རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ནས་བདུན་ཚིགས་དང་པོ་འཁོར་བའི་ཉིན་མོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པས་ནེའུ་ཡོག་རྒྱལ་ཚོགས་ཀྱི་མདུན་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ།

ཟླ་འདིའི་ཕྱི་ཚེས་ ༢ ཉིན་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་བོད་དོན་རང་ལུས་མེར་བསྲེགས་ཏེ་བདུན་ཚིགས་དང་པོ་འཁོར་བ་དང་བསྟུན། ཕྱི་ཚེས་ ༩ ཉིན་གྱི་ཕྱི་དྲོར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག རྒྱ་ནག་གཞུང་ལ་ངོ་རྒོལ་དང་མཉམ་འབྲེལ་རྒྱལ་ཚོགས་ནས་དྲང་བདེན་བྱ་དགོས་པའི་སྐད་འབོད་ལས་འགུལ་ཞིག་སྤེལ་འདུག
ཁ་སང་ནེའུ་ཡོག་གི་ཕྱི་དྲོའི་ཆུ་ཚོད་ ༣།༣༠ ཐོག་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་བསྟན་འཛིན་དཀོན་མཆོག་ལགས་དང་། བསྟན་འཛིན་ཚེ་བརྟན་ལགས། ཚེ་ལྷ་ལགས་བཅས་བོད་མི་ལས་འགུལ་བ་གསུམ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྒོར་སོ་སོའི་མཇིང་པར་ལྕགས་ཐག་གིས་བསྡམས་ཏེ། རང་བཙན་བློ་དགའ་འམ་བློ་བཟང་དཔལ་ལྡན་ལགས་ཀྱི་ཁ་ཆེམས་དང་འབྲེལ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དྲང་བདེན་གྱི་ཐག་གཅོད་གནང་དགོས་པའི་འབོད་སྐུལ་དང་། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག སྐབས་དེར་ས་གནས་ཉེན་རྟོག་པས་བོད་མི་ལས་འགུལ་བ་གསུམ་པོ་འཛིན་བཟུང་བྱས་ཡོད་འདུག་ལ། དེ་རིང་བོད་རང་བཙན་སློབ་ཕྲུག་ཚོགས་པས་ལས་འགུལ་བ་གསུམ་ཀློད་གྲོལ་བཏང་ཡོད་ཀྱང་ཉེས་ཆད་བཅད་ཡོད་སྐོར་བརྗོད་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་འཆི་མེད་ལྷ་མོ་ལགས་ཀྱིས་དེ་འབྲེལ་ཨ་རི་བོད་མིའི་བརྙན་འཕྲིན་ (Tibetan American Network) ཞེས་པའི་གསར་ཁང་ལ། དེ་རིང་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་སྐུ་ལུས་མེར་བསྲེགས་ཏེ་བདུན་ཚིགས་དང་པོ་ཆགས་ཀྱི་ཡོད་པ་སོང་ཙང། ང་ཚོ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་པའི་གཞོན་སྐྱེས་རྣམས་མཉམ་རུབ་དང་མཐུན་སྒྲིལ་གྱིས་ལས་འགུལ་སྤེལ་ཡོད། དེ་རིང་ཁོང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྕགས་སྒོའི་མདུན་དུ་སོ་སོའི་མཇིང་པར་ལྕགས་ཀྱིས་བསྡམས་ཏེ། བོད་མི་ལས་འགུལ་བ་གསུམ་གྱིས་ཆུ་ཚོད་ ༣།༣༠ ནས་ཆུ་ཚོད་གཅིག་ལྷག་གི་རིང་ལྕགས་སྒོའི་ཕྱི་རོལ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ཝོལ་ཀར་ (Volker Türk) ལགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པ་དང་། དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་ཁ་ཆེམས་དང་ཁོང་གི་བོད་དོན་ལ་བཅིང་བའི་ཽཕུགས་བསམ་མུ་མཐུད་ནས་གནས་ཀྱི་ཡོད། བོད་ལ་རང་དབང་དགོས་ (Free