ཉེ་ལམ་རྒྱ་གར་གཞུང་གིས་འཁོར་སྐར་བརྒྱུད་རྒྱ་ནག་གཞུང་གིས་སུ་བྷན་སི་རུ་སྟེང་མ་རྫོང་ཁུལ་དུ་གཞུང་ལམ་གསར་རྒྱག་གིས་རླངས་འཁོར་ཤར་གཏོང་བྱེད་མུས་ཡིན་པ་ཤེས་རྟོགས་བྱུང་འདུག
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
དེ་རིང་རྒྱ་གར་གྱི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཉེ་ལམ་རྒྱ་གར་གཞུང་གིས་མཁའ་དབྱིངས་འཁོར་སྐར་བརྒྱུད་རྒྱ་ནག་གཞུང་གིས་སུ་བྷན་སི་རུ་སྟེང་མ་(Upper Subansiri ) རྫོང་ཁུལ་དུ་གཞུང་ལམ་གསར་རྒྱག་གིས་རླངས་འཁོར་ཤར་གཏོང་བྱེད་མུས་ཡིན་པ་ཤེས་རྟོགས་བྱུང་ཡོད་ཅིང་། དེ་ནི་རྒྱ་ནག་གི་ཧིན་བོད་མཐའ་མཚམས་སུ་གསར་རྒྱག་བྱས་པའི་གཞུང་ལམ་གསར་ཤོས་ཤིག་ཏུ་ངོས་འཛིན་བྱེད་མུས་ཡིན་པའི་ཁར། ཕྱི་ལོ་ ༡༩༡༤ ལོའི་གྲོས་ཆོད་ལས་བྱུང་བའི་མེག་མོ་ཧན་ས་ཐིག་ (McMahon Line) གཏན་འབེབས་བྱས་པའི་ས་ཁུལ་ནས་བརྒལ་ནས་གསར་རྒྱག་བྱས་ཡོད་འདུག
ད་ལྟ་རྒྱ་ནག་གཞུང་གིས་གསར་རྒྱག་བྱས་པའི་གཞུང་ལམ་དེ་ནི། ཕྱི་ལོ་ ༢༠༢༡ ལོར་ཨ་རུ་ན་ཅལ་མངའ་སྡེའི་ཧིན་བོད་མཐའ་མཚམས་སུ་གསར་རྒྱག་བྱས་པའི་གྲོང་གསེབ་དང་། འདི་ལོར་ཁུལ་དེར་གསར་འཛུགས་བྱ་རྒྱུའི་གཞིས་ཆགས་གསར་པ་ཞིག་ཏུ་སྦྲེལ་ཡོད་ལ། མཐའ་མཚམས་ཀྱི་གྲོང་གསེབ་དེ་གཉིས་ཀར་ཐད་འཕུར་གནམ་གྲུ་འབབ་སའི་ཐང་དང་ཨར་འདམ་བཟོ་གྲྭ་སོགས་མི་མང་དང་དམག་དོན་གཉིས་ཀར་བེད་སྤྱོད་ཆོག་པའི་མཐུན་རྐྱེན་ཡོད་པའི་ཁར། ཕྱི་ལོ་ ༢༠༢༡ ལོར་གསར་རྒྱག་བྱས་པའི་གྲོང་ཚོ་དེ་ནི། ཕྱི་ལོ་ ༢༠༡༣ ཙམ་ནས་རྒྱ་ནག་གི་མཐའ་སྲུང་དམག་མིས་རོགས་འདེགས་དང་རྒྱབ་སྐྱོར་གྱི་ཐོག་ནས་གསར་རྒྱག་བྱས་མགོ་བཙུགས་ཡོད་པའི་མུར། ཕྱི་ལོ་ ༢༠༢༦ ལོར་གསར་རྒྱག་བྱ་འཆར་ཡོད་པའི་གཞིས་གྲོང་དེ་ནི། ཉི་གློག་དང་རླངས་འཁོར་འཇོག་ས། རྨང་གཞི་ལས་གཞི་ཡོངས་སུ་ལེགས་གྲུབ་ཟིན་འདུག
