རྒྱ་ནག་གིས་དབྱིན་ཇིའི་ལག་ནས་ཧོང་ཀོང་རྩིས་བླངས་རྗེས་ཀྱི་སྤྱི་ཁྱབ་ཐོག་མ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་དེའང་མཇུག་བསྒྲིལ་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཧོང་ཀོང་གི་སྤྱི་ཁྱབ་གཙོ་འཛིན་ཐོག་མ་ཏོང་ཅན་ཧྭ་(董建華) ཟེར་བ་རང་ལོ་ ༨༩ སྟེང་འདས་གྲོངས་སུ་གྱུར་ཡོད་ཅིང་། ཁོས་ཕྱི་ལོ་ ༡༩༩༧ ནས་ ༢༠༠༥ བར་མི་ལོ་དགུའི་རིང་ཏེ། དབྱིན་ཇི་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་རྗེས་ཧོང་ཀོང་སྤྱི་ཁྱབ་ཀྱི་ལས་གནས་གཉེར་ཡོད་འདུག་ལ། ཁོས་ཕྱི་ལོ་ ༢༠༠༢ ནས་ ༢༠༠༣ ལོའི་བར་རྒྱ་ནག་གི་ལངས་ཕྱོགས་དང་མཐུན་པར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་ཐོག་ལས་དོན་གཉེར་ཡོད་པ་མ་ཟད། གཞི་རྩའི་ཁྲིམས་ཀྱི་དོན་ཚན་ ༢༣ པའི་འོག་ནས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཤིག་འཆར་འགོད་བྱས་ཏེ། མི་མང་མང་པོའི་རང་དབང་གི་གནད་དོན་ཁག་ལ་ཚོད་འཛིན་བྱས་ཡོད་སྟབས། ཕྱི་ལོ་ ༢༠༠༣ ཟླ་ ༧ ཚེས་ ༡ ཉིན་ཧོང་ཀོང་གི་མི་མང་འབུམ་ཕྲག་མང་པོས་ཞི་བའི་ངོ་རྒོལ་ཆེན་པོ་ཞིག་བྱས་ཡོད། ཉེ་ལམ་རྒྱ་ནག་གཞུང་གིས་ཏོང་ཅན་ཧྭ་ནི་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་ལག་བསྟར་དང་ཧོང་ཀོང་གི་འཕེལ་རྒྱས་ལ་བྱ་གཞག་རླབས་ཆེན་གཉེར་ཡོད་ལུགས་སོགས་བསྒྲགས་ནས་མྱ་ངན་བྱས་འདུག
ཏོང་ཅན་ཧྭ་ནི་ཕྱི་ལོ་ ༡༩༣༧ ལོར་རྒྱ་ནག་ཧྲང་ཧའེ་རུ་སྐྱེས་ཤིང་། ཧོང་ཀོང་གི་ཚོང་པ་དང་སྲིད་དོན་པ་ཞིག་ཡིན་ལ། ཕྱི་ལོ་ ༡༩༩༧ ལོར་ཧོང་ཀོང་ཕྱིར་སྤྲོད་བྱས་རྗེས། ཁོང་ནི་ཧོང་ཀོང་གི་སྤྱི་ཁྱབ་ཐོག་མར་གྱུར་ཏེ། ཁོའི་ལས་ཡུན་རིང་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་རྩ་དོན་ལ་རྒྱབ་སྐྱོར་བྱས། དེ་རྗེས་ཁོང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཨུ་ཡོན་ལྷན་ཁང་དུ་ཆབ་སྲིད་ཀྱི་འགན་ཡང་ཁུར་ཡོད། ཁོ་ནི་ཧོང་ཀོང་ནང་རྒྱ་ནག་གི་དབང་ཤུགས་སྐྱེད་པར་རོགས་འདེགས་བྱེད་མཁན་གཙོ་བོ་ཞིག་ཡིན་འདུག
