རྒྱ་ནག་གཞུང་གིས་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མི་རྣམས་ཁུ་སིམ་མར་སྡོད་དགོས་པ་དང་ལྷག་པར་དུ་ཀྲང་ཡེ་ཡི་བུ་ཀྲང་ཧོང་ཡན་ཕྱིར་རྒྱ་ནག་ཏུ་ལོག་དགོས་པའི་བཙན་སྐུལ་བྱས་འདུག

རྒྱ་ནག་གཞུང་གིས། ཉེ་ལམ་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁྲིས་ཀྱི་གདན་ས་ཆེན་པོ་སེར་ར་དགོན་དུ་༧གོང་ས་མཆོག་གི་སྐུ་པར་ཞིག་བསྟན་པར་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་འཛིན་བཟུང་བྱས་པའི་ཀྲང་ཡེ་ཡི་ནང་མི་རྣམས་ལ་ཀྲང་ཡེ་དང་འབྲེལ་བའི་གནས་ཚུལ་ཕྱི་ཕྱོགས་སུ་མི་བཀྲམ་པ་དང་། ལྷག་པར་དུ་ནེའུ་ཛི་ལན་ཌིར་ཡོད་པའི་ཀྲང་ཡེ་ཡི་བུ་ཀྲང་ཧོང་ཡན་ཁུ་བཙུམ་ནས་སྡོད་དགོས་པ་མ་ཟད། ཕྱིར་རྒྱ་ནག་ཏུ་ལོག་དགོས་པའི་སྡིགས་ར་དང་འཇིགས་སྐུལ་བྱས་ཡོད་འདུག
རྒྱ་ནག་གི་འགྲོ་བ་མིའི་ཐོང་ཐང་ལྟ་ཞིབ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་ ༧ པའི་ཟླ་མཇུག་ཙམ་ལ་རྒྱ་ནག་གི་གྲོང་ཁྱེར་ཝོའུ་ཧན་ཉེན་རྟོག་ལས་ཁུངས་ཀྱིས། ཀྲང་ཡེ་ཡི་ནུ་བོ་ཀྲང་ཤན་(Zhang Xuan)འབོད་འགུག་གིས། ཕྱི་ཕྱོགས་ནས་སྤེལ་བའི་ཀྲང་ཡེ་སྐོར་གྱི་གནས་ཚུལ་རྣམས་སུས་མཁོ་སྤྲོད་བྱས་ཡོད་མེད་དང་། ཀྲང་ཧོང་ཡན་ལ་འབྲེལ་བ་བྱས་ནས་གནས་ཚུལ་མཁོ་སྤྲོད་བྱས་ཡོད་མེད་སོགས་ཞིབ་འདྲི་བྱས་རྗེས། ཀྲང་ཡེ་ཡི་གྱོད་དོན་དང་འབྲེལ་ནས་ནང་མི་རྣམས་ཁུ་སིམ་མར་སྡོད་དགོས་པ་དང་དམིགས་བསལ་ཀྲང་ཧོང་ཡན་གྱིས་ཕྱི་རྒྱལ་ནས་ཀྲང་ཡེ་དང་འབྲེལ་བའི་དཀྲོག་གཏམ་རིགས་སྤེལ་ཚེ། ཀྲང་ཡེ་གཙོས་ནང་མི་རྣམས་ལ་དཀའ་ངལ་འཕྲད་ཉེན་ཡོད་པའི་འཇིགས་སྐུལ་བྱས་ཡོད་འདུག
ཕྱི་ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་རང་གི་ནུ་བོ་ཀྲང་ཤན་ལྷན་དུ། སེར་ར་དགོན་པ་ནས་བོད་མི་ཞིག་ལ་སྐད་བརྡ་འཕྲོད་མིན་གྱི་དབང་གིས་རང་གི་ཁ་པར་ནང་གི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཞིག་བསྟན་པས། རྒྱ་གཞུང་ཉེན་རྟོག་པས་ཁོང་སྤུན་མཆེད་གཉིས་འཕྲལ་དུ་འཛིན་བཟུང་བྱས་ཡོད་ཀྱང་། ཀྲང་ཤན་ཅུང་ཙམ་རྗེས་ནས་ཀློད་གྲོལ་བཏང་བ་དང་། ཕྱི་ཟླ་ ༧ ཚེས་ ༡༨ ཉིན་ཀྲང་ཡེ་འཛིན་བཟུང་བཀག་ཉར་ཁང་ནས་དངོས་སུ་བཙོན་ཁང་དུ་བཅུག ཕྱི་ཟླ་ ༧ ཚེས་ ༢༨ ཉིན་ཁོང་ལ་རྒྱལ་ཁབ་ཁ་བྲལ་བའི་ཉེས་མིང་གཡོགས་ཏེ་ཁྲིམས་མཐུན་འཛིན་བཟུང་བྱས་ཟེར་བ་ཡོངས་བསྒྲགས་བྱས་འདུག
