གཞུང་ཁོངས་མིན་པའི་ཚོགས་པ་ཁག་གཙོས་བོད་མི་རྣམས་ཀྱིས་རྒྱ་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་བྱས་པར་ངོ་རྒོལ་བྱས་ཏེ་གང་མགྱོགས་བོད་ནང་ཁྲིམས་སྒྲིག་དེ་ལག་བསྟར་བྱེད་མཚམས་གཞག་དགོས་པའི་རེ་སྐུལ་ཞུས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
དེ་རིང་ཕྱི་ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ཟེར་བའི་ཁྲིམས་དེ་དངོས་སུ་བོད་ནང་དུ་ལག་བསྟར་བྱེད་མགོ་འཛུགས་ཀྱིན་ཡོད་པ་ལྟར། བཞུགས་སྒར་དྷ་སའི་ཁུལ་གྱི་གཞུང་ཁོངས་མིན་པའི་ཚོགས་པ་སྟེ་བོད་ཀྱི་བུད་མེད་ལྷན་ཚོགས་དང་། རྒྱལ་ཡོངས་དམངས་གཙོ་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག དྷ་སའི་ཁུལ་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་བ་མ་ཟད། ལྡེ་ར་ལྡུན་ཁུལ་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་འཚོག་མུས་ཡིན་པ་དང་བསྟུན་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཞིག་ཀྱང་སྤེལ་སོང་། དེ་བཞིན་ཨོ་གླིང་གཙོས་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་པར་ངོ་རྒོལ་བྱས་དང་བྱེད་མུས་ཡིན་འདུག
གཞུང་ཁོངས་མིན་པའི་ཚོགས་པ་བཞི་ཡི་གསལ་འགོད་བསྒྲགས་གཏམ་ཁྲོད། ཕྱི་ལོ་ ༢༠༢༦ ལོའི་ཟླ་༧ ཚེས་ ༡ ཉིན་བོད་ཀྱི་གཞུང་ཁུངས་མ་ཡིན་པའི་ཚོགས་པ་ཆེ་ཁག་བཞི་དང་། རྒྱལ་སྤྱིའི་ལས་འགུལ་བ་རྣམས་ཀྱིས་རྒྱ་ནག་དམར་གཞུང་གི་བོད་མི་རྣམས་ལ་བཙན་དབང་གིས་སྒོ་ནས་བོད་མི་རིགས་ཀྱི་ངོ་བོ་གཏོར་བཤིག་གཏོང་ཆེད་མི་རིགས་མཐུན་སྒྲིལ་དང་། ཡར་རྒྱས་སྐུལ་འདེད་ཀྱི་ཁྲིམས་འཆར་གསར་པ་དེ་ལག་བསྟར་བྱས་པར་ངོ་རྒོལ་དང་སྐྱོན་བརྗོད་མཐའ་ཅིག་ཏུ་ཞུ་ཆེད། དེ་རིང་རྒྱལ་སྤྱིའི་ལས་འགུལ་གྱི་ཉིན་མོར་ལས་འགུལ་སྤེལ་བ་ཞིག་ཡིན། ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༧ ཚེས་ ༡ ཉིན་ནི་བོད་ཀྱི་འཚོ་གནས་ལ་གོད་ཆག་ཆེན་པོ་བཟོ་བའི་འགྱུར་ལྡོག་གི་ཉིན་མོ་ཞིག་ཆགས་ཀྱི་ཡོད། རྒྱ་གཞུང་གིས་མི་རིགས་མཐུན་སྒྲིལ་དང་། ཡར་རྒྱས་སྐུལ་འདེད་ཀྱི་ཁྲིམས་འཆར་གསར་པ་དེ་དེ་རིང་དངོས་སུ་ལག་བསྟར་བྱེད་ཀྱི་ཡོད། ཁྲིམས་དེའི་མིང་སྟོང་པ་དེའི་རྒྱབ་ཏུ་གདུག་རྩུབ་ཀྱི་དོན་དངོས་ཤིག་ཡོད། དེ་ནི་དེ་རིང་ནས་བཟུང་བོད་མི་རིགས་ཀྱི་ངོ་བོ་དང་། སྐད་ཡིག