བྷི་ར་མ ཆ་ལ་ནེ་ཡིས་བརྩམས། བཀྲ་ཤིས་རྣམ་རྒྱལ་གྱིས་བསྒྱུར།
གོ་ལ་འདིར་ས་བབ་ཀྱི་ཆ་ནས་བརྟན་ལྷིང་མེད་ཅིང་། ས་ཁམས་ཆབ་སྲིད་ཀྱི་ཐད་ནས་ཉེན་ཁ་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཏུ་འཛམ་གླིང་གི་ཆུ་མཛོད་ཆེ་ཤོས་དེ་[1]འཛུགས་བསྐྲུན་བྱེད་བཞིན་པའི་སྐབས་ཡིན། དེ་ཡང་དམག་མི་འབོར་ཆེན་འགྲེམ་འཇོག་བྱས་ཡོད་པའི་རྒྱ་གར་གྱི་ས་མཚམས་དང་རྒྱང་ཐག་སྤྱི་ལེ་ཁ་ཤས་ལས་མེད་པའི་སར། རྒྱ་ནག་གིས་ད་བར་བྱུང་མྱོང་མེད་པའི་ཆུ་ཤུགས་གློག་འདོན་གྱི་ལས་གཞི་ཞིག་སྒྲུབ་བཞིན་པ་རེད།

ཆུ་མཛོད་ཀྱི་ཤོངས་ཚད་ཧ་ཅང་ཆེ་ལ། དེའི་ནང་དུ་བསྐྱིལ་བའི་ཆུ་དང་། གཙང་པོའི་སྨད་རྒྱུད་དུ་ཆགས་པའི་རྒྱ་གར་བྱང་ཤར་ཁུལ་དང་བྷང་ལ་དྷེ་ཤི་ཡི་གཙང་འགྲམ་གྱི་ཡུལ་མི་ས་ཡ་མང་པོའི་འཚོ་བ་དང་ཐད་ཀར་འབྲེལ་བ་ཡོད།
ད་ལྟ་ཆེས་ཛ་དྲག་གི་ཉེན་བརྡ་གཏོང་མཁན་ནི་ཕྱིའི་རྒྱལ་ཁབ་ཀྱི་དཔྱད་བརྗོད་པ་མ་ཡིན་པར། རྒྱ་ནག་རང་གི་ཚན་རིག་པ་རྣམས་ཡིན། ཉེ་ཆར་རྒྱ་ཡིག་ནང་བཏོན་པའི་རྒྱ་ནག་གཞུང་འབྲེལ་གྱི་ས་གཤིས་རིག་པའི་དུས་དེབ་གཉིས་ཏེ། <<Sedimentary Geology>> དང་ <<Tethyan Geology>> ཞེས་པའི་ནང་དུ་ཆུ་མཛོད་འཛུགས་སྐྲུན་བྱེད་ཡུལ་ནི། ས་གཤིས་རིག་པའི་ཐད་ནས་བཤད་ན་ཤིན་ཏུ་ཉེན་ཁ་ཆེ་བ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད། ས་གཤིས་རིག་པ་བ་ཚོས་ས་ཆ་དེའི་ཆགས་ཚུལ་སྲ་བརྟན་མེད་པ་དང་ས་འོག་གི་བྲག་རྡོ་དམ་པོར་འབྱར་མེད་པའི་སྡོམ་ཚིག་བཀོད་ཅིང་། ས་ཡོམ་བྱུང་བའམ་སེར་ཀ་འགུལ་བ་ཙམ་གྱིས་ཆུ་མཛོད་དང་དེའི་གཡས་གཡོན་གྱི་འཛུགས་སྐྲུན་གང་རུང་ལ་ཡང་ཆག་སྒོ་ཆེན་པོ་སློང་ངེས་པའི་ཉེན་བརྡ་བཏང་།
དམར་ཤོག་རིང་ལུགས་པའི་སྲིད་གཞུང་འོག་ལས་ཀ་གཉེར་བཞིན་པའི་ཚན་རིག་པ་རྣམས་ཀྱིས་ཉེན་བརྡ་འདི་འདྲ་བ་ཞིག་གཏོང་སྐབས། རྒྱལ་སྤྱིའི་ཚོགས་སྡེ་དག་གིས་ངེས་པར་དུ་དོ་སྣང་བྱེད་དགོས་ངེས་རེད་ཨང།