དེའི་རྗེས་ཁོང་གི་ནང་མི་ཚོས་ཁྲིམས་རྩོད་པ་གླས་ཏེ་ཀྲང་ཡེ་ལ་ཐུག་འཕྲད་དང་ཁྲིམས་ཁང་ལ་གྱོད་དོན་གཏུག་བཤེར་བྱེད་ཐབས་བྱས་ཡོད་ཀྱང་། ༧གོང་ས་མཆོག་གི་སྐུ་པར་བསྟན་པའི་གྱོད་དོན་དེས་རྒྱལ་སྲིད་བདེ་འཇགས་ལ་ཉེན་ཁ་བསྐྲུན་གྱི་ཡོད་པར་ངོས་འཛིན་བྱས་ཏེ། གྱོད་དོན་ཚབས་ཆེན་ཞིག་ཏུ་བརྩི་ཡི་ཡོད་པས། ད་ལྟ་ཀྲང་ཡེ་ཡི་ནང་མི་རྣམས་ལ་ཁྲིམས་རྩོད་པ་རག་གི་མེད་ཁར། རྒྱ་ནག་གིས་གཞུང་རང་གི་ཁྲིམས་རྩོད་པ་ཆེད་མངག་བྱས་ཏེ། ཀྲང་ཡེ་ལ་ལུགས་མཐུན་དང་ནང་མིའི་ཡིད་ཆེས་བློ་སྐྱེལ་ཐུབ་པའི་ཁྲིམས་རྩོད་པ་ཞིག་རག་རྒྱུ་བཀག་འགོག་བྱེད་བཞིན་ཡོད་འདུག
ཀྲང་ཧོང་ཡན་གྱིས་རང་ཉིད་ཀྱི་པ་ལགས་ཀྱི་འདས་དོན་ལ་ཕྱིར་དྲན་བྱས་ཏེ་བརྗོད་དོན་ལྟར་ན། ཀྲང་ཧོང་ཡན་ལོ་ན་ཆུང་དུས་ནས་ཀྲང་ཡེ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་ཉུང་ཉུང་མིན་ཞིང་། ཀྲང་ཧོང་ཡན་ལོ་ན་བཅུ་བཞིའི་སྐབས་ཤིག་ལ་སློབ་གྲྭ་ནས་ཕྱིར་ནང་ལ་འབྱོར་དུས། ཀྲང་ཡེ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་པ་ཤེས་རྟོགས་བྱུང་ཞིང་། དེ་མ་ཐག་ཀྲང་ཧོང་ཡན་ཉེན་རྟོག་ཁང་དུ་བསྐྱོད་དེ་རང་ཉིད་ཀྱི་པ་ལགས་ཀློད་གྲོལ་མ་བཏང་བར་དུ་ཕྱིར་ལོག་རྒྱུ་མིན་ཞེས་ཨུ་ཚུགས་བརྒྱབ་ནས་བསྡད་པ་དང་འབྲེལ། ཁོས། མི་གཞན་གྱི་པ་ལགས་ཉེན་རྟོག་ཁང་དུ་རང་གི་བུ་ལེན་དུ་འགྲོ་ཡི་ཡོད། འོན་ཀྱང་། ང་དུས་རྒྱུན་ཉེན་རྟོག་ཁང་དུ་ངའི་པ་ལགས་ལེན་དུ་འགྲོ་དགོས་ཞེས་བརྗོད་འདུག་ལ། ཀྲང་ཡེ་འཛིན་བཟུང་བྱེད་སྐབས་དུས་རྒྱུན་ཁོས་རང་གི་བུར་སེམས་གསོ་བྱེད་བཞིན་ཡོད་པས། ཁོས་རང་ཉིད་ཉེན་ཁའི་ནང་ལྷུང་ཡོད་པར་འདང་མི་རྒྱག་པར་ནམ་རྒྱུན་གཞན་ལ་སེམས་འཁུར་བྱེད་བཞིན་ཡོད་སྐོར་སོགས་བརྗོད་འདུག
