དེ་རིང་བློ་བཟང་དཔལ་ལྡན་ནམ་རང་བཙན་བློ་དགའ་ལགས་ཀྱིས་ཨ་རིའི་ནེའུ་ཡོག་གི་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེར་བསྲེགས་ནས་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་།

དེ་རིང་ཞོགས་པར་ཨ་རིའི་ནེའུ་ཡོག་གི་རྒྱལ་ཚོགས་ཀྱི་མདུན་ཐང་དུ། རྒྱལ་གཅེས་དཔའ་བོ་བློ་བཟང་དཔལ་ལྡན་( རང་བཙན་བློ་དགའ།) ལགས་ཀྱིས། ཟླ་འདིའི་ཕྱི་ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་བོད་ཁམས་ཡོངས་སུ་ལག་བསྟར་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་བྱས་པར་ངོ་རྒོལ་དང་། རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་མུས་ཡིན་པའི་སྲིད་ཇུས་ལ་ངོ་རྒོལ་སླད་རང་ལུས་མེར་བསྲེགས་རྗེས། (Bellevue) སྨན་ཁང་དུ་བསྐྱལ་ཡང་མྱུར་སྐྱོབ་མ་ཐུབ་པར་འདས་གྲོངས་སུ་གྱུར་འདུག
རྒྱལ་གཅེས་དཔའ་བོ་བློ་བཟང་དཔལ་ལྡན་ལགས་ཀྱིས་ངོ་དེབ་ཐད་གཏོང་བརྒྱུད་རང་ལུས་མེར་མ་བསྲེགས་གོང་སྐར་མ་དྲུག་དང་སྐར་ཆ་བཞི་ཅན་གྱི་སྐད་ཆ་ཞིག་བཤད་པའི་ཁྲོད། རྒྱ་ནག་གུང་ཁྲན་གྱིས་བོད་ལ་འཛིན་པའི་སྲིད་ཇུས་ནི་བོད་རྩ་མེད་གཏང་རྒྱུའི་ཆེད་དུ་ལས་འགུལ་སྤེལ་བཞིན་ཡོད་པ་རེད། བོད་ནང་དུ་ཡོད་པའི་སྤུན་ཟླ་ཚོས། དངོས་གནས་དྲང་གནས་ལྷག་བསམ་རྣམ་དག་གིས་རང་གི་སྐད་དང་ཡི་གེ། ཆོས་དང་རིག་གཞུང་རྣམས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གནང་རྒྱུར་ཧ་ལས་པ་རེད། རྒྱུ་མཚན་དེའི་ཕྱིར་ན་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ལས་གཞན་བསམ་ཚུལ་གང་ཡང་ཞུ་རྒྱུ་མེད། ད་ལྟ་ང་རང་ཚོ་བཙན་བྱོལ་དུ་སྡོད་མཁན་ཚོར་བསམ་ཚུལ་ཞུ་རྒྱུ་ལ། ང་ཚོ་མི་རིགས་ཤིག་གི་འཐབ་རྩོད་ཀྱི་ཆེད་དུ་ཞི་བདེ་ཆེད། གང་ཡང་བྱ་མི་དགོས་པའི་ཐོག་ནས་རྩ་བ་ཉིད་ནས་རག་གི་མ་རེད། དེར་བརྟེན་ང་ཚོ་བཙན་བྱོལ་ནང་དུ་སྡོད་མཁན་ཚོས་ཤུགས་བརྒྱག་དགོས་འདུག་ཅེས་ཞུ་རྒྱུ་ཡིན། ང་ཚོའི་དམངས་གཙོ་ནི་༧གོང་ས་རྒྱལ་་བ་རིན་པོ་ཆེ་མཆོག་ནས་དངོས་གནས་དྲང་གནས་དམངས་གཙོ་ཚད་ལྡན་ཞིག་གནང་བ་རེད། ང་ཚོར་དཔེ་མི་སྲིད་པའི་བཀའ་དྲིན་ཆེན་པོ་རེད། ང་ཚོས་མི་རྒྱུ་གཉིས་ཀྱི་འགྲོ་སོང་གང་ཡང་གཏོང་མི་དགོས་པའི་ཐོག་ནས་དམངས་གཙོ་གསོལ་རས་གནང་ནའང་། ང་ཚོས་མི་དགོས་ཞེས་ཡར་ཕུལ་བ་རེད་དེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དམངས་གཙོ་ཚད་ལྡན་ཞིག་གནང་བཞག་ཡོད་རེད། ཅེས་གསུངས།
ཁོང་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དམངས་གཙོ་གནང་རྒྱུ་དེ། ནང་ཁུལ་འཛིང་རེས་བྱེད་པའི་ཆེད་དུ་རྩ་བ་ནས་མ་རེད། བོད་མི་རིགས་དང་བོད་རྒྱལ་ཁབ་ཡར་རྒྱས་འགྲོ་ཐུབ་པའི་ཆེད་དུ་རེད། ལྷག་པར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ག་རེ་གསུངས་ཡོད་རེད་ཟེར་ན། ཕྱི་རྒྱལ་ཡུལ་གྲུ་དང་ཨ་རིར་སྡོད་མཁན་ཚོས་རང་ཉིད་ལ་ཁང་པ་དང་རླངས་འཁོར་ཡོད་དུས། ད་ང་འགྲིག་སོང་བསམ་ནས་བསྡད་ན་ཞབས་འདྲེན་རེད། ཁྱེད་ཚོ་ནི་བོད་མི་རིགས་ཀྱི་མགྲིན་ཚབ་པ་རེད། དེ་འདྲ་ཡིན་པ་སོང་ཙང་བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་བྱ་དགོས་རེད་ལ། དཀའ་ལས་བརྒྱག་དགོས་རེད་ཅེས་གསུངས་ཡོད་རེད། དེ་ལས་ལྷག་པ་༧རྒྱལ་བ་རིན་པོ་ཆེས་གསུང་ཐུབ་ཀྱི་མ་རེད། གང་ཡིན་ཟེར་ན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་མི་རིགས་དཀར་ནག་མེད་པ། འཛམ་གླིང་ཡོངས་སུ་རྫོགས་པའི་ཆོས་ལུགས་དང་མི་རིགས་ཚང་མ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་དང༌། འཛམ་གླིང་ཞི་བདེར་གནས་རྒྱུར་ཕྱག་ལས་གནང་བཞིན་པའི་སངས་རྒྱས་ཤིག་རེད་དེ། ང་ཚོ་སངས་རྒྱས་མ་རེད། ང་ཚོ་སེམས་ཅན་རེད། ནང་ཁུལ་འཛིང་རེས་བྱས་ནས་ཧ་ལས་པ་ཞིག་འདུག སོང་ཙང་དེ་རིང་ནས་བཟུང་ག་རེ་ཞུ་རྒྱུ་ལབ་ན། རྒྱ་ནག་གུང་ཁྲན་གྱིས་བོད་མི་རིགས་ཆོལ་གསུམ་དང་བོད་ཡོངས་སུ་རྫོགས་པ་ལ་དབྱེ་བ་ཕྱེ་པར་མཉམ་དུ་བཙབས་ཡོད་པ་རེད། མདོ་སྟོད་དང་མདོ་སྨད། དབུས་གཙང་བཅས་དབྱེ་བ་མ་ཕྱེ་བར་ཚང་མ་གཅིག་གྱུར་གྱི་བཙབས་ཡོད་པ་རེད། རྒྱུ་མཚན་དེས་ན་ང་ཚོ་བོད་པ་རེད། བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་བྱ་དགོས་རེད། ཅེས་གསུངས་འདུག
ཁོང་གིས། ད་ལྟའི་ཆར་ང་ཚོ་ཚང་མར་འགྲོ་བ་མིའི་ཐོབ་ཐང་མེད། སྨྲ་བརྗོད་ཀྱི་རང་དབང་མེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་གཤམ་ཆོག་པའི་རང་དབང་ཡང་མེད། རང་དབང་ཡོངས་སུ་རྫོགས་པ་དེ་ག་རེ་བྱས་ནས་མེད་པ་ཆགས་པ་རེད་ཟེར་ན། བོད་རང་བཙན་ཤོར་བའི་རྒྱུ་མཚན་ལ་བརྟེན་ནས་མེད་པ་ཆགས་པ་རེད། རྒྱུ་མཚན་དེའི་དབང་གིས། ང་ཚོ་ཚང་མས་ཉིན་མོ་དེ་རིང་ནས་བཟུང་བོད་གཞུང་ཡིན་ནའང་རེད། སྤྱི་འཐུས་གྲོས་ཚོགས་ཡིན་ནའང་རེད། བོད་མི་མང་ཡིན་ནའང་རེད། ཚང་མས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཕྱག་ལས་གནང་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་ཆོལ་གསུམ་དང་བཙན་བྱོལ་ནང་དུ་ཡོད་པའི་བོད་པ་ཚོས་ཆོལ་ཁ་དང་ཆོས་ལུགས་ཀྱི་ཐོག་ནས་རྩོད་པ་མ་རྒྱག་པའི་ཐོག་ནས། ང་ཚོ་བོད་པ་ཡིན་ཟེར་བ་ལས། ང་ཚོར་ལུང་པ་མེད་པ་མ་རེད། རང་བཙན་མེད་པ་མ་རེད། རང་བཙན་ཡོད་རེད་དེ་ཤོར་སོང་བ་རེད། དེ་ཚུར་བླང་དགོས་རེད། ང་ཚོ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་བོད་རང་བཙན་གྱི་ཆེད་དུ་ལས་འགུལ་སྤེལ་རྒྱུ་དང༌། ཕྱག་ལས་གནང་རྒྱུར་ངས་ལག་གཉིས་ཐལ་མོ་སྦྱར་ནས་བཙན་བྱོལ་ནང་གི་བོད་མི་ཡོངས་ལ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག
ཡང་ཁོང་གིས། དེ་རིང་གལ་སྲིད་ངས་ལས་འགུལ་ཤུགས་ཆེན་པོ་ཞིག་སྤེལ་ན། དེའི་རྒྱུ་མཚན་ལ་བརྟེན་ནས་སང་ཉིན་གནངས་ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ལ་སོགས་དང་། དེང་དུས་ཀྱི་གཞས་དང་ཞབས་བྲོ་སོགས་རིག་གཞུང་སྲུང་སྐྱོབ། འཕྲོད་བསྟེན། གཞོན་སྐྱེས་ཚོར་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་སྟབས། དེ་ཚོའི་རིགས་རྩ་བ་ཉིད་ནས་ལྷོད་ལྷོད་བཏང་བཞག་ན་འགྲིག་གི་མ་རེད། དངོས་གནས་དྲང་གནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དེ་ཤུགས་ཆེ་རུ་དང་ཡག་པོ། གྲ་རྒྱས་པོ་གཏང་དགོས། དེ་བཞིན་གཞས་དང་ཞབས་བྲོ་འཁྲབ་རྒྱུ་རྣམས་འགོག་དགོས་མ་རེད། མྱ་ངན་བྱ་དགོས་མ་རེད། དེའི་ཞོར་ལ་སོ་སོ་བོད་པ་ཡིན་པའི་རྒྱུ་མཚན་གྱིས་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ཆེད་དུ་ག་རེ་བྱ་དགོས་མིན་དང༌། ག་རེ་ལས་དགོས་མིན་ལ་བསམ་བློ་གཏང་རྒྱུ་དེ་གལ་ཆེན་པོ་རེད། དེར་བརྟེན་མ་འོངས་པར་ཐུགས་རྗེ་གཟིགས་རྣམ་པ་ཚོས་ཤུགས་རྒྱག་རོགས། ཤུགས་ཆེན་པོ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། ངས་གལ་སྲིད་ལས་འགུལ་ཞེད་སྣང་ཚ་པོ་ཞིག་སྤེལ་ན། དེ་ནི་ང་ལ་བཟའ་རྒྱུ་དང་གྱོན་རྒྱུ་མ་རག་པས་མ་རེད། ངས་བོད་རྒྱལ་ཁབ་ཀྱི་ཆེད་དུ་སྤེལ་བ་ཡིན་པས། སྔར་ཡོད་ལས་འགུལ་རྣམས་མུ་མཐུད་ནས་སྤེལ་དགོས་རེད། དེང་སང་ང་ཚོ་བཙན་བྱོལ་ནང་མྱ་ངན་བྱ་དགོས་ཟེར་མཁན་འདུག