ཕྱི་ལོ་ ༡༩༩༧ ཟླ་ ༧ ཚེས་ ༡ ཉིན་དབྱིན་ཇིའི་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་ཅིང་། རྒྱ་ནག་གཞུང་གིས་ཧོང་ཀོང་དེ་དམིགས་བསལ་སྲིད་འཛིན་ས་ཁུངས་ཤིག་གི་ངོ་བོའི་ཐོག་ནས་འཛིན་སྐྱོང་བྱ་རྒྱུའི་ཁས་ལེན་བྱས་ཏེ། མི་ལོ་ལྔ་བཅུའི་ནང་ཧོང་ཀོང་གི་མ་རྐང་གི་དཔལ་འབྱོར་ལམ་ལུགས་དང་། མི་དམངས་ཕལ་བའི་འཚོ་གནས་འཕེལ་རྒྱས་གཏང་རྒྱུའི་ཁས་ལེན་བྱས་ཡོད་པ་མ་ཟད། ཧོང་ཀོང་ལ་སྲིད་གཞུང་གི་བཀོད་ཁྱབ་དབང་ཆ་དང་། ཁྲིམས་བཟོ་དབང་ཆ། རང་དབང་གི་ཁྲིམས་ཁང་ལམ་ལུགས། མཐའ་མའི་འདྲི་གཅོད་ཁྲིམས་ཁང་། དེ་བཞིན་ས་གནས་སྲིད་གཞུང་གི་གྲུབ་ཆ་ས་གནས་མི་མང་ཡིན་དགོས་པའི་ཁས་ལེན་བྱས་ཡོད་པ་དང་། ཧོང་ཀོང་གི་དམག་དོན་དང་ཕྱི་འབྲེལ་གྱི་འགན་རྒྱ་གཞུང་གིས་འཁུར་རྒྱུ་བྱས་ཡོད།
ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་བཅའ་སྲོལ་(national security legislation) ཞེས་པ་ཞིག་ལག་བསྟར་བྱེད་མགོ་བཙུགས་པའི་ཁོངས། ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༣༠ ཉིན་ཁྲིམས་ཡིག་དེ་གཏན་འབེབས་དང་ལག་བསྟར་བྱས་པའི་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་ (National Security Law) དང་། ཕྱི་ལོ་ ༢༠༢༤ ལོར་ལག་བསྟར་བྱས་པའི་གཞི་རྩའི་ཁྲིམས་སྒྲིག་ (Basic Law ) ཟེར་བའང་ཚུད་ཡོད། སྐབས་དེའི་རྒྱ་ནག་དང་ཧོང་ཀོང་ས་གནས་གཞུང་གིས། ཁྲིམས་སྒྲིག་དེ་ནི་རྒྱལ་ཁབ་ཀྱི་བདག་དབང་། བདེ་འཇགས། ས་ཁོངས་སྲུང་སྐྱོབ། ཧོང་ཀོང་ནང་བརྟན་ལྷིང་གི་གནས་བབ་རྒྱུན་སྲུང་སོགས་སླད་ཡིན་ལུགས་བསྒྲགས་ཏེ། རྒྱལ་ཁབ་ལ་ངོ་ལོག་དང་སྲིད་དོན་ངོ་རྒོལ་བྱེད་མཁན་ཚོར་ཚོད་འཛིན་བྱེད་མགོ་བཙུགས་ཡོད།
རྒྱ་ནག་གིས་ཧོང་ཀོང་ནང་དམ་དྲག་དང་ངོ་རྒོལ་གྱི་ཡོ་ལང་།

ཕྱི་ལོ་ ༢༠༢༡ ཟླ་ ༡༢ ནང་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཟེར་བའི་ཁྲིམས་ཡིག་ལག་བསྟར་བྱས་རྗེས་ཀྱི་གྲོས་ཚོགས་འཐུས་མིའི་འོས་བསྡུ་ཐོག་མ་དེ་བསྡུས་ཡོད་ཅིང་། རྒྱ་ནག་གཞུང་གི་རྒྱལ་ཞེན་ཅན་གྱིས་ཧོང་ཀོང་སྐྱོང་དགོས་པའི་ཁྲིམས་ཡིག་དེའི་དབང་གིས། སྐབས་དེར་གྲོས་ཚོགས་འཐུས་མི་ ༡༥༣ ཁྲོད་ནས་དམངས་གཙོ་དོན་གཉེར་བའི་འོས་མི་ ༣ མ་གཏོགས་བྱུང་མེད་ལ། ཧོང་ཀོང་གི་ལོ་ངོ་ ༢༠ ལྷག་གི་ལོ་རྒྱུས་ནང་ཐེངས་དང་པོར་མང་ཚོགས་ལ་རང་གི་འདོད་མོས་ལྟར་འོས་ལྡུག་རྒྱུའི་ཐོབ་ཐང་མེད་པར་གྱུར་ཡོད། དེའི་ཐོག་ལོ་དེའི་ཕྱི་ཟླ་ ༣ ཚེས་ ༣༠ ཉིན་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་གྱིས་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ (The Basic Law of Hong Kong) ལ་བསྐྱར་བཅོས་བྱས་པ་བརྒྱུད། གྲོས་ཚོགས་འཐུས་མིའི་སྒྲོམ་གཞི་ལ་བསྒྱུར་བཅོས་ཆེན་པོ་བཏང་ཡོད།
