གཏམ་རྒྱུད་འདི་ནི་ང་ཚོའི་མེས་པོ་དག་གིས། བསམ་གཟས་རྐང་བཙུགས་ནས། མི་རབས་གསར་བར་གཏེར་ཏུ་བཞག་པའི་ཤུལ་ནོར་ཡིན་ལ། ཆེས་སྤྱིར་བཏང་གི་གཏམ་རྒྱུད་འདིར་ཁ་བ་གངས་རི་བའི་མེས་པོ་ཡོད་ཚད་ཀྱི་བླ་སྲོག་ཞུགས་ཡོད་ལ། མ་འོངས་བའི་མི་རབས་ཡོད་ཚད་ཀྱི་ཚེ་སྲོག་ཀྱང་འདི་ལ་ཐུག་ཡོད།
ཆེ་ཆེ་གཏམ་དུ་རེ་ནས་ངས་མ་བྲིས། །
ཆུང་ཆུང་དོན་ལ་བསམ་ནས་ངས་མ་བསྐྱུར། །
རང་རང་ལས་ཀྱི་ལག་རྡང་མཉམ་པ་ཚོར། །
དུང་དུང་སེམས་ཀྱི་གཏམ་འདི་ངང་གིས་ཐལ། །