Tibet) པའི་འཕྲེད་དར་འཕྱར་ནས་ངོ་རྒོལ་ལས་འགུལ་སྤེལ་ཡོད། འཛམ་གླིང་ཁྱོན་ཡོངས་སུ་བོད་འདི་ཡིན་ཅིག་མིན་ཅིག་དྲན་པ་མ་བརྗེད་རོགས་གནང་། ང་ཚོ་བོད་པ་ཚང་མས་མུ་མཐུད་ནས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་སྐུ་ལུས་མེ་བསྲེགས་གནང་བ་ནམ་ཡང་བརྗེད་ཀྱི་མེད་པའི་དམ་བཅའ་བཞག་པ་གཞིར་བཟུང་དེ་རིང་ལས་འགུལ་འདི་སྤེལ་བ་ཡིན། དེ་རིང་བདུན་ཚིགས་དང་པོ་རེད། ད་དུང་མུ་མཐུད་ནས་ལས་འགུལ་སྤེལ་གྱི་ཡིན། དེ་རིང་དང་སང་ཉིན་ཡིན་རུང་། དེ་བཞིན་ལོ་གཅིག་ཡིན་རུང་ང་ཚོས་མུ་མཐུད་ནས་བོད་ལ་སྐྱིད་པའི་ཉི་མ་མ་ཤར་བར་དུ་དཀའ་ལས་རྒྱག་གི་ཡིན། ང་ཚོས་འཐབ་རྩོད་ལ་མཉམ་ཞུགས་བྱེད་ཀྱི་ཡིན། བོད་རྒྱལ་ལོ། ཞེས་འགྲེལ་བརྗོད་གནང་བྱུང་།
རྒྱལ་གཅེས་དཔའ་བོ་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་བདུན་ཕྲག་གཅིག་འཁོར་བའི་ཉིན་མོ་སྟེ། ཁ་སང་ཕྱི་ཚེས་ ༩ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ པའི་སྟེང་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དབུས་གཙང་ཆོལ་ཁའི་དབུས་རྒྱུན་ལས་ཁང་དང་། མདོ་སྟོད་ཆོལ་ཁའི་དབུས་རྒྱུན་ལས་ཁང་། མདོ་སྨད་ཆོལ་ཁའི་དབུས་རྒྱུན་ལས་ཁང་། དབུས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་། དབུས་བུད་མེད་ལྷན་ཚོགས། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཚོགས་པ་དྲུག་གི་གོ་སྒྲིག་འོག བཞུགས་སྒར་དུ་གནས་སྡོད་བོད་མི་སེར་སྐྱ་མང་པོ་ཚང་འཛོམས་ཀྱིས་དམ་པ་ཁོང་གི་ཆེད་དུ་མཆོད་འབུལ་སྨོན་ལམ་ཡང་འཚོགས་སོང་། དེ་བཞིན་རྒྱལ་གཅེས་དཔའ་བོ་ཁོང་གི་རང་ལུས་མེར་བསྲེགས་རྗེས། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་རྣམས་ཀྱིས་སྨོན་ལམ་གསོག་སྒྲུབ་དང་། མར་མེ་ཁྲོམ་སྐོར། དེ་བཞིན་རྒྱལ་ཚོགས་གཙོས་རྒྱབ་ཁབ་སོ་སོའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་སོགས་ཀྱི་མདུན་ཐང་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སོགས་སྤེལ་དང་སྤེལ་མུས་ཡིན་འདུག
རྒྱལ་གཅེས་པ་ཁོང་གི་དངོས་མིང་ལ་བློ་བཟང་དཔལ་ལྡན་དང་ཡོངས་གྲགས་སུ་རང་བཙན་བློ་དགའ་ཞེས་འབོད། བོད་མདོ་ཁམས་ཏྲེ་ཧོར་རྫ་ཁོག་ཀྱི་གད་ཁ་ཚང་གི་ཁྱིམ་རྒྱུད་ཀྱི་པ་བདོས་དགའ་དང་མ་རྡོ་རྗེ་ལྷ་མོ་གཉིས་ཀྱི་བུར་སྐྱེས། གད་ཁའི་བཀྲ་ལོས་གཙོས་པའི་ཁོང་གི་ཁྱིམ་རྒྱུད་ཀྱི་མིང་སྲིང་གསུམ་ཡང་རྒྱ་ནག་དམར་པོའི་བཙོན་ཁང་དུ་སྐུ་སྲོག་ཤོར། ཕྱི་ལོ་ ༡༩༩༢ ལོར་འཕགས་ཡུལ་རྒྱ་གར་དུ་འབྱོར་རྗེས། དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་མི་ལོ་བཅུ་གསུམ་ཙམ་གྱི་རིང་ལ་གཞུང་ཆེན་སློབ་གཉེར་གནང་བ་དང་། དེའི་རིང་གྲྭ་ཚང་གི་ལས་སྣེ་འདྲ་མིན་ཡང་ཁུར་རྗེས་ཨ་རིར་ཕེབས་ཏེ། ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་དང་། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་བཅས་ཀྱི་ཐུགས་འགན་བཞེས། ད་ཆར་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་མུས་ཡིན་འདུག་ལ། ཁོང་ནི་རྒྱུན་དུ་བོད་དོན་ལ་སེམས་ཤུགས་དང་སྤྱི་སེམས་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།