དེ་སྔ་གྲོས་ཚོགས་ནང་ཞབས་བཀྱག་ ༧༠ ཡོད་པ་དེ་ ༩༠ ལ་སྤར་ཡོད་ནའང་། མི་མང་གིས་ཐད་ཀར་འོས་འདེམས་བྱ་ཆོག་པའི་འཐུས་མིའི་ཞབས་བཀྱག་ ༣༥ དེ་ ༢༠ ལ་ཉུང་འཕྲི་བྱས། ཚོང་དོན་ཚན་པ་རྣམས་ལ་ཞབས་བཀྱག་ ༣༠ པའི་ཐོག དེ་སྔ་ཡིན་ན་ཞབས་བཀྱག་ ༧༠ ཁྲོད་ནས་ལྷག་འཕྲོ་ ༥ དེ་ཧོང་ཀོང་གི་ས་གནས་གྲོང་སྡེ་ལྷན་ཚོགས་ (District Councillors) ཀྱི་ལག་ཏུ་ཡོད་ནའང་རྦད་དེ་མེད་པར་བཟོས་ཏེ། ཁྱོན་ཞབས་བཀྱག་ ༩༠ ཁྲོད་ནས་ཕྱེད་ཀ་ཙམ་སྟེ་ ༤༠ རྣམས་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་ཚོགས་མི་ ༡༥༠༠ ལས་གྲུབ་པའི་འོས་བསྡུའི་ཚོགས་ཆུང་ (Election Committee) གི་ལག་ཏུ་བཞག་པ་སོགས། ཧོང་ཀོང་གི་འཐུས་མིའི་ཁྲོད་དུའང་དམངས་གཙོའི་འཐུས་ཚབ་ཡོང་རྒྱུར་བཀག་འགོག་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་འབྱུང་འགྱུར་ལོ་ངོ་ ༥༠ རིང་ཧོང་ཀོང་ནང་གཞི་རྩའི་རང་དབང་རྣམས་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུའི་ཁས་ལེན་དོར་བར་བརྟེན། ཕྱི་ལོ་ ༢༠༡༤ ལོའི་ཆར་གདུགས་ལས་འགུལ་དང་། ཕྱི་ལོ་ ༢༠༡༩ ནས་ ༢༠༢༠ བར་གྱི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་གྱི་དམངས་གཙོའི་ལས་འགུལ་ཐོག་དམ་དྲག་ཆེན་པོ་བྱས་ཡོད་ལ། བདེ་འཇགས་ཁྲིམས་ཡིག་ཟེར་བ་ལག་བསྟར་བྱས་ཏེ། རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཟེར་བའི་སྲིད་ཇུས་དེའི་འོག་སྨྲ་བརྗོད་དང་འདུ་འཛོམས་རང་དབང་བཅས་པར་རྡོག་རོལ་ཚབས་ཆེན་བཏང་ཡོད་པ་མ་ཟད། ཧོང་ཀོང་གྲོང་ཁྱེར་ལ་ངོམས་སུ་ཆོག་པའི་དམངས་གཙོ་དོན་གཉེར་བའི་ལས་འགུལ་བ་དང་ཁྲིམས་རྩོད་པ་རྣམས་ཁྲིམས་ཡིག་དེའི་འོག་ནས་འཛིན་བཟུང་བྱས་ཡོད་ལ། རེ་འགའ་རྒྱལ་ཁབ་ཕྱི་ལ་བྲོས་བྱོལ་དུ་འགྲོ་དགོས་བྱུང་། དེ་བཞིན་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་སྲིད་དོན་ཚོགས་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཙམ་དུ་མ་ཟད། དམངས་གཙོའི་ལས་འགུལ་བ་དང་ཕྱུག་བདག་ཇི་མི་ལའེ་ (Jimmy Lai) ཡིས་གཙོ་གཉེར་བྱས་པའི་ཀུ་ཤུ་ཉིན་རེའི་ཚགས་པར་ལྟ་བུའི་དུས་རྒྱུན་རྒྱ་ནག་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་མཁན་གྱི་བརྒྱུད་ལམ་ཡོངས་སུ་རྫོགས་པ་བཙན་གྱིས་སྒོ་བརྒྱབ་སྟེ། འདས་པའི་ལོ་ཤས་རིང་ཧོང་ཀོང་གི་དམངས་གཙོ་དང་སྨྲ་བརྗོད་རང་དབང་གིས་མཚོན་པའི་གཞི་རྩའི་རང་དབང་གི་ངོ་བོ་དང་རྣམ་པ་ཐམས་ཅད་རྨེག་མེད་དུ་བཏང་ཡོད་པ་རེད།
