རྩིས་ལོའི་ནང་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་སྦེལ་ཀོབ་ལུགས་བདེ་གཉིས་དང་། མོན་གྷོ། ཧོན་སུར། ཀོ་ལི་གྷལ། མན་སྤར་གཞིས་ཆགས། ཨོ་ཌི་ཤ་བཅས་སུ་རུབ་སྡོད་གཞིས་ཁང་གསར་རྒྱག་ཆེད་ས་ཆ་ཐབས་འཚོལ་དང་བགོ་བགྲེམས་གནང་འདུག

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གཉིས་པའི་སྟེང་། དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ ༢༠༢༥-༢༠༢༦ ལོའི་ལས་སྡོམ་སྙན་སྒྲོན་དང་ལས་ཁུངས་ཀྱི་ལས་དོན་ཐད་བགྲོ་གླེང་གནང་སོང་ལ། ཕྱི་ལོ ༢༠༢༥-༢༠༢༦ ལོར་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས། སྦེལ་ཀོབ་ལུགས་བདེ་གཉིས་སུ་སྡོད་ཁང་ ༦༠༧ རྒྱག་ཡུལ་ས་བགོས་དང་། གྲོང་སྡེ་སོ་སོར་སྤྱི་ཁང་རྒྱག་ཡུལ། ཆུ་མཛོད་རྒྱག་ཡུལ་བཅས་གོ་སྒྲིག་བྱས་ཟིན་པའི་མུར། མོན་གྷོ་དང་། ཧོན་སུར། ཀོ་ལི་གྷལ་བཅས་སུ་སྡོད་ཁང་རྒྱག་ཡུལ་ས་བགོས་གྲངས་ ༥༨ བགོ་འགྲེམས་བྱས་ཡོད་པ་མ་ཟད། ལ་དྭགས་གླེ། མན་སྤར་གཞིས་ཆགས། ཨོ་ཌི་ཤ་བཅས་སུ་སྡོད་ཁང་གསར་རྒྱག་བྱས་འདུག
གནད་དོན་དེ་དག་འབྲེལ་ནས་བོད་མི་མང་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་དང་། ཀུན་དགའ་བསོད་སྟོབས་ལགས། ལྷག་པ་ཚེ་རིང་ལགས། དཀོན་མཆོག་ཡར་འཕེལ་ལགས། ག་རྒྱ་རྒྱལ་མཚན་ཆོས་སྐྱིད་ལགས་སོགས་ཀྱིས། རྗེས་འབྱོར་དང་ཁ་འཐོར་མི་མང་གི་རུབ་སྡོད་དང་གཞིས་སྤོར་ལས་གཞིའི་གནས་བབ་དང་ལས་དོན་གནང་ཕྱོགས་སོགས་ཀྱི་ཐད་བཀའ་འདྲི་ཞུས་པར། ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིས། ལས་གཞི་དེ་ནི་ཕྱི་ལོ་ ༢༠༢༢ ལ་གནང་བ་རེད་དེ། ལས་དོན་དངོས་གཞི་དེ་ཕྱི་ལོ་ ༢༠༢༣ ནང་མ་གཏོགས་མགོ་འཛུགས་ཐུབ་ཡོད་མ་རེད། ལས་དོན་མང་པོ་ཞིག་ཞིབ་འཇུག་གི་ཆེད་འགོར་བ་རེད། དཔེར་ན། བོད་ནས་རྗེས་སུ་འབྱོར་བ་ཡིན་ན་རྗེས་འབྱོར་ཡིན་པའི་ཁུངས་སྐྱེལ་དང་། ཁ་འཐོར་ཡིན་ན་དེ་སྔ་ཕ་མའི་དུས་ནས་ས་ཁང་ཅི་ཡང་མ་རག་པའི་ཁུངས་སྐྱེལ་དང་ས་གནས་མགོ་འཛིན་གྱི་རྒྱབ་གཉེར། དེ་བཞིན་ས་གནས་མགོ་འཛིན་གྱི་རྒྱབ་གཉེར་ཡོད་མིན་ལ་མ་ལྟོས་པའི་ནང་སྲིད་ལས་ཁུངས་ཀྱིས་ཞིབ་འཇུག་རིམ་པ་གསུམ་བཅས། མཐའ་དོན་དུ་ཐོ་གཞུང་དྲ་ཐོག་ཏུ་འཇོག་རྒྱུ་དང་ཞིབ་འཇུག་འཐུས་ཚང་བྱས་པ་ཡིན། ཞེས་གསུངས་སོང་།
ཡང་ཁོང་གིས། བཀའ་ཤག་སྐབས་བཅུ་དྲུག་པའི་ཐོག་མའི་དམིགས་ཡུལ་གཅིག་དེ། ནང་སྲིད་ལས་ཁུངས་རང་ལ་ས་ཆ་གཅིག་དང་། དེ་བཞིན་ཨོ་ཌི་ཤའི་ལ་རྒྱབ་ལ་དུད་ཚང་༢༥༠ ལྷག་སྡོད་སའི་ས་ཆ་དང་། ནང་སྲིད་ལས་ཁུངས་ལ་ཨེར་ཀ་བརྒྱ་ལྷག་ཅིག་ཡོད་རེད། དེའི་ནང་གཞིས་སྤོར་ཐུབ་ན་ཡག་པོ་འདུག་ཅེས་བཀའ་གནང་པ་བཞིན་ཞིབ་འཇུག་བྱས་པ་རེད། ཞིབ་འཇུག་བྱས་པའི་བརྒྱུད་རིམ་ཁྲོད་འགྲོ་སོང་ཕྲན་བུའང་ཕྱིན་པ་རེད། ས་ཆ་ཚང་མར་རྟགས་བརྒྱབ་ནའང་རྗེས་སུ་འགྲོ་མཁན་མ་རག་པ་རེད།འགྲོ་མཁན་མ་རག་པ་ཡིན་ན། དཀའ་ངལ་སྔར་བཞིན་ལྷག་བསྡད་དུས། ལྷོ་ཕྱོགས་ལ་ས་ཆ་ཐབས་ཤེས་བྱ་དགོས་པའི་བཀའ་གནང་ཡོང་དུས། ནང་སྲིད་ལས་ཁུངས་སུ་ས་ཆ་རག་པ་དང་མི་མང་ལ་གདམ་ཀ་ཕུལ་བའི་ནང་། སྦེལ་ཀོབ་ལུགས་བསམ། བདེ་སྐྱིད་སླར་གསོ། ཧོན་སུར། ཀོ་ལི་གྷལ། ཅོ་ཀུར་དེ་དག་ཏུ་འགྲོ་མཁན་ཡོད་མེད་དང་། འགྲོ་མཁན་དེ་ཚོ་ལ་ས་ཆ་མ་གཏོགས་ཁང་པ་བརྒྱབ་ནས་སྤྲད་རྒྱུ་མིན་པའི་སྐོར་བཤད་ཡོད་ལ། མན་སྤར་དང་ཨོ་ཌི་ཤ་རུ་འགྲོ་བ་ཡིན་ན། ཁང་པ་བརྒྱབ་ནས་སྤྲོད་ཀྱི་ཡོད་ནའང་ཁང་པའི་ཚད་གཞི་འདི་འདྲ་ཞིག་ཡོད་ཅེས་བསྒྲགས་ནས་གདམ་གསེས་བྱོས་ཟེར་དུས། སོ་སོས་སྙན་ཞུ་རྒྱབ་སྟེ་བདམས་པ་རེད། དེ་ལྟར་བདམས་པ་ནང་བཞིན་ཅོ་ཀུར་ལ་ཕྱི་ཟླ་༡ ནས་བགོ་བཤའ་བརྒྱབ་པ་རེད། ད་ལྟ་བར་དུ་ཁང་པ་གཅིག་ཀྱང་རྒྱག་ཐུབ་མི་འདུག བདེ་སྐྱིད་སླར་གསོར་ས་ཆ་བགོས་ནས་ལོ་གཅིག་ཙམ་འགོར་གྱི་ཡོད་པ་དང་། ཁ་ཤས་ཤིག་ཉེ་ཆར་སྤྲད་ཡོད་ཀྱང་། ད་ལྟ་ཁང་པ་རྒྱབ་པ་བྱུང་མི་འདུག ཅེས་གསུངས་སོང་།

བཀའ་བློན་མཆོག་གིས། གཞིས་ཆགས་སྲ་བརྟན་ཟེར་ན། ཁང་པ་བརྒྱག་རྒྱུ་དང་ལམ་ཁ་བཟོ་རྒྱུ་ཙམ་མ་ཡིན་པར་དེ་ལ་གནས་མཁན་གྱི་མི་ཡང་དགོས་ཀྱི་ཡོད་པས། དེར་བུ་ཕྲུག་གསོ་སྐྱོང་བྱེད་སའི་བུ་བཅོལ་ཁང་གལ་ཆེན་པོ་རེད་ཟེར་བར་ང་ཚོས་ཡིད་བཅངས་ཞུ་རྒྱུ་དང་། གཞིས་སྤོར་ལས་གཞི་ལ་ཐོ་བརྒྱབ་རྗེས་ཐོ་མ་ཐོན་པར་ལྷག་པ་ཡིན་ན་གནས་སྟངས་ག་འདྲ་ཆགས་མིན་གྱི་སྐོར་ལ། ང་ཚོའི་ཐོ་གཞུང་དུ་ཐོ་ལྷག་པ་རྣམས་གོང་དུ་ཞུས་པ་བཞིན། ས་ཨེར་ཀ་དྲུག་བདུན་ཞིག་ལྷོ་ཕྱོགས་སུ་ཡོད། སྔོན་ལ་མན་སྤར་དང་བྷན་རྡ་ར་ནང་ལ་ཁང་པ་བརྒྱབ་ནས་སྤྲད་རྒྱུ་ཡིན། སུ་སུ་འགྲོ་རྒྱུ་ཡིན་ཞེས་ཟེར་དུས། གང་ལ་ཡང་འགྲོ་གི་མིན། དྷ་རམ་ས་ལ་དང་ལྡེ་ར་རྡུན། ལྡི་ལི་ལ་སྡོད་ཀྱི་ཡིན་ཟེར་མཁན་དག་གིས། ས་གནས་དེ་ག་རང་ལ་ས་ཆ་དགོས་ཀྱི་ཡོད་ཟེར་མཁན་གྱི་ཐོག་མའི་གྲངས་ཚད་མང་པོ་རེད། ཅེས་དང་། དེ་བས་ང་ཚོའི་ཁྱིམ་ཚང་ ༥༦ ཅིག་ཞིབ་འཇུག་ནང་ལ་བཞག་ཡོད། ཞིབ་འཇུག་བྱས་ནས་དེ་དངོས་ཡོད་གནས་ཚུལ་དང་ཡིག་ཆ་ཚང་པ་དང་། ཧམ་པ་བཤད་མེད་པ་ཞིག་ཡིན་ན་རིམ་པའི་མཐུན་རྐྱེན་ཚང་བའི་སྒོ་ནས་སོ་སོའི་འདོད་པ་ནང་བཞིན་གཏང་རྒྱུ་ཡིན། ཞེས་གསུངས་སོང་། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢༧ ནས་ད་བར་རུབ་སྡོད་གཞིས་སྒར་ནང་ཞིབ་འཇུག་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ ཡོད་ཅིང་། ད་ལྟ་ནང་སྲིད་ལས་ཁུངས་ཀྱིས་ཁྱིམ་ཚང་གྲངས་ ༡༠༣༥ ལ་ས་ཁང་ཐབས་འཚོལ་དགོས་འདུག
དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཀྱི་ལོ་འཁོར་ལས་སྡོམ་སྙིང་བསྡུས་ལྟར་ན། སྦེལ་ཀོབ་ལུགས་བདེ་གཉིས་སུ་སྡོད་ཁང་ ༦༠༧ རྒྱག་ཡུལ་ས་བགོས་ (Plotting) དང་། ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༨ ཉིན་མོན་གྷོ་དང་། བདེ་སྐྱིད་སླར་གསོ། ཧོན་སུར། ཀོ་ལི་གྷལ་བཅས་སུ་སྡོད་ཁང་རྒྱག་ཡུལ་ས་བགོས་གྲངས་ ༥༨ བགོ་འགྲེམས་བྱས་ཡོད་པ་མ་ཟད། ཧོན་སུར་དང་ཀོ་ལི་གྷལ་གཞིས་ཆགས་སུ་ཁྱིམ་ཚང་བཞི་ཡི་སྡོད་ཁང་གསར་རྒྱག་ཆེད། རྩིས་ལོའི་ནང་རོགས་དངུལ་གཏན་འབེབས་ལྟར་ཁྱོན་སྡོམ་སྒོར་ ༡༨,༧༥,༠༠༠ ཁུངས་འགྲེམས་དང་། ལ་དྭགས་གླེ་རུ་བྱང་ཐང་མ་ཁྱུ་དང་ཆུ་ཤུལ་འབྲོག་པའི་ཁྱིམ་ཚང་རྣམས་ལ་སྡོད་ཁང་གསར་རྒྱག་ཆེད་རྩིས་ལོའི་ནང་སྒོར་ ༡༥,༥༠,༠༠༠ ། མན་སྤར་གཞིས་ཆགས་སུ་གཞིས་སྡོད་ཁང་ ༡༠ གསར་རྒྱག་ཟིན་པར་འགྲོ་གྲོན་སྒོར་ ༡༡༧,༣༢,༤༦༣ ། ཨོ་ཌི་ཤར་སྡོད་ཁང་གྲངས་ ༡༠ གསར་རྒྱག་ཟིན་པ་དང་རྩིས་ལོའི་ནང་སྡོད་ཁང་ ༧ གསར་རྒྱག་ཞུས་པར་འགྲོ་གྲོན་སྒོར་ ༧༦,༥༩,༤༠༥ བཏང་ཡོད་འདུག
དེ་རིང་གྲོས་ཚོགས་སྟེང་ནང་སྲིད་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་ནས། བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་ཇུས་ ༢༠༡༤ སྐོར་དང་དེའི་མཐུན་རྐྱེན་ཇི་ཐོབ། རུབ་སྡོད་གཞིས་སྒར་ལས་གཞི། ན་གཞོན་རོགས་སྐྱོར། སོ་ནམ་བུན་གཏོང་ལས་གཞི། སོ་ནམ་གུན་སྐྱོབ་ལས་གཞི། གཞིས་ཆགས་གསར་སྐྲུན་དང་འཛུགས་སྐྲུན་ལས་གཞི། ངལ་སེལ་ལས་དོན་སོགས་ཀྱི་ཐད་ལ་དྲི་བ་དྲིས་ལན་གནང་སོང་།
གསར་འགོད་པ། རྟ་མགྲིན་མཚོ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

