རྒྱ་ནག་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་བོད་དུ་སྤྱི་ཚོགས་ཞིབ་འཇུག་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་སོགས་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་རྒྱུ་ཡིན་འདུག

ཉེ་ལམ་རྒྱ་ནག་གིས་བསྐོ་གཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བ་གོང་དཀར་གནམ་ཐང་བརྒྱུད་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་ཡོད་ཅིང་། བོད་དུ་བསྡད་པའི་རིང་ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ལས་འགན་བསྒྲུབ་པ་དང་། སྤྱི་ཚོགས་ཞིབ་འཇུག དེ་བཞིན་ཆོས་ཕྱོགས་ཀྱི་བྱེད་སྒོ་སོགས་ཆོས་སྲིད་གཉིས་ཀྱི་བཀོད་མངགས་ལས་དོན་བསྒྲུབ་རྒྱུ་ཡིན་འདུག
རྒྱ་ནག་གཞུང་གིས་ད་ལན་རྒྱལ་མཚན་ནོར་བུ་བོད་ནང་དུ་བསྐྱོད་སྐབས། བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་མི་སྣ་ཁག་དང་མི་དམངས་འཐུས་ཚོགས། དགོན་པ་ཁག་གི་སྐུ་ཚབ་དང་མང་ཚོགས་ཀྱི་སྐུ་ཚབ་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་པ་དེས་མི་མང་རང་བཞིན་གྱི་དད་གུས་དང་མོས་པ་མཚོན་ཐབས་བྱས་ཡོད་ཀྱང་། བསུ་མ་བྱེད་མཁན་གྱི་ཁྲོད་དུ་བོད་མི་གུང་ཁྲན་ཏང་ཡོན་དང་དམར་ཤོག་ཚོགས་པའི་འབྲེལ་ཡོད་ལས་བྱེད་མ་གཏོགས་བོད་མི་དཀྱུས་མ་ཞེ་དྲགས་མཐོང་རྒྱུ་མི་འདུག
ད་ལྟ་རྒྱ་ནག་རྒྱལ་ཡོངས་མི་དམངས་སྲིད་གྲོས་ཀྱི་འཐུས་མི། རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་དང་དེའི་ཡན་ལག་ཟེར་བའི་བོད་ཀྱི་ནང་བསྟན་མཐུན་ཀྱི་ཚོགས་གཙོ་ཡིན་པའི་རྒྱལ་མཚན་ནོར་བུ་བོད་དུ་དུས་ཡུན་ཇི་ཙམ་རིང་སྡོད་མིན་དང་ཞིབ་ཕྲའི་ལས་རིམ་སྐོར་ཡོངས་བསྒྲགས་བྱས་མེད་ཀྱང་། འདས་ལོའི་ཕྱི་ཟླ་ ༥ བའི་ཟླ་མཇུག་ཙམ་ལ་ཁོང་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་དེ། ཞི་ཅིན་ཕིན་གྱི་དགོངས་དོན་ཟེར་བ་དྲིལ་བསྒྲགས་ཀྱིས། ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བའི་ལོ་ལྔའི་འཆར་གཞི་དང་། བོད་ཀྱི་དགོན་སྡེ་ཁག་གི་ལྟ་གྲུབ་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱའི་རིག་གཞུང་། རྒྱ་ནག་རྒྱལ་ཁབ། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཟེར་བ་བཅས་ལ་མཐུན་སྒྱུར་དགོས་པའི་སྐུལ་མ་སོགས་བྱས་ཡོད་ལ། ལོ་དེའི་ཕྱི་ཟླ་ ༧ ཚེས་ ༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་གོ་སྟོན་འཁྲུངས་སྐར་སྲུང་གཙིའི་ཉིན་མོར། རྒྱལ་མཚན་ནོར་བུས་པེ་ཅིན་དུ་རྒྱ་ནག་དམར་ཤོག་ཚོགས་པའི་གཙོ་འཛིན་ཞི་ཅིན་ཕིན་ལ་ཐུག་འཕྲད་བྱས་ཏེ། བོད་ནང་དུ་བསྐྱོད་པའི་ལས་བསྡོམས་ཡར་ཞུ་བྱས་ཡོད། སྐབས་དེར་རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ནང་ཞི་ཅིན་ཕིན་གྱིས་པཎ་ཆེན་ཨ་ཏི་ནི་ཆོས་ཀྱི་རྒྱལ་པོའི་མཇལ་ཞུ་ལ་དང་ལེན་གནང་ཡོད་ཅེས་ཞི་ཅིན་ཕིན་གྱི་སྒེར་གཅོད་དབང་ཤུགས་ངོམ་པ་མ་ཟད། ཆོས་ལུགས་ལས་དམར་ཤོག་ཚོགས་པའི་གོ་ཐོབ་མཐོ་བ་ཡོད་པ་གསལ་འདོན་བྱས་ཡོད།