ཧོང་ཀོང་གི་གལ་ཆེའི་རང་བཞིན།

ཧོང་ཀོང་ནི་དཔལ་འབྱོར། ཆབ་སྲིད། འཐབ་ཇུས་བཅས་ཀྱི་ཐད་ནས་རྒྱ་ནག་ལ་གལ་ཆེན་པོ་ཆགས་ཡོད། འཛམ་གླིང་གི་དངུལ་རྩིས་ལྟེ་གནས་(financial centres) གཙོ་གྲས་ཤིག་ཡིན་པ་མ་ཟད། རྒྱ་ནག་དང་རྒྱལ་སྤྱིའི་དངུལ་ཁང་། མ་རྩ་འཇོག་མཁན། འཛམ་གླིང་གི་ཁྲོམ་ར་བཅས་བར་གྱི་འབྲེལ་མཐུད་གལ་ཆེན་ཞིག་ཀྱང་ཡིན། དེ་བཞིན་རྒྱ་ནག་གི་ས་ཁུལ་གཞན་དག་དང་རྒྱལ་སྤྱིའི་ཚོང་འབྲེལ་དང་ཕྱི་ཕྱོགས་མ་རྩ་འགུག་ཐབས་ཀྱི་འབྲེལ་མཐུད་སྒོ་མོ་གལ་ཆེན་ཞིག་ཡིན། ཧོང་ཀོང་གི་གལ་གནད་ནི་དཔལ་འབྱོར་ཁོ་ན་མ་ཟད། དེའི་ས་བབ་ཀྱི་ཐད་ནས་ཀྱང་གལ་ཆེན་པོ་ཆགས་ཡོད་དེ། དེ་ནི་རྒྱ་ནག་གི་ལྷོ་ཕྱོགས་མཚོ་འགྲམ་དུ་གནས་ཤིང་། ཧྲེན་ཀྲེན་(Shenzhen) དང་ཀོང་ཀྲོའུ་ (Guangzhou) སོགས་གཙོ་གནས་ཆེ་བའི་རྒྱ་ནག་གི་གྲོང་ཁྱེར་དང་ཉེ་འབྲེལ་ཡིན།
ཆབ་སྲིད་ཀྱི་ཐད་ནས་ཀྱང་། ཧོང་ཀོང་ནི་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་འོག་གནས་པའི་ས་ཁུལ་ཞིག་ཡིན་པས། རང་གི་དཔལ་འབྱོར་དང་ཁྲིམས་ལུགས་ཀྱི་ལམ་ལུགས་ཉར་ཚགས་བྱ་ཐུབ་ཀྱང་། རྒྱ་ནག་གིས་དེ་ནི་རང་ཁོངས་ཀྱི་ས་གནས་ཤིག་ཡིན་ལུགས་བསྒྲགས་ཀྱིན་ཡོད་པས། ཧོང་ཀོང་ནི་རྒྱ་ནག་ལ་དཔལ་འབྱོར་དང་དངུལ་རྩིས་ཀྱི་རིན་ཐང་ཙམ་མ་ཡིན་པར། འཐབ་ཇུས་ཀྱི་གནས་བབ། རྒྱལ་སྤྱིའི་འབྲེལ་ལམ། རྒྱལ་ཁབ་ཀྱི་བདག་དབང་དང་ཆབ་སྲིད་ཀྱི་ཁེ་ཕན་བཅས་ཀྱི་ཐད་ནས་ཀྱང་གལ་གནད་ཆེན་པོ་ཆགས་ཡོད།
ཧོང་ཀོང་གི་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་བྱུང་ཚེ། དེས་རྒྱ་ནག་དང་ཨ་རི། དབྱིན་ཇི། དེ་བཞིན་ནུབ་ཕྱོགས་ཀྱི་རྒྱལ་ཁབ་གཞན་དག་བཅས་དབར་གྱི་ཕྱི་འབྲེལ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ལ། ཧོང་ཀོང་ནི་ཨེ་ཤ་ཡའི་ཤར་ཕྱོགས་ཀྱི་དཔལ་འབྱོར་དང་དམག་དོན་གྱི་ཐད་ནས་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་ཞིག་ཏུ་གྱུར་ཡོད། རྒྱལ་ཁབ་དེར་བྱུང་བའི་ཆབ་སྲིད་ཀྱི་གནས་ཚུལ་ཁག་གིས། རྒྱ་ནག་གི་ཤུགས་རྐྱེན་འཛམ་གླིང་ནང་གི་ཇེ་ཆེར་འགྲོ་བ། ས་ཁུལ་བརྟན་ལྷིང་། རྒྱ་ནག་དང་ནུབ་ཕྱོགས་བར་གྱི་འབྲེལ་བ་བཅས་ཀྱི་སྐོར་ལ་རྒྱལ་སྤྱིའི་ནང་གླེང་སློང་མང་པོ་ཡོང་གི་ཡོད་པ་རེད།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།


