རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག བོད་རིགས་གཞོན་སྐྱེས་ཉིས་བརྒྱ་ལྷག་མཉམ་ཞུགས་ཀྱིས་ཨ་རིའི་ནང་གཞི་རྒྱ་ཆེ་བའི་བོད་དོན་ཞུ་གཏུག་ལས་འགུལ་ཞིག་སྤེལ་འདུག
བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་ནས་བླངས།
ཟླ་འདིའི་ཕྱི་ཚེས་ ༨ ནས་ ༩ བར་ཉིན་གྲངས་གཉིས་རིང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག ཨ་རིར་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་ཡོད་ཅིང་། བོད་དོན་ཞུ་གཏུག་གི་ལས་འགུལ་གྱི་མཛད་སྒོའི་ཐོག ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་བ་ལྕམ་ནེ་སི་པེ་ལོ་སི་མཆོག་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་ལགས་བཅས་གཙོས། ཨ་རིའི་མངའ་སྡེ་ ༢༧ ཙམ་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་སོགས་མི་གྲངས་ ༢༢༥ ལྷག་གིས་མཉམ་ཞུགས་གནང་ཡོད་འདུག་ལ། ཐེངས་འདིའི་བོད་དོན་ཞུ་གཏུག་ནི་བོད་རིགས་གཞོན་སྐྱེས་ཆེས་མང་བའི་ཞུ་གཏུག་ཅིག་ཀྱང་ཡིན་འདུག
ད་ལན་གྱི་བོད་དོན་ཞུ་གཏུག་གི་མཛད་སྒོའི་སྟེང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་བ་དང་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་པེ་ལི་སི་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཞིང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་རྣམ་གཉིས་ཀྱིས་བོད་དོན་ཞུ་གཏུག་དང་འབྲེལ་བའི་གསུང་བཤད་ཀྱང་གནང་འདུག་ལ། ད་ཐེངས་ཨ་རིའི་གྲོས་ཚོགས་འཐུས་མི་ ༡༡༠ ལྷག་དང་མཇལ་འཕྲད་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་དུ་བོད་ཀྱི་ཆོས་རིག་རྩ་གཏོར་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་མུས་ཡིན་པའི་གནད་དོན་སོགས་གླེང་སློང་གིས། བོད་དོན་ཞུ་གཏུག་གནང་ཕྱོགས་སོགས་ཀྱི་སྐོར་ལའང་གླེང་སློང་གནང་ཡོད་འདུག
དེ་བཞིན་ད་ལན་གྱི་བོད་དོན་ཞུ་གཏུག་སྐབས། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་། ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བོད་མིའི་སྒྲིག་འཛུགས་ལ་གང་ཅིའི་ཐོག་ནས་ངོས་འཛིན་དགོས་པ་སོགས་ཀྱི་གནད་དོན་ཚུད་པའི་ཁྲིམས་འཆར་གསར་པ་ཨང་ (H.R 8982) ངོ་སྤྲོད་གནང་ཡོད་པར་ཚད་མཐོའི་རྒྱབ་སྐྱོར་དང་གླེང་སློང་། དེ་བཞིན་མ་འོངས་པར་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཁྲིམས་འཆར་དེ་གླེང་སློང་དང་རྒྱབ་སྐྱོང་གནང་བར་རེ་སྐུལ་ཞུས་འདུག
ཨ་རིའི་གྲོས་ཚོགས་འོག་མའི་ནང་ངོ་སྤྲོད་གནང་བའི་ཁྲིམས་འཆར་གྱི་ནང་དོན་ཆ་ཚང་བ་ཡོངས་བསྒྲགས་གནང་མེད་ཀྱང་། ཁྲིམས་འཆར་དེས་ཨ་རིས་དབུས་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་གོང་མཐོར་གཏང་དགོས་པ་སོགས་ཀྱི་གནད་དོན་གཙོ་གླེང་བྱས་འདུག ད་ལྟའི་ཆར་ཁྲིམས་འཆར་དེ་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་འགོད་འབུལ་གནང་འདུག སྤྱིར་ཨ་རིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཁྲིམས་འཆར་གྱི་ཚིག་བརྗོད་དང་ནང་དོན་ལ་ཞིབ་འཇུག་གནང་གྲུབ་རྗེས། གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་བགྲོ་གླེང་དང་འོས་བསྡུ་གནང་བ་བརྒྱུད་གཏན་འབེབས་གནང་དགོས་ཀྱི་ཡོད་པ་དང་། མང་མོས་གཏན་འབེབས་ཀྱི་ཐོག་ནས་སྲིད་འཛིན་གྱིས་མཚན་རྟགས་བཀོད་པའི་ཉིན་མོ་ནས་ལག་བསྟར་གྱིས་ཨ་རིའི་ཁྲིམས་སུ་འགྱུར་གྱི་ཡོད་པ་རེད།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།