མྱ་ངན་བྱ་དགོས་ཡོད་པ་མ་རེད། མྱ་ངན་ག་རེ་བྱ་དགོས་རེད་ཟེར་ན། མྱ་ངན་བྱ་རྒྱུའི་ཚབ་ཏུ་ངས་འབོད་སྐུལ་དང་རེ་བ་ཞུ་བ་བཞིན་མུ་མཐུད་ནས་དེའི་རྒྱབ་ལ་འགྲོ་དགོས་རེད། ང་ཚོར་ག་རེ་མེད་པ་ཡོངས་སུ་རྫོགས་པ་དེ་རང་བཙན་མེད་པའི་རྒྱུ་མཚན་རེད། རང་བཙན་ཤོར་བའི་རྒྱུ་མཚན་རེད། རང་བཙན་ཡོད་ན་ཚང་མ་ཡོད་པ་རེད། དེའི་ཕྱིར་ན་ང་ཚོར་ག་རེ་དགོས་རེད་ཟེར་ན། རང་བཙན་དགོས་རེད། རང་བཙན་གྱི་ཆེད་དུ་ང་ཚོ་ཚང་མས་དཀའ་ལས་བརྒྱག་དགོས་རེད། མུ་མཐུད་ནས་དཀའ་ལས་རྒྱག་རོགས་གནང་ཞུ་རྒྱུ་ཡིན། བོད་རང་བཙན་རྒྱལ་ལོ། བོད་རྒྱལ་ལོ། བཀྲ་ཤིས་བདེ་ལེགས། ཞེས་གསུངས་འདུག
གནད་དོན་དེ་དང་འབྲེལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བློ་དགའ་ལགས་ཀྱིས་དེ་རིང་ཞོགས་པ་དང་ཨ་རིའི་ཕྱི་དྲོའི་ཆུ་ཚོད་ ༥ པའི་སྟེང་རང་ལུས་མེ་བསྲེགས་བཏང་སྟེ། ཡུལ་དེའི་ཕྱི་དྲོའི་ཆུ་ཚོད་ ༧ པ་ཙམ་ལ་སྨན་ཁང་ནང་དུ་འདས་གྲོངས་སུ་ཕྱིན་འདུག དེ་ཡང་བོད་ཕྱི་ནང་གང་འདྲ་ཞིག་ཡིན་རུང་། བོད་སྤྱི་པའི་དོན་དག་ལ་སོ་སོའི་སྲོག་བློས་གཏོང་མཁན་དེ་ཚོ་ང་ཚོས་རྗེས་དྲན་ཞུ་དགོས་ཀྱི་ཡོད་པ་རེད། དེར་བརྟེན་དེ་རིང་ཞོགས་པར་བཀའ་ཤག་འཚོགས་ཏེ་ཉིན་རྒྱབ་ཏུ་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན། ཁྱེད་རང་ཚོ་གཞོན་སྐྱེས་ཚོས་མ་མཁྱེན་པ་མ་རེད། བོད་ནང་དུ་ཕྱི་ལོ་ ༢༠༠༩ ནས་ ༢༠༢༢ བར་དུ་བོད་པ་ ༡༥༧ ཙམ་གྱིས་བོད་དོན་གྱི་ཆེད་དུ་རང་ལུས་མེ་བསྲེགས་སམ་རང་ལུས་མཆོད་འབུལ་ཕུལ་བ་རེད་ཅེས་ལབ་ཀྱི་ཡོད་རེད། གང་ལྟར་བོད་སྤྱི་པའི་དོན་དུ་སྲོག་བློས་བཏང་བ་རེད། དེའི་ནང་ནས་མང་པོ་ཞིག་ལོ་ ༡༧ ནས་ ༣༥ དབར་ལ་ཡིན་ཞིང་ཁྱེད་ཚོའི་ལོ་ཚད་འདྲ་བོ་རྐྱང་རྐྱང་རེད། ཁོང་ཚོས་བོད་སྔོན་མ་རང་བཙན་ཡིན་པའི་གནས་བབ་ཀྱང་མཐོང་ཡོད་མ་རེད། རིག་གནས་གསར་བརྗེ་ཡི་མི་ལོ་བཅུ་དང་། དེའི་སྔོན་ལ་བོད་ནང་དུ་སྡུག་པོ་མྱངས་པ་གཅིག་ཀྱང་མཐོང་ཡོད་མ་རེད། ཁོང་ཚོས་ད་ལྟ་རྒྱ་ནག་གཞུང་གིས་བོད་དང་བོད་མི་ལ་ག་རེ་བྱེད་ཀྱིན་ཡོད་མེད་དེ་མཐོང་དུས། སོ་སོའི་བློ་ཡིས་མ་བཟོད་ནས་སོ་སོའི་གཟུགས་པོ་ལ་མེ་རྒྱག་གི་ཡོད་རེད། ཀུན་སློང་དེ་བོད་སྤྱི་པ་ལ་ཕན་ཞིག་ཐོགས་ཐོགས་བྱས་ནས་བསམ་པ་རེད་ལ། བསམ་བློའི་ནང་དུ་རྒྱ་ནག་གཞུང་གིས་ཀྱང་ང་ཚོས་སྲོག་བློས་བཏང་བ་དེས་བོད་པའི་དཀའ་རྙོག་དེ་ལ་དོ་སྣང་ཞིག་སླེབས་ན་བསམ་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གསན་ཚུལ་དེ་དང་ཤེས་པའི་ཐོག་ནས་རྒྱབ་སྐྱོར་ཡོང་ན་བསམས་ནས་ལས་འགུལ་སྤེལ་གྱི་ཡོད་རེད། སོང་ཙང་རྒྱལ་སྤྱིའི་ན་གཞོན་ཚོགས་འདུ་ཡི་གཏམ་བཤད་མ་བྱས་གོང་བློ་དགའ་ལགས་ཀྱིས་བློས་གཏོང་གནང་བར་དྲན་གསོ་དང་མྱ་ངན་གུས་འདུད་ཞུས་པ་རེད། ཅེས་གསུངས་སོང་།
