བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་བདུན་གྱི་དྲུང་ཆེའི་ལས་གནས་ལས་བསྒྱུར་དང་དོན་གཅོད་གསར་པ་གཉིས་བཅས་བསྐོ་གཞག་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་རུ་གནས་སྤོ་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཤེས་རིག་དྲུང་ཆེ་རུ་གནས་སྤོ། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཆོས་རིག་དྲུང་ཆེར་གནས་སྤོ། ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་བདེ་སྲུང་དྲུང་ཆེ་རུ་གནས་སྤོ། བཀའ་དྲུང་ཡིག་ཚང་གི་ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས་ལས་ཁུངས་རང་འཇགས་ཐོག་བཀའ་དྲུང་དང་ཆབ་སྲིད་དྲུང་ཆེ་གཅིག་ལྕོགས། དེ་བཞིན་ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་ཆེ་ལ་བསྐོ་གཞག ནང་སྲིད་དྲུང་འཕར་ཐུབ་བསྟན་ཚེ་རིང་ལགས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་རུ་བསྐོ་གཞག ནང་སྲིད་དྲུང་འཕར་ཚེ་རིང་གཡུ་སྒྲོན་ལགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེའི་ལས་ཚབ་བཅས་སུ་བསྐོ་གཞག་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་དང་དྲུང་འཕར་གནས་སྤོར་དང་ལས་བསྒྱུར་གྱི་ཁྲོད་དུ། ཀརྨ་རིན་ཆེན་ལགས་ཀྱིས་དེ་རིང་ཕྱི་ཚེས་ ༡༡ ནས་བཟུང་ཕྱི་དྲིལ་དྲུང་ཆེའི་ལས་འཁུར་ཞུ་བཞིན་ཡོད་ཅིང་། ཀརྨ་ཆོས་དབྱིངས་ལགས་ཀྱིས་ཟླ་འདིའི་ཚེས་ ༡༥ ཉིན་ལས་འཁུར་ཞུ་རྒྱུ་དང་། འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་ཟླ་འདིའི་ཚེས་ ༡༧ ཉིན་ལས་འཁུར། བདུད་འདུལ་རྡོ་རྗེ་ལགས་ཀྱིས་ཟླ་འདིའི་ཚེས་ ༡༩ ནས་ལས་འཁུར། བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཟླ་འདིའི་ཚེས་ ༡༧ ཉིན་ལས་འཁུར། ཐུབ་བསྟན་ཚེ་རིང་ལགས་ཀྱིས་ཟླ་འདིའི་ཚེས་ ༡༨ ནས་ལས་འཁུར་ཞུ་རྒྱུ་ཡིན་ཞིང་། བཀྲ་ཤིས་རྒྱ་མཚོ་ལགས་དང་ཚེ་རིང་གཡུ་སྒྲོན་ལགས་གཉིས་ཀྱིས་ལས་སྤར་ལས་བསྒྱུར་གྱི་གནས་རིམ་ཐོག་ཟླ་འདིའི་ཚེས་ ༦ ནས་ལས་འཁུར་དབུ་འཛུགས་ཞུས་ཟིན་འདུག
དེ་བཞིན་དུ། ཁ་སང་ཕྱི་ཚེས་ ༡༠ ཉིན་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩ པའི་ནང་གསེས་ ༡ དགོངས་དོན་ལྟར། ཕྱི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་རྣམས་སྲིད་སྐྱོང་དང་བཀའ་བློན་ཚང་འཛོམས་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་བར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ་ཞེས་གསལ་བ་ལྟར། ལྷོ་ཨ་མི་རི་ཀའི་དོན་གཅོད་ཟུར་བ་དང་བོད་མིའི་སྒྲིག་འཛུགས་ཀྱི་བར་བརྒལ་ལས་བཀོད་སྡེ་ཚན་གྱི་དྲུང་ཆེ་འཇིགས་མེད་ཚེ་རིང་ལགས་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག་ཅིང་། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༨ ནས་ལས་འཁུར་མགོ་འཛུགས་ཞུ་གཏན་ཁེལ་འདུག་ལ། དབུས་འོས་བསྡུ་ལས་ཁང་གི་དྲུང་ཆེ་བློ་བཟང་ཆོས་གྲགས་ལགས་ཉི་ཧོང་དང་ཤར་ཨེ་ཤ་ཡའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།





