རྒྱ་ནག་གཞུང་གིས་བོད་གཞིས་ཀ་རྩེ་རྣམ་གླིང་རྫོང་ཁོངས་ཀྱི་སློབ་གྲྭ་ ༡༡༠ ནང་ཁུང་ཙིའི་སློབ་གསོ་སློབ་ཁྲིད་ལག་བསྟར་བྱས་ཡོད་ཅིང་། དེ་ནི་ཡོངས་གྲགས་ཐོག་བོད་ནང་དུ་ཁུང་ཙིའི་སློབ་གསོ་སྤེལ་བ་ཐོག་མར་གྱུར།
རྒྱ་ནག་གཞུང་གིས་ཀྲུང་ཧཱ་མི་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ་རྒྱལ་ཁབ་ཀྱི་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ་ཟེར་བའི་མིང་འོག་ནས་བོད་གཞིས་ཀ་རྩེ་རྣམ་གླིང་རྫོང་ཁོངས་ཀྱི་སློབ་གྲྭ་ ༡༡༠ དང་ལས་ཁུངས་ ༥༠ ་ནང་དུ་ཁུང་ཙིའི་སློབ་གསོ་དར་སྤེལ་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་འདུག་ལ། སྲིད་ཇུས་དེ་ནི་བོད་པའི་བྱིས་པ་རྣམས་རང་གི་སྐད་ཡིག་དང་ཤེས་ཡོན་སློབ་གསོ་ལས་ཁ་བྲལ་གཏོང་ཐབས་ཤིག་ཡིན་འདུག
རྣམ་གླིང་རྫོང་ཁོངས་ཀྱི་སློབ་གྲྭ་ཁག་ཏུ་ཁུང་ཙིའི་སློབ་གསོ་ལག་བསྟར་འཁྲིད་བཞིན་པ་འདི་ནི། ད་སྔ་བར་ཡོངས་གྲགས་ཀྱི་ཐོག་ནས་བོད་ནང་དུ་ཁུང་ཙིའི་སློབ་གསོ་སྤེལ་བ་ཐོག་མར་གྱུར་ཡོད། རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཁུང་ཙིའི་སློབ་གསོ་ལྟེ་གནས་ཁང་བརྒྱུད་ནས་དམར་ཤོག་ཚོགས་པའི་ལྟ་གྲུབ་དང་ཆབ་སྲིད་ཁྱབ་སྤེལ་དང་རྒྱ་བསྐྱེད་ཀྱི་ལག་ཆར་བཀོལ་སྤྱོད་བྱས་པར་བརྟེན། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་མང་པོས་རྒྱལ་སྲིད་བདེ་འཇགས་དང་སློབ་གསོའི་རང་དབང་སོགས་ལ་ཉེན་ཁ་ཆེ་བའི་ངོས་འཛིན་འོག ད་སྔ་བར་ཨ་རིར་ཡོད་པའི་ཁུང་ཙི་ལྟ་གནས་ཁང་ ༡༡༨ ལས་ ༡༠༤ སྒོ་བརྒྱབ་ཡོད་ཅིང་། དེ་བཞིན། འཇར་མན་དང་ཨོ་གླིང་སོགས་ནུབ་ཕྱོགས་རྒྱལ་ཁབ་མང་པོས་འདས་པའི་ལོ་ཟླའི་ནང་རིམ་བཞིན་ཁུང་ཙི་ལྟེ་གནས་ཁང་མང་པོ་སྒོ་བརྒྱབ་ཡོད། རྒྱ་ནག་གཞུང་ཕྱོགས་ཀྱི་གྲངས་ཐོ་ལྟར་ན། འདས་པའི་ལོ་ཤས་ནང་ཕྱིའི་རྒྱལ་ཁབ་ ༡༦༠ ཡི་སློབ་ཆེན་དང་མཐོ་སློབ་ཁག་ནང་ཁུང་ཙི་ལྟེ་གནས་ཁང་ ༥༠༠ ལྷག་མཉམ་འབྲེལ་འཛུགས་སྐྲུན་དང་ཁུང་ཙི་སློབ་ཆུང་ཟེར་བ་ ༡༡༧༢ བཙུགས་ཡོད་པ་དང་། ད་ལྟའི་བར་སློབ་གྲྭ་དེ་དག་ནང་སློབ་གཉེར་བ་ཁྲི་ ༩༡༦ དང་། མི་གྲངས་ཁྲི་ ༡ ལྷག་གིས་ཁུང་ཙི་རིག་གནས་ལ་དང་ལེན་བྱས་ཡོད་སྐོར་སོགས་བརྗོད་ཡོད་པ་རེད།
རྒྱ་ནག་གིས་བོད་ནང་དུ་ཁུང་ཙིའི་སློབ་གསོ་སྤེལ་བཞིན་པའི་གནས་ཚུལ་འདིའི་རྒྱབ་ལྗོངས་སོགས་ཐོན་རིམ་བཞིན་མུ་འགོད་བྱ་རྒྱུ་ཡིན།
གསར་འགོད་པ། སྐལ་བཟང་སྦྱིན་པ།