ཆུ་མཛོད་གསར་བ་དེ་ནི་ཡར་ཀླུང་གཙང་པོའི་ཁུག་མགོ་ཆེན་མོ་རུ་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། དེ་ནས་གཙང་པོ་དེ་འཛམ་གླིང་གི་གྲོག་རོང་གཏིང་ཟབ་ཤོས་དང་རིང་ཤོས་བརྒྱུད་དེ་ས་བབ་མཐོ་ས་ནས་རིམ་བཞིན་རྒྱ་གར་གྱི་ནང་དུ་འཛུལ་གྱི་ཡོད། གཙང་པོའི་ཁུག་མགོ་དེ་ནི་ཧི་མ་ལ་ཡའི་ས་འགུལ་གྱི་ལྟེ་བ་རུ་གྱུར་ཡོད་ལ། གོ་ལ་འདིའི་ས་འགུལ་འབྱུང་ཉེན་ཆེ་ཤོས་ཀྱི་ས་ཚིགས་ཀྱང་དེ་ཡིན།
ཉེན་ཁ་ནི་ས་ཡོམ་བྱུང་ནས་ཆུ་མཛོད་ལ་གཏོར་བཤིག་ཐེབས་ངེས་པ་ཙམ་ཞིག་མ་ཡིན་པར། ཆུ་མཛོད་ཧ་ཅང་ཆེན་པོའི་ནང་གི་ཆུའི་བོངས་ཚད་ཀྱིས་ས་འོག་གི་བྲག་རྡོ་ལ་གནོན་ཤུགས་ཡུན་གྱིས་སྤྲད་པས་ཀྱང་ས་འགུལ་འབྱུང་སྲིད། འདས་པའི་ལོ་ངོ་བཅུ་ཕྲག་གི་རིང་ཆུ་མཛོད་ཀྱིས་རྐྱེན་བྱས་པའི་ས་འགུལ་བྱུང་མྱོང་ཡོད།
སེར་ཀ་མང་པོ་ལས་གྲུབ་པའི་ཧི་མ་ལ་ཡི་ཆགས་ཚུལ་ལ་བརྟེན་ནས་ས་འགུལ་བྱུང་བའི་དབང་དུ་བཏང་ན། དེས་ནི་རྒྱལ་མཚམས་ལ་དབྱེ་བ་མི་འབྱེད་ཅིང་། ཆུ་མཛོད་ཆེན་པོ་ཞིག་གས་འཐོར་དུ་ཕྱིན་པའི་མཇུག་འབྲས་ཀྱིས་ཀྱང་རྒྱལ་མཚམས་ལ་དབྱེ་བ་མི་འབྱེད་པར་ཕྱོགས་མང་པོར་གནོད་སྐྱོན་གཏོང་ངེས་རེད།
ཡར་ཀླུང་གཙང་པོ་ནི་རྒྱ་གར་བྱང་ཤར་ཁུལ་གྱི་ཡུལ་མི་ས་ཡ་མང་པོའི་འཚོ་རྟེན་གྱི་སྲོག་རྩ་ལྟ་བུ་ཡིན་ལ། བྷང་ལ་དྷེ་ཤི་ལ་མཚོན་ན་དེ་ནི་ཆུ་གཙང་མའི་ཡོང་ཁུངས་གཅིག་པུ་དེ་ཡིན། རྒྱ་ནག་གིས་རྫ་ཆུའི་འགྲམ་རྒྱུད་དུ་འཛུགས་སྐྲུན་བྱས་པའི་ཆུ་མཛོད་ཆེན་པོ་དག་དང་འདྲ་བར། ཆུ་མཛོད་ཆེ་ཤོས་དེ་བརྒྱུད་ནས་རྒྱལ་མཚམས་ཀྱི་གཙང་པོའི་ཁ་ཕྱོགས་བསྒྱུར་བར་འཇིགས་སྐུལ་བྱེད་སྲིད་ལ། སྨད་རྒྱུད་དུ་ཆགས་པའི་རྒྱལ་ཁབ་དག་ལ་གཙང་པོའི་སྐྱེ་ཁམས་ཁོར་ཡུག་དང་གཙང་འགྲམ་གྱི་ཞིང་ཁར་མེད་དུ་མི་རུང་བའི་བཅུད་ལྡན་གྱི་རྡོ་ཞིབ་སྐྱེལ་འདྲེན་བྱེད་པ་ཡང་ཉུང་དུ་གཏོང་ངེས་རེད།