ཡང་འདས་ལོའི་ཕྱི་ཟླ་ ༨ ནང་རྒྱལ་མཚན་ནོར་བུ་བོད་གཞིས་རྩེ་གྲོང་ཁྱེར་དུ་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་བཞུགས་མོལ་ཚོགས་འདུ་ཟེར་བའི་སྟེང་དུ་མཉམ་ཞུགས་བྱས་ཡོད་ཅིང་། ཚོགས་ཐོག་ཏུ་རྒྱལ་མཚན་ནོར་བུས་ཕྱི་ལོ་ ༡༩༩༥ ལོར་རྒྱ་ནག་གཞུང་གིས་རང་ཉིད་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་བྱས་པ་དེ་ནི་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་བརྩི་སྲུང་ཞུས་པའི་འབྲས་བུ་ཞིག་ཡིན་པ་དང་། བོད་ཀྱི་ཡང་སྲིད་ངོས་འཛིན་ལ་རྒྱ་ནག་གཞུང་གི་ཆོག་མཆན་ཐོབ་དགོས་པའི་དྲིལ་བསྒྲགས་བྱས་ཡོད།
རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་དང་ལེན་དང་ངོས་འཛིན་འཐོབ་སླད། བོད་ནང་གི་ས་གནས་གང་སར་གཞུང་འབྲེལ་སྐོར་སྐྱོད་དུ་བཏང་ནས་ས་གནས་སེར་སྐྱ་མང་ཚོགས་ལ་བཙན་གྱིས་ཕེབས་བསུ་ཞུ་རུ་བཅུག་ཡོད་ལ། ཁོང་ངོས་ལེན་མ་བྱས་ན་ཁྲིམས་ཀྱི་ནག་ཉེས་འགེལ་གྱི་ཡོད་པའི་དཔེ་མཚོན་གསལ་ཤོས་ཤིག་ནི། ཕྱི་ལོ་ ༢༠༢༤ ལོར་ཝེ་ཏི་ནམ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་འཛིན་བཟུང་གཅར་རྡུང་བཏང་སྟེ་མཐར་སྐུ་བཀྲོངས་བའི་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ཆགས་ཡོད། ལོ་དེའི་ཕྱི་ཟླ་ ༩ པའི་ནང་རྒྱ་ནག་གཞུང་གི་གོ་སྒྲིག་འོག རྒྱལ་མཚན་ནོར་བུ་བོད་མགོ་ལོག་ཁུལ་དུ་སྐོར་སྐྱོད་ལ་ཡོང་སྐབས། རྒྱ་གཞུང་གི་བཀོད་མངགས་ལྟར་ཕེབས་བསུ་མ་གནང་བའི་རྐྱེན་གྱིས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་ལ་གོང་རིམ་གྱི་བཀའ་ལ་མ་ཉན་པའི་ནག་ཉེས་བཙུགས་རྐྱེན་ཉེན་ཡོལ་དུ་ཕེབས་མཐར་བཀྲོངས་པ་ལྟ་བུ་རེད།
ཕྱི་ལོ་ ༡༩༩༥ ཟླ་ ༡༡ ཚེས་ ༡༡ ཉིན་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་མཚན་ནོར་བུ་ཞེས་པ་ཞིག་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གསལ་བསྒྲགས་བྱས་ཤིང་། ཕྱི་ལོ་ ༡༩༩༥ ཟླ་ ༡༢ ནང་གདན་ས་བཀྲ་ཤིས་ལྷུན་པོའི་གཡས་གཡོན་དུ་དམག་མི་ལྔ་བརྒྱ་ལྷག་བཏང་ནས་ཉེན་སྲུང་བཙན་པོའི་ངང་ཁྲི་འདོན་བྱས་ཡོད་འདུག དེ་ཡང་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་༧པཎ་ཆེན་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་མ་ཐག རྒྱ་ནག་གཞུང་གིས་ཡང་སྲིད་འཚོལ་ཞིབ་མི་སྣའི་དབུ་ཁྲིད་བྱ་བྲལ་རིན་པོ་ཆེ་མཆོག་འཛིན་བཟུང་བྱས་ཤིང་། ཉིན་གསུམ་གྱི་རྗེས་ཏེ། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་། ཁོང་གི་ནང་མི་ཡོངས་རྫོགས་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཏེ། ཁོང་ཉིད་འཛམ་གླིང་སྟེང་གི་ཆབ་སྲིད་བཙོན་པ་དགུང་ན་ཆུང་ཤོས་སུ་གྱུར་ཡོད།