སུ་བྷན་སི་རུ་སྟེང་མ་ཁུལ་གྱི་ནཱ་ཧ་མི་རིགས་ཀྱི་མེས་པོ་རྣམས་འཚོ་སྡོད་བྱ་ས་དང་། སེམས་ཅན་གྱི་རྩྭ་ར། དེ་བཞིན་རི་དྭགས་རྔོན་ས་སོགས་སུ། རྒྱ་ནག་གཞུང་གིས་གཞུང་ལམ་གསར་རྒྱག་དང་། འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱེད་ཀྱིན་ཡོད་པའི་གླེང་སློང་ཤུགས་ཆེན་བྱུང་རྐྱེན་དོ་སྣང་བྱུང་སྟེ། རྒྱ་གར་གཞུང་གིས་མི་ལོ་དྲུག་ཙམ་གྱི་གོང་ནས་རྒྱ་ནག་གི་མཐའ་སྲུང་དམག་མིར་ཉེན་བརྡ་སོགས་བཏང་ནའང་། རྒྱ་ནག་གཞུང་གིས་ཡ་མེད་དུ་བཞག་ནས་འཛུགས་སྐྲུན་བྱེད་སྐབས། རྒྱ་གར་གཞུང་དང་གསར་ལམ་ཁག་གིས་གནད་དོན་དེའི་ཐོག་སྣང་མེད་བཞག་སྟབས། རྒྱ་ནག་གིས་ལས་གཞི་མུ་མཐུད་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་རེད། ཕྱི་ལོ་ ༢༠༡༩ ལོར་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་སྐུ་ཞབས་ཏ་པིར་གྷའོ་ (Tapir Gao) ལགས་ཀྱིས། རྒྱ་གར་གྱི་གསར་ཁང་ཁག་ལ། རྒྱ་ནག་གཞུང་གིས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེ་ཁུལ་དུ་འཛུགས་སྐྲུན་བྱེད་མུས་ཡིན་པའི་གནས་ཚུལ་འདོན་སྤེལ་བྱེད་མཁན་གཅིག་ཀྱང་མི་འདུག ཅེས་སྐྱོན་བརྗོད་གནང་འདུག
ཨེན་ཌི་ཨེ་གསར་ཁང་ལྟར་ན། རྒྱ་གར་ལ་མཚོན་ནའང་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་ཁུལ་དུ་གསར་བསྐྲུན་གྱི་ལས་གཞི་མང་དག་ཅིག་སྤེལ་མུས་ཡིན་པའི་ཁྲོད། བྷུམ་སྡེ་ལ་(Bomdila) ནས་ཝི་ཇེ་ན་སྒར་(Vijaynagar) བར་གཞུང་ལམ་གསར་རྒྱག་དང་། ཕྱི་ལོ་ ༢༠༢༩ བར་ཀ་རོ་(crore) ཁྲི་བཞི་ལྷག་གི་འགྲོ་གྲོན་བཏང་ནས་སྤྱི་ལེ་ ༨༠༠ ཅན་གྱི་ཕུག་ལམ་དང་ཟམ་པ་སོགས་ཚུད་པའི་འཛུགས་སྐྲུན་རིགས་ལེགས་གྲུབ་ཡོང་ཐབས་བྱ་རྒྱུ་དང་། གྲོང་སྡེ་ ༦༦༢ ཅན་ཞིག་དང་། ༡༢༢ ཅན་ཞིག་གསར་རྒྱག་གིས་ཡུལ་སྐོར་བ་གང་མང་ཧིན་བོད་མཐའ་མཚམས་ཁུལ་དུ་ཤར་གཏོང་བྱ་རྒྱུ་ཡིན་འདུག
དེ་བཞིན་རྒྱ་གར་གཞུང་གིས་ཧིན་བོད་མཐའ་མཚམས་ཁུལ་དུ་རྒྱ་ནག་གི་གནོན་ཤུགས་དང་འཇབ་རྒོལ་སོགས་མི་ཡོང་སླད། མཐའ་མཚམས་བརྟན་སྲུང་བྱེད་ཀྱི་ཡོད་ཀྱང་། ཕྱི་ལོ་ ༢༠༢༠ ལོ་དང་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ནང་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་གདོང་ཐུག་བྱུང་བའི་གནད་དོན་དང་། ད་ལྟའི་རྒྱ་གར་མཐའ་མཚམས་ཁུལ་གྱི་གནས་བབ་ལ་གཞིགས་ནས། རྒྱ་གར་གཞུང་གིས་ཧིན་སྒོར་བྱེ་བ་ ༡༨༠༠ ལྷག་གི་འགྲོ་སོང་བཏང་ནས་བོད་ཧིན་གཉིས་ཀྱི་མཐའ་མཚམས་ས་ཐིག་ (LAC) ཁུལ་དུ་དམག་སྒར་སོགས་བཟོ་རྒྱུ་ཡིན་པ་མ་ཟད། ཕྱི་ལོ་ ༢༠༢༥ ནང་ཚུད་རྒྱ་གར་གཞུང་གིས་ཧིན་སྒོར་བྱེ་བ་ ༡༦༨༡ ལྷག་གི་མ་དངུལ་བཏང་ནས་དར་ཆ་ནས་སྙེ་མོ་མཐུད་པའི་སྤྱི་ལེ ༤།༡ ཅན་གྱི་ཕུག་ལམ་གསར་རྒྱག་བྱས་ཏེ། ད་ལྟ་རྒྱ་གར་བྱང་ཁུལ་ནས་མཐའ་མཚམས་ཁུལ་དུ་དམག་མི་འགྲེམ་འཇོག་དང་མཚོན་ཆ་དབོར་འདྲེན་སྟབས་ཇེ་བདེར་ཡོང་ཐབས་བྱེད་ཀྱིན་ཡོད་འདུག
རྒྱ་ནག་གཞུང་གིས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ཧིན་བོད་ས་མཚམས་སུ་ཁེལ་བའི་བོད་ལྷུན་རྩེ་རྫོང་ནས་ཤིན་ཅང་གི་མཱ་ཛ་ ( Mazha) བར་སྤྱི་ལེ་ ༤༦༡༠༠༠ ཡོད་པའི་མཐའ་མཚམས་ཀྱི་མྱུར་སྐྱོད་གཞུང་ལམ་ G695 ཟེར་བ་ཞིག་གསར་རྒྱག་གི་ལས་གཞི་སྤེལ་མུས་ཡིན་འདུག་ལ། གཞུང་ལམ་དེ་ནི་རྒྱ་གར་བྱང་ཕྱོགས་འབྲས་ལྗོངས་ཀྱི་མཐའ་མཚམས་སུ་ཁེལ་བའི་བོད་གམ་པ་རྫོང་དང་། རྒྱ་གར་དང་བལ་ཡུལ་གཉིས་ཀྱི་མཐའ་མཚམས་སུ་ཁེལ་བའི་སྐྱིད་གྲོང་རྗོང་བརྒྱུད་ནས་གསར་རྒྱག་བྱ་རྒྱུ་ཡིན་པའི་ཚོད་དཔག་བྱེད་མུས་ཡིན་ཞིང་། ལས་གཞི་དེ་ཕྱི་ལོ་ ༢༠༣༥ བར་ལེགས་འགྲུབ་ཡོང་སླད་ལག་བསྟར་བྱེད་མུས་ཡིན་པའི་ཁར། རྒྱ་ནག་གཞུང་གིས་སྤང་ཀོང་མཚོའི་ཁུལ་དུའང་གཞུང་ལམ་སོགས་གསར་རྒྱག་བྱས་ཡོད། རྒྱ་དཀར་ནག་གཉིས་བར་གྷལ་ཝན་ལུང་གཤོངས་ (Galwan valley) དང་། བདེ་མཆོག་ (Demchok) ཁུལ། འདེབས་བཟང་ (Depsang ) ཁུལ་དུའང་རྩོད་རྙོག་ཡང་ཡང་འབྱུང་གིན་ཡོད་པས། རྒྱ་གར་གཞུང་གིས་ཕྱོགས་ཡོངས་ནས་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞི་གོང་མཐོར་བཏང་དང་གཏོང་མུས་ཡིན་པ་མ་ཟད། རྒྱ་གར་གཞུང་གིས་རྒྱ་ནག་གི་དམག་ཤུགས་ལ་གདོང་རྒོལ་ཆེད། བོད་ཧིན་མཐའ་མཚམས་ཀྱི་ཆུ་ཤུལ་ (Chushul) ནས་བདེ་མཆོག་ (Demchok) བར་སྤྱི་ལེ་ ༡༣༥ ཅན་གྱི་གཞུང་ལམ་གསར་རྒྱག་གི་ལས་གཞི་ལག་བསྟར་བྱེད་མུས་ཡིན།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།