རིག་གཞུང་དང་བཅས་པ་བཙན་དབང་གིས་མེད་པར་བཟོ་རྒྱུ་དེ་རྒྱ་ནག་རྒྱལ་ཁབ་ཀྱི་ཁྲིམས་སུ་གཏན་འབེབས་བྱས་ཡོད། ལོ་ངོ་མང་པོའི་རིང་ལ་བོད་པའི་བྱིས་པ་ས་ཡ་གཅིག་ལྷག་ཙམ་རིམ་བཞིན་ཁོང་ཚོའི་ཕ་མ་དང་ཁ་བྲལ་ནས་རྒྱལ་ཁབ་ཀྱིས་བདག་གཉེར་བྱེད་པའི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཅུག་ཡོད། དེ་རིང་ཉིན་མོ་འདིར་ཁྲིམས་དེ་དངོས་སུ་ལག་བསྟར་དང་མཉམ་དུ་སྲིད་ཇུས་གཏན་འབེབས་བྱས་ཡོད། དེས་གཅིག་གྱུར་གྱི་རྒྱ་ཧན་མི་རིགས་ལྟེ་བར་བཟུང་བའི་རྒྱལ་ཁབ་ཀྱི་ངོ་བོའི་ནང་དུ་འདྲེས་སུ་འཇུག་རྒྱུར་གཙོ་བོར་བཟུང་བ། སློབ་གྲྭ་དང་མང་ཚོགས་ཀྱི་འཚོ་བའི་ནང་དུ་རྒྱ་ཧན་མི་རིགས་ཀྱི་སྐད་ཡིག་ལ་གཙོ་བཟུང་བྱས་ཡོད། དེ་བས་རྒྱལ་ཁབ་ཀྱིས་བཀོད་སྒྲིག་བྱས་པའི་སྤྱི་ཚོགས་འདྲེས་སུ་འཇུག་རྒྱུར་དོ་ནན་པོ་བཟོས་པ། དེ་བཞིན་དུ་བོད་མི་རིགས་ཀྱི་མཐུན་སྒྲིལ་ལ་ཉེན་ཁ་ཡོད་པར་ངོས་འཛིན་བྱེད་པའི་ཉེན་ཁ་ཆེ་རུ་བཏང་ཡོད། དེ་བས་གལ་ཆེ་བ་ཞིག་ལ་རྒྱ་གཞུང་གིས་བོད་པ་ཚོར་ཞི་བའི་ཐོག་ནས་བོད་ཀྱི་ངོ་བོ་དང་། སྐད་ཡིག སྲོལ་རྒྱུན་མཚོན་པར་བྱེད་པའི་རིག་གཞུང་དང་བྱ་སྤྱོད་ཐ་དག་ལ་ཉེས་ཆད་གཅོད་ཆོག་པའམ་རྩ་མེད་གཏོང་ཆོག་པའི་སྲིད་ཇུས་བཟོས་ཡོད། ཅེས་གསལ་འདུག
ཡང་བསྒྲགས་གཏམ་ནང་དགོས་འདུན་དོན་ཚན་ཁག་ཅིག་ནན་བརྗོད་བྱས་པའི་ནང་། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ཉིན་གྱི་བཀའ་ཁྲིམས་ལག་བསྟར་ལ་ངོ་རྒོལ་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་དང་། ཡར་རྒྱས་གཏོང་བའི་ཁྲིམས་ཞེས་པ་མངོན་གསལ་དོད་པོས་ངོས་ལེན་མི་བྱེད་པ། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་ཚོས་རྒྱ་ནག་གིས་མིང་རྟགས་བཀོད་པའི་རྒྱལ་སྤྱིའི་ཆིངས་ཡིག་དང་འགལ་ཡོད་པས། དེ་འཕྲལ་དུ་ཕྱིར་འཐེན་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ། མི་སེར་སྡོད་སའི་སློབ་གྲྭ་རྩ་མེད་བཟོ་བ། བོད་ཀྱི་བྱིས་པ་རྣམས་ལ་དམག་དོན་ལྟ་བུའི་སྦྱོང་བརྡར་དང་། ཕ་མ་དང་ཁ་བྲལ་བའི་བཙན་ཤེད་ཀྱི་ལམ་ལུགས་མཇུག་སྒྲིལ་ཆེད། རྒྱ་ནག་དབུས་གཞུང་ལ་ད་ལྟའི་བོད་ནང་ཡོད་པའི་གཏན་འཇགས་སློབ་གྲྭ་ཁག་འཕྲལ་དུ་འཚམས་འཇོག་དང་ཕྱིར་འཐེན་བྱ་དགོས་པའི་གནོན་ཤུགས་སྤྲད་རྒྱུ། རང་དབང་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་བཤེར་བྱེད་དགོས་པ། བོད་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་དང་། རང་དབང་གི་ལྟ་ཞིབ་པ་ཚོར་བོད་ཀྱི་སློབ་གྲྭ་ཁག་ལ་ལྟ་ཞིབ་བྱེད་པའི་ཆེད་དུ། རྒྱ་ནག་གིས་འགོག་རྐྱེན་མེད་པའི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ། ཅེས་གསལ་འདུག