དམིགས་བསལ་ཕྱི་ལོ་ ༢༠༡༢ ལོར་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་སྲིད་དབང་བཟུང་བ་ནས་རྒྱ་ནག་གི་སྤྱི་དམངས་ཚོགས་སྡེ་ཁག་དང་གཞུང་གི་ལངས་ཕྱོགས་ལ་དགའ་མོས་མེད་པའི་མི་རྣམས་ལ་དྲག་གནོན་སྔར་ལྷག་བྱེད་མགོ་བརྩམས་སྟབས། ཀྲང་ཡེ་ཡི་འགྲོ་འདུག་སྤྱོད་གསུམ་ལའང་ལྟ་རྟོག་ནན་མོ་བྱེད་མགོ་བཙུགས་པ་དང་། ཀྲང་ཡེ་ཡི་ནང་མི་རྣམས་ཕྱིར་ཟ་མ་དང་ལྷོད་གཡེང་སོགས་བྱེད་པར་ཕྱིན་ཚེ། གང་དུས་ཡིན་ཡང་རྗེས་འདེད་གཏོང་མཁན་དང་བརྙན་པར་རྒྱག་མཁན་ཡོད་པ་མ་ཟད། ཟླ་རེར་ཉེན་རྟོག་པ་ཁྱིམ་དུ་ཡོང་ནས་ཀྲང་ཡེ་པར་རྒྱག་གི་ཡོད་པ་སོགས་ཀྲང་ཡེ་ཡི་ཁྱིམ་མི་གང་བོའི་འགྲོ་འདུག་སྤྱོད་གསུམ་ཡོངས་ལ་ཚོད་འཛིན་དང་ལྟ་རྟོག་བྱས་དང་བྱེད་བཞིན་ཡོད་འདུག
འདི་ལོའི་ཕྱི་ཟླ་ ༧ ནང་རྒྱ་ནག་གིས་ཀྲང་ཡེ་འཛིན་བཟུང་བྱས་པའི་གནད་དོན་དེའི་ཐད་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས། ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་གི་སྐུ་པར་བསྟན་པ་ཙམ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཞིག་ཏུ་རྩ་བ་ནས་ངོས་འཛིན་རྒྱུ་མེད། ཀྲང་ཡེ་ཡིས་ཞི་བའི་ལམ་ནས་མི་སྒེར་གྱི་འགྲོ་བ་མིའི་ཐོབ་ཐང་སྤྱད་པ་ཁོ་ནར་བརྟེན་ནས་འཛིན་བཟུང་བྱས་ཡོད་པས། ཁོང་འཕྲལ་དུ་ཀློད་གྲོལ་གཏོང་དགོས། ཞེས་དང་། ཀྲང་ཡེ་ཡི་གྱོད་དོན་དེས་རྒྱ་ནག་གི་དཔོན་རིགས་ཚོས་ཡུན་རིང་བོད་ནང་དུ་རྒྱལ་ཁབ་ཁ་བྲལ་ཟེར་བའི་མིང་འོག་ནས་བོད་ཀྱི་ཆོས་ལུགས་དད་མོས་དང་རིག་གཞུང་། ལོ་རྒྱུས་སོགས་དང་འབྲེལ་ནས་ཞི་བའི་རྣམ་འགྱུར་སྟོན་མཁན་ཚོ་ཉེས་ཅན་པར་བརྩིས་ཏེ་འཛིན་བཟུང་བྱས་དང་བྱེད་མུས་ཡིན་པ་བསྟན་ཡོད་སྐོར་སོགས་བརྗོད་འདུག

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཀྲང་ཡེ་ལགས་ནི་རྒྱ་ནག་ཧོ་པེ་ཞིང་ཆེན་ཝོའུ་ཧན་གྲོང་ཁྱེར་གྱི་མི་ཡིན་ཞིང་། ཕྱི་ལོ་ ༡༩༨༩ ལོའི་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་གནམ་སྡེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་གྱི་སྐབས་ནས་བཟུང་རྒྱ་ནག་ནང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། དམར་ཤོག་གི་ལངས་ཕྱོགས་འགྱུར་བཅོས་གཏོང་དགོས་པ་སོགས་དང་འབྲེལ་བའི་ལས་འགུལ་སྤེལ་མཁན་ཞིག་ཡིན་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།