དེ་ལས་ཀྱང་སྡུག་པ་ཞིག་ལ། ཆུ་མཛོད་ཀྱི་མ་ལག་ལ་སྐྱོན་ཤོར་བ་འམ་ས་འགུལ་ལ་བརྟེན་ནས་ཆུ་མཛོད་དུ་བསྐྱིལ་བའི་ཆུ་ཛ་དྲག་ངང་ཕྱི་ལ་འདོན་དགོས་བྱུང་བ་ཡིན་ན། དེས་ནི་ཉེན་བརྡ་ཙམ་ཡང་མེད་པར་གཙང་པོའི་སྨད་རྒྱུད་ཀྱི་མི་འབོར་མང་པོ་འདུས་སྡོད་ས་ཁུལ་ལ་ཆུ་ལོག་གི་གོད་ཆག་ཚབས་ཆེན་བཟོ་ངེས། དེ་ལྟར་བོད་ནང་དུ་བཟོ་སྐྲུན་གྱི་ཉེས་འཛོལ་ཤོར་བ་དེ་ཡང་བྷང་ལ་དྷེ་ཤི་རྒྱལ་ཁབ་ཏུ་གོད་ཆག་ཆེན་པོ་འབྱུང་བའི་གཞི་རུ་འགྱུར་ངེས། བྷང་ལ་དྷེ་ཤི་ནི་རྒྱལ་ཁབ་ཆུང་ཆུང་དག་ཕར་ཕུད་འཛམ་གླིང་ནང་དུ་མི་འབོར་གྱི་འཚང་ཁ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་རེད།
ས་གཤིས་རིག་པའི་ཐད་ནས་ཉེན་ཁ་གླེང་བ་ནི་གཏམ་རྒྱུད་ཀྱི་ཟུར་ཙམ་ཡིན། རྒྱ་ནག་གིས་བོད་མདོ་དབུས་མཐོ་སྒང་ལ་སྟངས་འཛིན་བྱེད་པ་དེ་ཐབས་ཇུས་དང་བཅས་ཁེ་སྤོགས་ཡོང་གནས་ཤིག་ཏུ་སྒྱུར་བཞིན་ཡོད། རྒྱ་ནག་གིས་རྒྱལ་མཚམས་བརྒལ་བའི་གཙང་པོ་དག་གི་འགྲམ་རྒྱུད་དུ་ཆུ་མཛོད་རིམ་པ་ཧ་ཅང་མང་པོ་འཛུགས་སྐྲུན་བྱས་ཡོད་ལ། རྩོད་རྙོག་བྱུང་བའི་དུས་སྐབས་སུ་ཆུ་དང་འབྲེལ་བའི་གནས་ཚུལ་གཞན་ལ་མི་ཤོད་པ་དང་། གཙང་པོའི་སྨད་རྒྱུད་དུ་གནས་པའི་རྒྱལ་ཁབ་དང་མཉམ་དུ་ཆུ་དོན་ཆིངས་ཡིག་འཇོག་པར་ཡང་མོས་མཐུན་བྱེད་ཀྱིི་མེད། ཆུ་ནི་རྒྱལ་ཁབ་གཞན་ལ་གནོན་ཤུགས་སྤྲོད་བྱེད་ཀྱི་ལག་ཆ་ཞིག་ཏུ་གྱུར་ཡོད།
རྒྱ་ནག་གིས་ “དུས་རབས་ཀྱི་ལས་གཞི” ཞེས་འབོད་པའི་ལས་གཞི་འདིའི་མཐར་ཐུག་གི་ཚད་གཞི་ནི་གཙང་པོའི་བཞུར་རྒྱུན་ཐད་སྔར་བྱུང་མྱོང་མེད་པའི་སྟངས་འཛིན་ནན་མོ་བྱ་རྒྱུ་དེ་རེད། ཐ་ན་ཉིན་རེའི་ཆུ་མཛོད་ཀྱི་ཆུ་བསགས་པ་དང་གློད་པའི་བརྒྱུད་རིམ་ཁྲོད་གཙང་པོའི་སྨད་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་དང་། ཞིང་ཁ། རྡོ་ཞིབ་སྐྱེལ་འདྲེན། ཆུ་ལོག་གི་གནས་སྟངས་བཅས་ལ་ཤུགས་རྐྱེན་ཐེབས་སྲིད།
