དེ་རིང་གཞོན་ནུ་ལྷན་ཚོགས་ཀྱིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་མཚོན་སླད་དམ་པ་ཁོང་གི་ཁ་ཆེམས་ལྟར་བོད་རང་བཙན་སླར་གསོ་དགོས་པའི་འབོད་ཚིག་བསྒྲགས་ནས་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་སོང་།

དེ་རིང་ཕྱི་ཟླ་ ༧ ཚེས་ ༧ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་འགལ་གྱི་ཁྲིམས་ཡིག་དེར་ངོ་རྒོལ་ལས་འགུལ་སྤེལ་ཡོད་ཅིང་། ད་ལྟའི་ཆར་རྒྱ་གར་ཉེན་རྟོག་པས་ལས་འགུལ་བ་ཚང་མ་འཛིན་བཟུང་བྱས་ཡོད་འདུག
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས། ཉེ་ལམ་དཔའ་བོ་བློ་དགའ་རང་བཙན་ནམ་བློ་བཟང་དཔལ་ལྡན་ལགས་ཀྱིས་སྐུ་ལུས་མེ་བསྲེགས་པར་བརྟེན། དམ་པ་ཁོང་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་ཁོང་གི་ཁ་ཆེམས་ནང་གསུངས་པ་གཞིར་བཟུང་། བོད་རང་བཙན་གཙང་མ་ཡིན་པ་དང་། བོད་རང་བཙན་སླར་གསོ་བྱེད་དགོས་པ། རྒྱ་དམར་བོད་ནས་ཕར་རྒྱུགས་ཞེས་པའི་འབོད་ཚིག་འོག རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་བ་ཞིག་ཡིན་པ་དང་། ཕྱི་ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བ་ལག་བསྟར་དངོས་སུ་བྱས་ཏེ། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་ལག་བསྟར་བྱས་པ་དེ་ལའང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིའི་ངོ་རྒོལ་ཁྲོད་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ག་ཚོད་ཡོད་མེད་ཐད་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས། ཐེངས་འདིའི་ངོ་རྒོལ་ལས་འགུལ་དེ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་བྱས་པ་དང་། རྒྱ་གར་བྱང་ཕྱོགས་ཁུལ་གྱི་ས་གནས་ཁག་བདུན་ཏེ་བདེ་སྐྱིད་གླིང་དང་། ཧ་པར་པུར་ (Herbertpur)། པོན་ཊ (Paonta)། པུ་རུ་ཝ་ལ (Puruwala)། ནེ་ནི་ཏལ (Nainital)། རའེ་པུར (Raipur)། ར་ཇི་པུར་ (Rajpur) བཅས་ཀྱི་ཚོགས་མི་ ༦༠ ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་ཡོད། ད་ལན་གྱི་ངོ་རྒོལ་ལས་འགུལ་ཁྲོད་མི་མང་ཆེ་བ་མི་རབས་རྒན་པ་ཤ་སྟག་ཡིན། ད་ལྟའི་ཆར་རྒྱ་གར་གྱི་ལྡི་ལིའི་ཉེན་རྟོག་པས་བོད་མི་ངོ་རྒོལ་བ་ ༦༠ འཛིན་བཟུང་བྱས་ཏེ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་མན་དྷིར་མཱག་ཉེན་རྟོག་ཁང་ (Mandir Marg Police Station) དུ་བཀག་ཉར་འོག་བཞག་ཡོད། ཅེས་བརྗོད་བྱུང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་ཚབ་ཁང་ལ་ཞུ་ཡིག་ཅིག་ཕུལ་བའི་ནང་། བཙན་དབང་གི་ཐོག་ནས་རྒྱ་ནག་གཅིག་གི་སྲིད་ཇུས་འཛིན་རྒྱུའི་རྨི་ལམ་དེ་རྨི་ལམ་ལྟ་བུར་གནས་རྒྱུ་རེད། བོད་མི་རྣམས་ཀྱིས་མུ་མཐུད་དུ་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་དྲང་བདེན་གྱི་རྗེས་སུ་སྙེགས་ཀྱིན་ཡོད་པས། བཙན་གྱིས་བསམ་བློ་བཅོས་བསྒྱུར་བྱེད་མི་ཐུབ་ལ། ལོ་རྒྱུས་རྣམས་བསྐྱར་འབྲི་བྱེད་ཐུབ་ཀྱི་མ་རེད། དེ་བཞིན་བཀའ་ཁྱབ་ལ་བརྟེན་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་བསུབ་མི་ཐུབ། རང་བཙན་བློ་དགའ་ལགས་ཀྱིས། བོད་ཀྱི་གནད་དོན་གྱི་རྩ་བ་དེ་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་རྗེས་བོད་རང་བཙན་ཤོར་བ་དེ་རེད། ཅེས་གསལ་པོར་བརྗོད་ཡོད། དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་ལ་འགྱུར་བ་རེད། ང་ཚོའི་ལངས་ཕྱོགས་བརྟན་པོ་དང་བོད་མི་རིགས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ། ང་ཚོའི་དམིགས་ཡུལ་ནི་ཕྱིའི་རྒྱལ་ཁབ་ཀྱི་བཙན་འཛུལ་ལས་ང་ཚོའི་བོད་རྒྱལ་ཁབ་དེ་སླར་ཡང་བླང་རྒྱུ་དེ་རེད། ཅེས་བརྗོད་འདུག
ཞུ་ཡིག་དེའི་ནང་མུ་མཐུད་དུ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཟེར་བ་དེས་བཙན་བྱོལ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་དོན་སྙིང་ལྡན་པ་དང་ལྷག་བསམ་རྣམ་དག་གིས་གྲོས་མོལ་བསྐྱར་གསོ་བྱེད་པའི་དུས་སྐབས་གལ་ཆེ་ཤོས་ཤིག་རེད་ལ། གྲོས་མོལ་ནི་ཞན་ཆའི་རྟགས་ཤིག་མིན་པར་གདེང་ཚོད་སླེབ་རྒྱུའི་རྟགས་ཤིག་རེད། ཁྲིམས་མཐུན་གྱི་རྒྱལ་ཁབ་ཁག་ལ་ཁ་བརྡ་དང་གླེང་སློང་བྱེད་པར་འཇིགས་སྣང་སྐྱེས་དགོས་ཀྱི་མེད། གཞུང་ཞིག་གིས་ངོ་རྒོལ་གྱི་ལས་འགུལ་ཁག་མཚམས་འཇོག་བྱེད་ཐུབ་པ་དང་། མི་སྒེར་བཙོན་འཇུག་བྱེད་ཐུབ་ལ། གནས་ཚུལ་ཁག་ལའང་ཚོད་འཛིན་བྱེད་ཐུབ་ཀྱང་། མི་རིགས་ཤིག་གི་ལོ་རྒྱུས་ཀྱི་རང་དབང་དང་ཆེ་མཐོང་སོགས་གཏན་དུ་མེད་པར་བཟོ་མི་ཐུབ། ད་ལྟ་འཛམ་གླིང་ཁྱོན་ཡོངས་སུ་འགྱུར་བ་ཕྱིན་ཡོད་པས། སྔོན་མ་ནང་བཞིན་མི་རིགས་ཤིག་གི་འབོད་སྒྲ་དེ་ཁུ་སིམ་མེར་འཇོག་ཐུབ་ཀྱི་མ་རེད་ལ། རང་བཙན་བློ་དགའ་ལགས་ཀྱི་རང་སྲོག་བློས་གཏོང་ནི་ང་ཚོའི་འཐབ་རྩོད་ཀྱི་སེམས་ཤུགས་ཡིན་པས། ང་ཚོས་དུས་ནམ་ཡང་བརྗེད་མི་སྲིད་པ་མ་ཟད། ཁོང་གི་བློ་གཏོང་དེས་འཛམ་གླིང་ནང་བདེན་མཐའ་མ་གསལ་བའི་ཆབ་སྲིད་ཀྱི་འཐབ་རྩོད་ཆེད་བློས་གཏོང་དཔག་ཏུ་མེད་པ་ཡོང་གི་ཡོད་པའི་བརྡ་ལན་སྤྲད་ཡོད།
ཞུ་ཡིག་ནང་དགོས་འདུན་དོན་ཚན་ཁག་ཅིག་བཏོན་པའི་ནང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་སྲིད་གཞུང་གིས་བོད་ས་ཡོངས་རྫོགས་ཁྲིམས་འགལ་གྱི་ཐོག་ནས་བཙན་བཟུང་བྱས་པ་དེ་མཚམས་འཇོག་དང་། བོད་མི་རིགས་ཀྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་བོད་མི་མང་གི་ཁྲིམས་མཐུན་གྱི་མངོན་འདོད་ལ་ངོས་འཛིན་བྱས་ཏེ་བོད་རང་བཙན་སླར་གསོ་བྱ་དགོས། དམག་ཤུགས་ཀྱིས་དྲག་གནོན་དང་དབང་སྒྱུར་བྱས་ཚེ་ཞི་བདེ་དང་བརྟན་ལྷིང་ཡོང་མི་ཐུབ་པས། བཙན་འཛུལ་མཇུག་སྒྲིལ་ནས་བོད་མི་མང་གི་མངོན་འདོད་ལ་བརྩི་བཀུར་བྱས་ན་ཞི་བདེ་དང་བརྟན་ལྷིང་ཡོང་ལ། ང་ཚོས་རྒྱ་ནག་ལ་བཙན་གནོན་ལས་དྲང་བདེན་དང་། དབང་ཤུགས་ལས་རང་དབང་། མུ་མཐུད་དུ་གདོང་ཐུག་བྱ་རྒྱུ་ལས་ཞི་བདེ་འདེམས་དགོས་པའི་སྐུལ་མ་གཏོང་གི་ཡོད། ཅེས་གསལ་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།




