ཉེ་བའི་ལོ་འགའི་རིང་རྒྱ་ནག་གཞུང་གིས་བོད་ནང་དུ་འཛམ་གླིང་གི་ཆུ་མཛོད་ཆེས་ཆེ་ཤོས་གཙོས་ཆུ་མཛོད་མང་དག་ཅིག་གསར་རྒྱག་བྱེད་མུས་ཡིན་པའི་གནས་སྟངས་འོག ཁོར་ཡུག་སྲུང་སྐྱོབ་པ་དང་ཚན་རིག་པ་སོགས་ཀྱིས། ལས་གཞི་དེ་དག་གིས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བརླག་གཏོང་གི་ཡོད་པ་མ་ཟད། བོད་མཐོ་སྒང་གི་ཉ་རིགས་མང་པོ་ཞིག་རྩ་བརླག་ཏུ་གཏོང་ཉེན་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད།

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་རིག་ནུས་ཚན་རྩལ་ལ་བརྟེན་ནས་ཤིན་ཏུ་དཀོན་པའི་བོད་ཀྱི་ཉའི་རིགས་བདག་སྲུང་བྱེད་བཞིན་ཡོད་པ་མ་ཟད། བོད་ཀྱི་ཉའི་རིགས་རྩ་བརླག་ཏུ་འགྲོ་ཡི་མེད་སྐོར་བརྗོད་འདུག
དེ་འབྲེལ་གནས་ཚུལ་ནང་། ཕྱི་ལོ་ ༢༠༡༥ ལོར་གསར་རྒྱག་བྱས་པའི་ཉིང་ཁྲི་གྲོང་ཁྱེར་རྒྱ་ཚ་རྫོང་རྫམ་ཆུ་ཆུ་གློག་ས་ཚིགས་ནས་ཡར་ལུང་གཙང་པོའི་ནང་བཞུར་གྱིན་པའི་ཆུ་རྒྱུན་ནི་ཉ་རིགས་ཁྲི་ ༥༧ ཙམ་རྐྱལ་སྐྱོད་ཀྱི་ལམ་ཡིན་ཞིང་། དེ་སྔ་ཆུ་རྒྱུན་དེའི་ཉ་རྣམས་རྐྱལ་སྐྱོད་ཀྱི་ཆུ་ལམ་དང་སྐྱེ་འཕེལ་སོགས་མིའི་ལུས་ཤུགས་ཀྱི་ངལ་རྩལ་ཁོ་ནར་བརྟེན་ནས་ཡོད་ཀྱང་། ད་ལྟ་རྫམ་ཆུ་ཆུ་གློག་ས་ཚིགས་ཀྱི་ཆེད་མཁས་པས་ཨ་རི་དང་ཁེ་ན་ཌ་ནས་ཆུ་སྐྱེས་སེམས་ཅན་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ལ་ཆེད་སྦྱོང་བྱས་ཏེ། རིག་ནུས་ཚན་རྩལ་ལ་བརྟེན་ནས་བོད་ཀྱི་རིགས་དཀོན་པའི་ཉ་རྣམས་སྲུང་སྐྱོབ་བྱེད་བཞིན་པ་མ་ཟད། རིག་ནུས་ཀྱི་ཁྱད་ཆོས་ལ་བརྟེན་ནས་ཉའི་རིགས་དང་གྲངས་འབོར་རམ་སྐྱེ་འཕེལ། རྐྱལ་སྐྱོད་དང་ཆུའི་གྲང་ཚད་སོགས་སྟབས་བདེ་ངང་ལྟ་རྟོག་བྱེད་ཐུབ་ཀྱི་ཡོད་སྐོར་སོགས་བརྗོད་འདུག
ཨ་རིའི་སི་ཊན་ཧྥོ་ཌི་གཙུག་ལག་སློབ་ཆེན་གྱིས། ཆུ་གློག་ས་ཚིགས་ཀྱི་ཆུ་མཛོད་ཁག་གིས་ཉ་རིགས་གནས་སྤོ་དང་སྐྱེ་འཕེལ་བྱེད་ས་གཉིས་བཀག་འགོག་བྱས་ཏེ་ཉའི་རིགས་རྒྱུད་འཕེལ་སྐྱེད་ལ་ཚོད་འཛིན་བྱེད་བཞིན་ཡོད་ཅེས་བརྗོད་འདུག་ལ། རྒྱ་ནག་གིས་ཆུ་མཛོད་གསར་རྒྱག་གི་ལས་གཞིའི་ཁྲོད། ཉེ་བའི་ལོ་ཤས་གོང་དུ་འབྲི་ཆུའི་ནང་གི་ཉ་རིགས་དཀོན་པོ་གཉིས་(Chinese paddlefish and Yangtze sturgeon) རྩ་སྟོང་དུ་ཕྱིན་པའི་གནས་ཚུལ་ཐོན་ཡོད། ལྷག་པར་རྒྱ་ནག་གི་འབྲི་ཆུའི་འགག་གསུམ་གྱི་ཆུ་མཛོད་བརྒྱབ་པ་དེས་མི་གྲངས་ས་ཡ་ ༡།༣ གྱི་འཚོ་གནས་མེད་པར་བཟོས་ཡོད། ཆུ་མཛོད་དེ་ལས་ལྡབ་གསུམ་གྱི་ཆེ་བའི་བོད་མེ་ཏོག་རྫོང་ཁོངས་སུ་ཡོད་པའི་འཛམ་གླིང་གི་ཆུ་མཛོད་ཆེས་ཆེ་ཤོས་དེས་བཞུར་རྒྱུན་དུ་གནས་པའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་བྷང་ལ་ཌི་ཤི་གཉིས་ལ་སྐྱེ་ཁམས་དང་ས་ཁམས་ཆབ་སྲིད་གཉིས་ཀྱི་ཐོག་ནས་ཤུགས་རྐྱེན་སྤྲོད་ཀྱི་ཡོད་སྟབས། རྒྱ་གར་གཞུང་དང་རྒྱལ་སྤྱིའི་ཁོར་ཡུག་ལས་འགུལ་བ། བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ། དེ་བཞིན། ཚན་རིག་པ་སོགས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དྲག་པོ་བྱས་དང་བྱེད་མུས་ཡིན།
རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་རིག་ནུས་ཚན་རྩལ་ལ་བརྟེན་ནས་ཉ་སྲུང་སྐྱོབ་བྱེད་པའི་ལས་གཞི་ལག་བསྟར་བྱས་པ་ནས་བཟུང་། རྫམ་ཆུ་ཆུ་གློག་ས་ཚིགས་སུ་ཉ་ས་ཡ་ ༢ ཙམ་སྐྱེ་འཕེལ་ལས་གཞིའི་ཁོངས་ནས་སྲུང་སྐྱོང་བྱེད་ཐུབ་ཡོད་ཟེར། གལ་སྲིད་ཉ་རྐྱལ་སྐྱོད་ཀྱི་ལམ་བུ་ཡོངས་ལེགས་འགྲུབ་བྱུང་ཚེ། དེ་ནི་རྒྱ་ནག་ནང་གི་ས་བབ་མཐོ་ཤོས་སུ་ཉ་སྲུང་སྐྱོང་གི་ལས་གཞི་ཆེ་ཤོས་སུ་འགྱུར་རྒྱུ་ཡིན་ལུགས་ཀྱང་བརྗོད་འདུག ད་ལྟ་རྒྱ་ནག་གིས་རིག་ནུས་དང་བརྙན་མིག་འཕྲུལ་ཆས། ཌོ་རོན་གནམ་གྲུ་སོགས་བརྒྱུད་ནས་བོད་ཀྱི་ཡར་ལུང་གཙང་པོའི་ཆུ་རྒྱུན་དུ་གནས་པའི་ཉའི་རྐྱལ་སྐྱོད་དང་སྐྱེ་འཕེལ་སོགས་ཀྱི་གནས་ཚུལ་བརྒྱ་ཆ་ ༩༥ གཏན་འཁེལ་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་ཟེར།
པེ་རི་སིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ནུས་ཤུགས་ལྷན་ཚོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་གཙང་ཆུ་དང་ཉ་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་སྣང་མེད་དུ་བཞག་སྟེ། རྒྱ་ནག་རང་གི་ཁྲིམས་ལག་བསྟར་འོག་རྒྱ་ནག་དང་བོད་ནང་གང་འདོད་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་རྒྱ་ཆེར་སྤེལ་མུས་ཡིན། བོད་མེ་ཏོག་རྫོང་ཁོངས་ཀྱི་ཡར་ལུང་གཙང་པོར་འཛམ་གླིང་གི་ཆུ་མཛོད་ཆེས་ཆེ་ཤོས་རྒྱག་བཞིན་པ་དེས་རྒྱ་ནག་ལ་ལྷོ་དང་ལྷོ་ཤར་ཨེ་ཤ་ཡའི་ཆུའི་མགོ་ཁུངས་ལ་ཁ་བསྒྱུར་དབང་འཛིན་བྱེད་པའི་ཁེ་ཕན་བསྐྲུན་པ་དང་། རྒྱ་གར་དང་བྷང་ལ་ཌི་ཤིའི་མི་མང་ས་ཡ ༡༣༠ ལྷག་གི་འཚོ་གནས་ལ་དོ་ཕོག་སྤྲོད་ཀྱི་ཡོད། ལྷག་པར་དུ་བོད་ནང་དུ་ཆུ་མཛོད་མང་པོ་བརྒྱབ་དང་རྒྱག་བཞིན་པ་དེས་བོད་ཀྱི་སྣོད་བཅུད་གཉིས་བརྟན་གནས་ཡོང་བར་དཀའ་ངལ་བཟོས་ཏེ། ས་ཡོམ་དང་ཆུ་ལོག དེ་བཞིན་རི་ཉིལ་སོགས་ཀྱི་དཀའ་ངལ་འཕྲད་དང་ཕྲད་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།