དེ་ལྟ་ན་ཡང་། རྒྱ་ནག་གིས་ལས་གཞི་དེ་གསང་བའི་ཚུལ་དུ་ཉར་ཞིང་། རྒྱལ་མཚམས་ལས་བརྒལ་བའི་ཤུགས་རྐྱེན་ཆེན་པོ་ཐེབས་མིན་ལ་མ་བལྟོས་པར། སྲིད་གཞུང་གིས་རྒྱལ་ཁབ་གཞན་ལ་ཚན་རིག་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་བརྒྱུད་སྤྲོད་བྱེད་ཀྱི་མེད།
རྒྱལ་སྤྱིའི་ཁྲིམས་ལུགས་ཀྱིས་རྒྱལ་མཚམས་བརྒལ་བའི་གཙང་པོ་དང་འབྲེལ་ཡོད་ཀྱི་རྒྱལ་ཁབ་དག་གིས་ཕན་ཚུན་འགན་འཁུར་སྒྲུབ་རེས་བྱེད་དགོས་པ་སྔོན་ཆད་ནས་ངོས་ལེན་བྱས་ཡོད་ལ། དེ་ཡང་རྒྱལ་མཚམས་ལས་འདས་པའི་གནོད་སྐྱོན་འགོག་ཐབས་བྱེད་པ་དང་། འབྲེལ་ཡོད་ཀྱི་གནས་ཚུལ་བརྒྱུད་སྤྲོད་བྱེད་པ། གཙང་པོའི་སྨད་རྒྱུད་ཀྱི་རྒྱལ་ཁབ་དག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་པའི་ལས་གཞིའི་སྐོར་ལ་གྲོས་བསྡུར་བྱེད་དགོས་པ་སོགས་ཚུད་ཡོད། ཐུན་མོང་གི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པར་ཁྲིམས་དོན་དེ་དག་ལ་བརྩི་སྲུང་ངེས་པར་དུ་བྱེད་དགོས། ཡིན་ནའང་རྒྱ་ནག་གཞུང་གི་གསང་རྒྱ་ཡིས་དེ་དག་ལ་རྡོག་རོལ་བཏང་ཡོད།
མི་རྣམས་ཀྱིས་ཧི་མ་ལ་ཡའི་རི་རྒྱུད་ལ་ཨེ་ཤེ་ཡའི་ཆུ་མཛོད་ཅེས་ཀྱང་འབོད་ལ། རྒྱུ་མཚན་ནི་རྒྱལ་ཁབ་མང་པོའི་ནང་གི་མི་འབོར་དུང་ཕྱུར་ཉིས་བརྒྱ་ལ་ཉེ་བ་ཙམ་གྱི་འཚོ་རྟེན་གངས་རི་ལས་མཆེད་པའི་གཙང་པོ་དག་ལ་རག་ལས་ཡོད་པས་ཡིན། ད་བར་བྱུང་མྱོང་མེད་པའི་ཆུ་མཛོད་ཆེ་ཤོས་དེ་བརྟན་ལྷིང་མེད་པའི་ཁོར་ཡུག་འདིར་འཛུགས་སྐྲུན་བྱ་རྒྱུ་ཡིན་ཟེར་སྐབས། གསང་རྒྱ་བྱེད་པ་ནི་ས་ཁུལ་དེའི་བདེ་འཇགས་ཀྱི་ཉེན་ཁ་ཞིག་ཏུ་གྱུར་བ་རེད།
