རྒྱ་ནག་གཞུང་གིས་གཞིས་ཀ་རྩེར་ཤོག་སྦོག་ཕོན་ཆེན་སྤར་བའི་དོན་རྐྱེན་ལ་ཁ་གཡར་ནས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་བོད་ནང་ནས་ཇོ་མོ་གླང་མའི་བྱང་ཕྱོགས་ཀྱི་གངས་རི་ཇོ་བོ་དབུ་ཡ་དང་ཤིས་ས་སྤར་མ་གཉིས་འཛམ་གླིང་རྒྱལ་ཁབ་གཞན་གྱི་རི་འཛེགས་པར་སྒོ་བརྒྱབ་ཡོད་ཅིང་། རི་འཛེགས་མཁན་མང་པོ་ཞིག་གིས་འདི་ལོའི་སྟོན་ཁར་ཇོ་མོ་གླང་མར་རི་འཛེགས་བྱེད་པའི་དམིགས་ཡུལ་སྟོང་ཟད་དུ་གྱུར་བ་མ་ཟད། ལོ་རྗེས་མ་ཡང་སྒོ་ཕྱེ་མི་སྲིད་པའི་སེམས་འཚབ་བྱེད་བཞིན་ཡོད་འདུག་ལ། རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མ་ཕྱི་གླིང་བར་སྒོ་རྒྱག་དོན་ནི། འདས་ལོའི་ཕྱི་ཟླ་ ༩ ནང་པའི་བོད་གཞིས་ཀ་རྩེ་རྒྱལ་རྩེ་རྫོང་ར་ལུང་གྲོང་སྡེའི་རི་ངོས་ཤིག་ཏུ་ཤོག་སྦོག་སྤར་བའི་དོན་རྐྱེན་དང་འབྲེལ་བ་ཡོད་སྐོར་བསྒྲགས་འདུག
རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་བོ་དབུ་ཡ་དང་ཤིས་ས་སྤར་མ་གཉིས་འདི་ལོའི་དཔྱིད་ཀར་སྒོ་བརྒྱབ་ཡོད་པ་དང་། འཆར་ལ་ཉེ་བའི་སྟོན་ཁར་ཡང་སྒོ་མི་ཕྱེ་དོན་ནི། གཞིས་ཀ་རྩེར་ཤོག་སྦོག་ཕོན་ཆེན་སྤར་བའི་དོན་རྐྱེན་དང་འབྲེལ་ནས། ད་ལྟ་རྒྱ་ནག་གཞུང་གིས་བོད་རྒྱའི་རི་འཛེགས་མཐུན་ཚོགས་(CTMA) དང་བོད་རང་སྐྱོང་ལྗོངས་ལུས་རྩལ་མཐུན་ཚོགས་(TSB)ཀྱི་འབྲེལ་ཡོད་མི་སྣ་ཁག་གིས་རི་འཛེགས་པར་ཆོག་མཆན་སྤྲད་དེ་ལྐོག་ཟ་རུལ་སུངས་བྱས་ཡོད་པར་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་ཨ་རིའི་རི་འཛེགས་པ་ཨ་ལན་ཨར་ནེ་ཏི་ (Alan Arnette) ལགས་སུ་བརྗོད་ཡོད་འདུག
འདི་ལོའི་ཕྱི་ཟླ་ ༥ ནང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ལུས་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཉི་མ་ཚེ་རིང་ཟེར་བས་དམར་ཤོག་གི་སྒྲིག་འགལ་ཚབས་ཆེན་བྱས་པས་ཞིབ་བཤེར་བྱེད་བཞིན་ཡོད་པ་ཡོངས་བསྒྲགས་བྱས་ཡོད། སྤྱིར་འདས་ལོར་རྒྱ་ནག་གཞུང་གིས་གཞིས་ཀ་རྩེར་ཤོག་སྦོག་ཕོན་ཆེན་སྤར་བའི་དོན་རྐྱེན་དང་འབྲེལ་ནས་བོད་རྒྱའི་རི་འཛེགས་མཐུན་ཚོགས་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་མཐུན་ཚོགས་ཀྱི་འབྲེལ་ཡོད་མི་སྣ་ཁག་ཅིག་འཛིན་བཟུང་བྱས་ཏེ། ཞིབ་བཤེར་བྱེད་བཞིན་ཡོད་ཟེར་བ་ཙམ་ལས་ཁོ་ཚོ་མིང་ཡོངས་བསྒྲགས་བྱས་མེད་ལ། ལྷག་པར་དུ་ད་ཐེངས་ཁོ་ཚོར་ལྐོག་ཟ་རུལ་སུངས་བྱས་པའི་དོགས་གཞིའི་འོག་ཞིབ་འཇུག་བྱེད་བཞིན་པའི་གནས་ཚུལ་ཕྱིན་ཐོན་ཡོད། བལ་ཡུལ་གྱི་ཡུལ་སྐོར་དུས་བབ་གསར་ཁང་གིས། རྒྱ་ནག་གཞུང་གིས་བོད་རང་ལྗོངས་ལུས་རྩལ་མཐུན་ཚོགས་ཀྱི་འབྲེལ་ཡོད་མི་སྣ་འཛིན་བཟུང་བྱས་ཡོད་ཟེར་བ་ནི་སྐབས་འཚོལ་བའི་བྱ་སྤྱོད་ཅིག་ཡིན་པའི་འགྲེལ་བརྗོད་བྱས་འདུག
