༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་ཀྱི་གཤག་བཅོས་ལེགས་གྲུབ་བྱུང་སྟེ་ཉིན་གྲངས་གསུམ་རིང་སྐུ་ལྷོད་བཞུགས་མཛད་རྗེས་དེ་རིང་ལྡི་ལི་བོད་ཁྱིམ་གྱི་གཟིམས་ཆུང་དུ་ཆིབས་བསྒྱུར་བསྐྱངས།

དེ་རིང་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་སྟེ་ལྡི་ལིའི་ཨེ་པོ་ལོ་སྨན་ཁང་ནས་རོ་ཧི་ནི་བོད་ཁྱིམ་སྡོད་ཁང་གི་གཟིམས་ཆུང་དུ་ཆིབས་བསྒྱུར་བསྐྱངས་པ་དང་བསྟུན། དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨིན་དྷ་ར་པ་ར་སི་ཐ་ཨེ་པོ་ལོ་སྨན་ཁང་ (Indraprastha Apollo Hospital ) གི་དབང་རྩ་དང་རུས་རྐང་ཆེད་མཁས་སློབ་སྟོན་པ་ཆེན་མོ་སྨན་པ་རཱ་ཇེ་ཤི་མཱ་ལོ་ཏ་ར་ (Dr. Rajesh Malhotra) ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་ཀྱི་གཤག་བཅོས་ལེགས་གྲུབ་བྱུང་ཡོད་པ་མ་ཟད། ད་ལྟའང་༧མགོན་པོ་གང་ཉིད་མཆོག་གི་སྐུ་གཟུགས་གསལ་ཐང་ཡིན་སྐོར་སོགས་གསུངས་འདུག
སྨན་པ་རཱ་ཇེ་ཤི་ལགས་ཀྱིས། སྨན་བཅོས་གནང་བའི་རིང་༧གོང་ས་མཆོག་གི་སྐུ་སྒེར་སྨན་པའི་ཚོགས་ཆུང་དང་། དགའ་ལྡན་ཕོ་བྲང་ཡིག་ཚང་གི་ཞབས་ཞུ་བ་རྣམས་ཀྱིས་ཨེ་པོ་ལོ་སྨན་ཁང་གི་འཛིན་སྐྱོང་དང་སྨན་པའི་ལས་བྱེད་ཚོགས་ཆུང་དང་ལྷན་དུ་འཕྱ་གྲུ་མཉམ་འདེགས་གནང་བྱུང་ལ། ད་ལྟའི་ཆར་༧མགོན་པོ་གང་ཉིད་མཆོག་གི་སྐུ་གཟུགས་བདེ་ཐང་ཡིན་པ་མ་ཟད། མགྱོགས་མྱུར་དྲག་སྐྱེད་བཞེས་པའི་རེ་བ་ཞུ་བཞིན་ཡོད། དེ་རིང་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་གྱི་སྔ་དྲོར་སྨན་ཁང་ནས་ཕེབས་ཐོན་གནང་ཟིན་པ་རེད། ཅེས་དང་། ཨེ་པོ་ལོ་སྨན་ཁང་དང་སྨན་པའི་ཚོགས་ཆུང་གིས་༧གོང་ས་རྒྱལ་བ་མཆོག་ལ་སྨན་བཅོས་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་ཐོབ་པར་དགའ་སྤོབས་ཆེན་པོ་བྱུང་། ང་ཚོར་ཡིད་ཆེས་དང་གདེང་འཇོག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ༧གོང་ས་རྒྱལ་བ་མཆོག་ལ་ཞབས་འདེགས་ཞུ་རྒྱུ་བྱུང་བར་སྐལ་བ་བཟང་པོ་ཞིག་ཏུ་བརྩི་ཡི་ཡོད། ཅེས་གསལ་བསྒྲགས་གནང་འདུག
ཕྱི་ལོ་ ༢༠༢༤ ཟླ ༦ ཚེས་ ༢༨ ཉིན་ཨ་རིའི་ནེའུ་ཡོག་གི་ (Hospital of Special Surgery) ཞེས་དམིགས་བསལ་བཤག་བཅོས་སྨན་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་ཞབས་པུས་གཡས་པ་སྨན་བཅོས་གནང་ཡོད་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་གཡོན་མའི་སྨན་བཅོས་ལེགས་གྲུབ་བྱུང་སྟེ་ཉིན་གྲངས་གསུམ་རིང་སྐུ་ལྷོད་བཞུགས་མཛད་རྗེས། དེ་རིང་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་༧མགོན་པོ་གང་ཉིད་མཆོག་ཨེ་པོ་ལོ་སྨན་ཁང་ནས་རོ་ཧི་ནི་བོད་ཁྱིམ་སྡོད་ཁང་གི་གཟིམས་ཆུང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཟླ་འདིའི་ཟླ་མཇུག་ཙམ་ལ་ལ་དྭགས་སུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ།