དེ་བཞིན་རྒྱལ་གཅེས་དཔའ་བོ་ཁོང་གི་རང་ལུས་མེར་བསྲེགས་རྗེས། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་རྣམས་ཀྱིས་སྨོན་ལམ་གསོག་སྒྲུབ་དང་། མར་མེ་ཁྲོམ་སྐོར། དེ་བཞིན་རྒྱལ་ཚོགས་གཙོས་རྒྱབ་ཁབ་སོ་སོའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་སོགས་ཀྱི་མདུན་ཐང་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སོགས་སྤེལ་དང་སྤེལ་མུས་ཡིན་འདུག་ལ། དེ་རིང་བཙན་བྱོལ་བོད་མིའི་རྒྱལ་ས་དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་ཁོངས་མིན་པའི་ཚོགས་པ་བརྒྱད་ཀྱི་གོ་སྒྲིག་འོག མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་འཚོགས་སོང་ལ། དགོང་མོའི་ཆུ་ཚོད་དྲུག་དང་ཕྱེད་ཀ་ནས་མར་མེ་ཁྲོམ་སྐོར་གྱི་མྱ་ངན་ལས་འགུལ་ཞིག་ཀྱང་སྤེལ་རྒྱུ་ཡིན་འདུག
རྒྱལ་གཅེས་པ་ཁོང་གི་དངོས་མིང་ལ་བློ་བཟང་དཔལ་ལྡན་དང་ཡོངས་གྲགས་སུ་རང་བཙན་བློ་དགའ་ཞེས་འབོད། བོད་མདོ་ཁམས་ཏྲེ་ཧོར་རྫ་ཁོག་ཀྱི་གད་ཁ་ཚང་གི་ཁྱིམ་རྒྱུད་ཀྱི་པ་བདོས་དགའ་དང་མ་རྡོ་རྗེ་ལྷ་མོ་གཉིས་ཀྱི་བུར་སྐྱེས། གད་ཁའི་བཀྲ་ལོས་གཙོས་པའི་ཁོང་གི་ཁྱིམ་རྒྱུད་ཀྱི་མིང་སྲིང་གསུམ་ཡང་རྒྱ་ནག་དམར་པོའི་བཙོན་ཁང་དུ་སྐུ་སྲོག་ཤོར། ཕྱི་ལོ་ ༡༩༩༢ ལོར་འཕགས་ཡུལ་རྒྱ་གར་དུ་འབྱོར་རྗེས། དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་མི་ལོ་བཅུ་གསུམ་ཙམ་གྱི་རིང་ལ་གཞུང་ཆེན་སློབ་གཉེར་གནང་བ་དང་། དེའི་རིང་གྲྭ་ཚང་གི་ལས་སྣེ་འདྲ་མིན་ཡང་ཁུར་རྗེས་ཨ་རིར་ཕེབས་ཏེ། ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་དང་། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་བཅས་ཀྱི་ཐུགས་འགན་བཞེས། ད་ཆར་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་མུས་ཡིན་འདུག་ལ། ཁོང་ནི་རྒྱུན་དུ་བོད་དོན་ལ་སེམས་ཤུགས་དང་སྤྱི་སེམས་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག
གསར་འགོད་པ། དཔལ་ལྡན།