ཇོ་མོ་གླང་མའི་རི་འཛེགས་བྱེད་སྒོ་ནི་ཨེ་ཤ་ཡའི་ས་ཁུལ་དུ་ཡོད་པའི་ཧི་མ་ལ་ཡ་དང་ཀ་ར་ཀོ་རམ་རི་རྒྱུད་ཀྱི་མི་ཊར་༨༠༠༠ ཡན་གྱི་རི་བོ་མཐོ་ཤོས་ ༡༤ སྟེང་ལོ་རེའི་དཔྱིད་ཀ་དང་སྟོན་ཁར་སྤེལ་གྱིན་ཡོད་ཅིང་། ཇོ་བོ་དབུ་ཡ་དང་ཤིས་ས་སྤར་མ་གཉིས་ལས་ཤིས་ས་སྤར་མར་བོད་བརྒྱུད་ནས་འཛེགས་དགོས་པ་དང་ཇོ་བོ་དབུ་ཡ་ལ་བལ་ཡུལ་ནས་འགྲོ་ལམ་ཡོད་ཀྱང་། བོད་ནང་ལོགས་ནས་འཛེགས་ན་བདེ་འཇགས་ཆེ་བས། འདི་ལོར་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་རི་འཛེགས་པ་རྣམས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་པ་དེར་སྐྱོན་བརྗོད་བྱེད་མཁན་མང་པོ་འདུག
ཡང་འདི་ལོར་རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་གི་རི་འཛེགས་པ་རྣམས་ཇོ་མོ་གླང་མར་བཀག་སྡོམ་བྱས་མེད་ཅིང་། འདི་ལོའི་དཔྱིད་ཀའི་རི་འཛེགས་སྐབས་བོད་ཀྱི་རི་འཛེགས་པ་གྲགས་ཅན་གངས་རྒྱལ་མགོན་པོ་བཀྲ་ཤིས་ལགས་ཇོ་མོ་གླང་མའི་ལྷོ་རྩེར་བདེ་ལེགས་ངང་འཛེགས་ཐུབ་ཡོད་པའི་གནས་ཚུལ་ཐོན་ཡོད། རི་འཛེགས་བྱེད་སྒོ་དེའི་ཁྲོད་བོད་དང་རྒྱ་ནག་གི་རི་འཛེགས་པ་ཁྱོན་ ༢༨ ཡོད་ཅིང་། ཁོ་ཚོའི་ནང་ནས་མི་ ༢༥ ཇོ་མོ་གླང་མའི་ཡང་རྩེར་འཛེགས་ཐུབ་ཡོད་པ་རེད།
ཕྱི་ལོ་ ༢༠༡༩ རྗེས་ནས་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་ལ་ཁ་གཡར་ནས་ཇོ་མོ་གླང་མའི་རི་འཛེགས་བྱེད་སྒོ་བཀག་སྡོམ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༢༤ ལོར་བསྐྱར་དུ་སྒོ་ཕྱེས་ཡོད་ཀྱང་། འདས་ལོ་ནས་སླར་ཡང་ཇོ་མོ་གླང་མའི་རི་འཛེགས་བྱེད་སྒོ་བཀག་སྡོམ་བྱས་ཡོད་འདུག
འཛམ་གླིང་ཡང་རྩེ་རུ་འབོད་པའི་བོད་ཀྱི་རི་བོ་ཇོ་མོ་གླང་མ་ནི་འཛམ་གླིང་ཐོག་རི་བོ་མཐོ་ཤོས་ཤིག་ཡིན་པའི་རྐྱེན་གྱིས་གོ་ལ་ཡོངས་ནས་རི་འཛེགས་བྱེད་མཁན་མང་པོ་ཡོང་གི་ཡོད་ཅིང་། ལོ་ལྟར་ཉམས་མྱོང་ཡོད་པའི་རི་འཛེགས་པ་རྣམས་ཀྱིས་ཇོ་མོ་གླང་མའི་ཡང་རྩེར་སོ་སོའི་རྐང་རྗེས་འཇོག་པར་རེ་སྒུག་བྱེད་མུས་ཡིན། ཇོ་མོ་གླང་མའི་རི་རྩེར་འཛེགས་པར་འགྲོ་ལམ་གཉིས་ཡོད་པ་ལས་གཅིག་བལ་ཡུལ་བརྒྱུད་ནས་ཡོད་པ་དང་གཞན་དེ་བོད་ཀྱི་བྱང་ཕྱོགས་ནས་ཡིན་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།