ཁེ་སྤོགས་དང་ཉེན་ཁ་གཉིས་གཞིར་བཞག་པའི་ཐོག་ནས། རྒྱ་ནག་གིས་དེ་མུར་རྒྱལ་སྤྱིའི་ས་འགུལ་དཔྱད་ཞིབ་པ་དང་། ས་གཤིས་རིག་པ་བ། ཆུ་མཛོད་ཀྱི་བདེ་འཇགས་ཁྱད་མཁས་མི་སྣ་སོགས་གདན་ཞུ་བྱས་ཏེ་རང་དབང་ལྡན་པའི་ཚོགས་པ་ཞིག་བཙུགས་ནས། ལས་གཞི་དེ་དང་འབྲེལ་བའི་ས་གཤིས་རིག་པའི་ཚོད་དཔག་ལ་བསྐྱར་ཞིབ་དང་། འཛུགས་སྐྲུན་གྱི་མ་ལག་ཚད་ལྡན་ཡིན་མིན་གྱི་སྐོར་ལ་དཔྱད་པ་གཏོང་དགོས། ད་དུང་རྒྱ་ནག་གིས་གཞུང་འབྲེལ་བརྒྱུད་རྒྱ་གར་དང་བྷང་ལ་དྷེ་ཤི་ལ་དུས་ཐོག་ཏུ་ཆུ་མཛོད་ཀྱི་ཆུའི་གནས་སྟངས་བརྒྱུད་སྤྲོད་དང་། ཛ་དྲག་གི་ཉེན་བརྡ་གཏོང་ཐབས་བྱེད་དགོས་པ་མ་ཟད། འཛུགས་སྐྲུན་མ་ལག་གི་སྐོར་ལ་འགྱུར་བ་ཅི་ཞིག་གཏོང་དགོས་བྱུང་ཚེ་རྒྱལ་ཁབ་དེ་དག་དང་མཉམ་དུ་གྲོས་མོལ་ངེས་པར་དུ་བྱེད་དགོས།
ཉེ་བའི་ཆར་རྒྱ་ནག་གི་ཚན་རིག་པའི་སྡེ་ཡིས་ཉེན་ཁ་ཡོད་པ་གསལ་པོ་རྟོགས་ནས་དངོས་ཡོད་གནས་ཚུལ་བསྒྲགས་ཟིན་ན་ཡང། ཆབ་སྲིད་ཀྱི་འགོ་ཁྲིད་རྣམས་ཀྱིས་དེ་ཡང་ཁས་ལེན་བྱེད་འདོད་མེད་ཚུལ་སྟོན་པ་ནི་ཡ་མཚན་ཞིག་ཅི་ལ་མིན། ད་ནི་རྒྱ་ནག་རང་གི་ས་གཤིས་རིག་པ་བ་ཚོས་ཉེན་བརྡ་བཏང་ཡོད་ན། ཆབ་སྲིད་པ་རྣམས་ཀྱིས་ངེས་པར་དུ་མངོན་ལྐོག་མེད་པར་ལས་དོན་སྒྲུབ་དགོས་ལ། ཡར་ཀླུང་གཙང་པོའི་སྟོད་རྒྱུད་དུ་ཆུའི་འབར་རྫས་ཤིག་ཡོངས་སུ་མ་གྲུབ་གོང་རྒྱལ་མཚམས་ལས་འདས་པའི་འགན་འཁུར་དང་ལེན་བྱེད་དགོས་སོ། །
[1] ཆུ་མཛོད་ཆེ་ཤོས་དེ་ནི་མེ་ཏོག་རྫོང་དུ་གསར་རྒྱག་བྱེད་བཞིན་པའི་ཆུ་མཛོད་དེར་གོ་དགོས།
རྩོམ་པ་པོ། བྷི་ར་མ-ཆ་ལ་ནེ།
ཁོང་ནི་ས་ཁམས་སྲིད་ཇུས་ཀྱི་ཁྱད་མཁས་མི་སྣ་ཞིག་ཡིན་ལ། དེབ་དགུ་ཡི་རྩོམ་པ་པོ་དང་། དེ་དག་ལས་ <<ཆུ། ཨེ་ཤེ་ཡའི་གཡུལ་ས་གསར་པ>> ཞེས་པར་བྱ་དགའ་ཐོབ་མྱོང་ཡོད།
![AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]](https://tibettimes.net/wp-content/uploads/2026/09/WhatsApp-Image-2026-09-11-at-4.20.04-PM-360x180.jpeg)