མཛད་སྒོར་གྲུབ་རྗེས་དྷ་ས་མེག་རྒན་སུམ་མདོ་ནས་གཙུག་ལག་ཁང་བར་ཞི་བའི་ངོ་རྒོལ་གྱི་གྲོམས་འགྲོས་ཤིག་ཀྱང་གནང་སོང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ་ཁྲོད། ཁྲིམས་འགལ་གྱི་ཁྲིམས་ཡིག་འདིའི་དམིགས་ཡུལ་ནི། རྒྱ་དམར་སྲིད་གཞུང་རང་གི་བཙན་འོག་ན་སྡུག་སྦྱོང་མནར་གཅོད་དང་། དཀར་སྡུག་མྱངས་དང་མྱོང་བཞིན་པའི་བོད་གཙོ་བོར་གྱུར་བའི་མི་རིགས་ཁག་གི་མི་མང་ཚོའི་བསམ་བློའི་འདུ་ཤེས་དང་། འགྲོ་བ་མིའི་ཐོབ་ཐང་། བྱིས་པའི་རང་དབང་སོགས་རྩིས་མེད་རྡོག་རོལ་དུ་གཏང་རྒྱུ་ཙམ་མ་ཟད། མི་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་སྐད་དང་ཡི་གེ ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས། མདོར་ན་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཡོད་ཚད་རྩ་གཏོར་དང་རྩ་མེད་སྔར་ལྷག་ཇེ་མགྱོགས་གཏོང་ཐབས་སུ་རྒྱལ་སྤྱིར་མགོ་སྐོར་གྱིས་བྱས་ཉེས་དེ་དག་ཁྲིམས་མཐུན་ཡིན་ཁུལ་གྱིས་སྔོན་ཚུད་ནས་ཀུན་སློང་ངན་པ་དང་། ཚད་ལྡན་མ་ཡིན་པའི་ཁྲིམས་ཡིག་ལེའུ་བདུན་དང་དོན་ཚན་རེ་ལྔ་ཡོད་པའི་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་ཁྲིམས་འགལ་གྱི་ཁྲིམས་ཡིག་ཅིག་གཏན་འབེབས་བཙན་འགེལ་བྱས་ཡོད་པ་དེ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༥ པ་འདིའི་ཐོག་ནས་དགྲ་བོ་རྒྱ་དམར་སྲིད་གཞུང་གི་མི་རིགས་བཙན་སྒྱུར་གྱི་ཁྲིམས་ཡིག་དེར་ངོས་ལེན་རྩ་བ་ནས་མེད་ཅེས་ནན་བརྗོད་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཅེས་གསལ་འདུག
དགོས་འདུན་དོན་ཚན་ཁག་བཞི་ཡི་ནང་། རྒྱ་གར་རྒྱལ་ཁབ་གཙོས་བྱས་པའི་རྒྱལ་སྤྱིའི་མང་གཙོའི་རྒྱལ་ཁབ་ཚང་མས་རྒྱ་དམར་སྲིད་གཞུང་གིས་བཙན་དབང་དང་ངན་བྱུས་འོག་བཞག་པའི་ཁྲིམས་འགལ་གྱི་ཁྲིམས་ཡིག་དེ་རྩིས་མེད་དུ་གཏོང་དགོས། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་། འགྲོ་བ་མིའི་ཐོབ་ཐང་ཚན་པ་ཁག་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་བབ་ཐད་ངེས་པར་འགན་འཁུར་གྱིས་ཡ་ལན་ཡོད་པ་ཞིག་དགོས་རྒྱུ། དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭས་གཙོས་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ངེས་པར་མཚམས་འཇོག་དགོས་རྒྱུ། དགྲ་བོ་རྒྱ་གཞུང་གིས་༼ མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཁྲིམས་ཡིག་༽ ཅེས་པ་ལག་བསྟར་གྱིས་བོད་མི་རིགས་བཙན་སྒྱུར་དང་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་ཐབས་ཀྱི་སྲིད་བྱུས་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་ཡོངས་སུ་འགལ་ཡོད་པས། རྒྱལ་སྤྱིའི་སྲིད་གཞུང་དང་འགྲོ་བ་མིའི་ཐོབ་ཐང་ཚན་པ་ཁག་ནས་འགན་འཁུར་དཔུང་ཞིབ་གནང་ཐོག་རྒྱ་གཞུང་ལ་གནོན་ཤུགས་ངེས་པར་སྤྲད་རྒྱུའི་རེ་སྐུལ་ཞུ་བཅས་ཡིན་འདུག
ད་ལྟ་ཨ་རི་གཙོས་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམ་པ་དང་ཤེས་ཡོན་པ། བསམ་བློ་བ་སོགས་ཀྱིས་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་མགོ་བཙུགས་པར་སྐྱོན་བརྗོད་བྱས་དང་བྱེད་མུས་ཡིན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་གྲོས་ཚོགས་འཐུས་མི་བཞི་ཡིས་རྒྱ་ནག་གི་ཁྲིམས་གསར་དེར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་ཆེད་འདོན་གནང་ཞིང་། དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཚོགས་ཆུང་དང་གྲོས་ཚོགས་འཐུས་མི་དང་ཡུ་རོབ་བྱང་ཕྱོགས་ (Baltic) རྒྱལ་ཁབ་གསུམ་དང་ཨི་ཊ་ལི། དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ་སོགས་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱ་གཞུང་གི་ཁྲིམས་གསར་དེར་ངོ་རྒོལ་བསྒྲགས་གཏམ་ཚ་ནན་སྤེལ་འདུག ཕྱི་ཟླ་ ༦ ཚེས་ ༢༠ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་ཝོལ་ཀར་ (Volker Türk) ལགས་ཀྱིས། འདི་ལོའི་ཕྱི་ཟླ་ ༣ པའི་ནང་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེས་བོད་མི་དང་ཡུ་གུར་བ། ལྷོ་སོག་སོགས་དྲག་གནོན་མྱོང་བཞིན་པའི་གྲངས་ཉུང་མི་རིགས་ལ་གནོན་ཤུགས་འཕར་མ་སྤྲད་རྒྱུའི་ལས་གཞི་ཞིག་ཆགས་ཉེན་ཡོད་ཅིང་། ཁྲིམས་གསར་དེ་ཕྱི་ཟླ་ ༧ ཚེས་ ༡ ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་མ་ཟད། རྒྱ་ནག་གི་ཁྲིམས་གསར་པ་དེས་གྲངས་ཉུང་མི་རིགས་ཀྱི་སྨྲ་བརྗོད་རང་དབང་། ཆོས་དད་རང་དབང་། འདུ་འཛོམས་ཀྱི་རང་དབང་། དེ་བཞིན་སོ་སོའི་སྐད་ཡིག་དང་རིག་གཞུང་བཅས་ཀྱི་རང་དབང་ལ་ཕྱོགས་ཡོངས་ནས་དམ་དྲག་ཇེ་ཆེར་འགྲོ་ཉེན་ཡོད་སྟབས། རྒྱ་ནག་གི་མགོ་ཁྲིད་ཚོས་ཁྲིམས་དེ་ཕྱིར་འཐེན་བྱ་དགོས་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་ཡོངས་རྫོགས་མཚམས་འཇོག་བྱ་དགོས་པའི་ནན་བརྗོད་གནང་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།