-༧སྐྱབས་མཆོག་འཁོན་གདུང་ཨ་བྷི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱའི་ཁྲི་འཛིན་གོང་མ་ཞེ་བཞི་པའི་གསེར་ཁྲི་མངའ་གསོལ་མཛད་སྒོར་ཕུལ་བའི་གཏམ།
དོ་སྤྲུལ་ཆོས་དབྱིངས་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀ
ལྷ་རིགས་འཁོན་གདུང་དཔལ་ལྡན་ས་སྐྱ་ཞེས།།
མཚན་མཆོག་གསུམ་གྱི་གྲགས་སྙན་ལྷའི་རོལ་མོས།།
སྲིད་ཞིའི་དཔལ་ཡོན་འགུག་པའི་དགེ་ལེགས་ཅན།།
ཁྲི་རབས་རིམ་བྱོན་རྣམས་ཀྱིས་ཤིས་པ་སྩོལ།།
ཅེས་པའི་གསོལ་འདེབས་སྔོན་དུ་བཏང་སྟེ། སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་མཆོག་དང་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་རྣམ་གཉིས་སོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དུ་མས་སྔ་ཕྱིར་ལུང་བསྟན་གྱི་བདེན་ཚིག་གསེར་གྱི་ཡི་གེར་བརྒྱུས་པའི་ལྷ་རིགས་འཁོན་གདུང་སྟེ་མཚན་མཆོག་གསུམ་དང་ལྡན་པའི་དཔལ་ལྡན་ས་སྐྱ་པའི་ཁྲི་རབས་རིམ་བྱོན་རྣམས་ལ་མཚོན་ན། སློབ་དཔོན་ཆེན་པོ་གུ་རུ་རིན་པོ་ཆེའི་དངོས་སློབ་འཁོན་ཀླུ་ཡི་དབང་པོ་ནས་རིམ་པར་བརྒྱུད་དེ། དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་གི་རྨང་གཞི་འདེབས་མཁན་འཁོན་དཀོན་མཆོག་རྒྱལ་པོ་དང་། དེའི་སྲས་ས་ཆེན་ཀུན་དགའ་སྙིང་པོ། དེའི་སྲས་རྗེ་བཙུན་བསོད་ནམས་རྩེ་མོ་དང་གྲགས་པ་རྒྱལ་མཚན། ས་ཆེན་གྱི་སྲས་བཞི་པ་དཔལ་ཆེན་འོད་པོའི་སྲས་འཇམ་མགོན་ས་སྐྱ་པཎཌི་ཏ། ས་པཎ་གྱི་གཅུང་ཟངས་ཚའི་སྲས་འགྲོ་མགོན་ཆོས་རྒྱལ་འཕགས་པ་སྟེ་རྗེ་བཙུན་གོང་མ་རྣམ་ལྔ་དང་། ཟངས་ཚའི་སྲས་ཕྱག་ན་རྡོ་རྗེ་ནས་གདུང་རྒྱུད་རིམ་པར་བྱོན་ཏེ་དཔལ་ལྡན་ས་སྐྱའི་ཁྲི་རབས་ཞེ་བཞི་པའི་བར་དུ་ཕེབས་པ་དང་། བདག་གི་བླ་མ་སངས་རྒྱས་དངོས་བྱོན་དཔལ་ས་སྐྱ་པ། འཇིགས་བྲལ་བདག་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱི་ཡབ་ཁྲི་ཆེན་ངག་དབང་མཐུ་སྟོབས་དབང་ཕྱུག་མཆོག་དཔལ་ས་སྐྱའི་ཁྲི་འཛིན་གོང་མ་བཞི་བཅུ་པར་བཞུགས་ཤིང་། ཁོང་སྤྱི་ལོ་༡༩༥༠ ལོར་སྐུ་གཤེགས་རྗེས། ཁོང་གི་གདུང་སྲས་སྐུ་བགྲེས་པ་འཇིགས་བྲལ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་མཆོག་གིས་རེ་ཞིག་དཔལ་ལྡན་ས་སྐྱའི་ཁྲི་ཚབ་ལྟ་བུར་བཞུགས་ཏེ། གོང་ས་མཆོག་དང་ལྷན་དུ་ཆོས་བརྒྱུད་ཁག་གི་བླ་ཆེན་སྐུ་ཚབ་རྣམས་པེ་ཅིན་དུ་ཕེབས་དུས། འཇིགས་བྲལ་བདག་ཆེན་རིན་པོ་ཆེ་མཆོག་ཁམས་ནས་དཔལ་ས་སྐྱའི་སྐུ་ཚབ་མཛད་དེ་པེ་ཅིན་དུ་ཕེབས། དེའི་རྗེས་སུ་སྒྲོལ་མ་ཕོ་བྲང་གི་གདུང་སྲས་ངག་དབང་ཐེག་ཆེན་དཔལ་འབར་མཆོག་གོང་ས་ཆེན་པོའི་ཐུགས་དམ་དབྱིངས་གཟིགས་ཀྱིས་དཔལ་ས་སྐྱའི་ཁྲི་རབས་ཞེ་གཅིག་པར་བསྐོ་བཞག་གིས། དཔལ་ལྡན་ས་སྐྱའི་ལྷ་མི་ཡོངས་ཀྱི་མགོན་དང་སྐྱབས་གཅིག་ཏུ་བཞེངས་ཏེ། སྙིགས་ལྔའི་མུན་ཁྲོད་དུ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་དཔལ་བརྩེ་བ་ཆེན་པོའི་རིང་ལུགས་སྣུམ་ཟད་ཀྱི་མར་མེ་ལྟ་བུ་དེ་གཞིར་བཞེངས་སུ་བསླངས་ཏེ། བོད་དང་རྒྱ་བལ་སོགས་འཛམ་གླིང་ཤར་ནུབ་ཏུ་དཔལ་ལྡན་སྐྱ་པའི་བསྟན་པའི་རྒྱལ་མཚན་མཐོན་པོ་ཉམས་པ་མེད་པར་བསྒྲེངས་པར་མཛད།
དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་ ༤༡ པ་མཆོག་ནས་དཔལ་ས་སྐྱའི་ཁྲི་འཛིན་ལམ་ལུགས་ཐད་ལོ་རྒྱུས་རང་བཞིན་གྱི་ལེགས་བཅོས་མཛད་རྒྱུའི་བཀའ་དགོངས་ཕེབས་པ་ལྟར། ཕྱི་ལོ་ ༢༠༡༤ལོའི་ཟླ་ ༥ ཚེས་༨ཉིན། ས་སྐྱའི་སྒྲོལ་མ་ཕོ་བྲང་དང་ཕུན་ཚོགས་ཕོ་བྲང་རྣམ་གཉིས་ཞལ་འཛོམས་ཀྱིས་མཁྱེན་ཡོན་མཐར་ཕྱིན་པའི་ཕོ་བྲང་གཉིས་ཀྱི་གདུང་སྲས་སྐུ་ན་བགྲེས་རིམ་བཞིན་དུས་ཡུན་ལོ་གསུམ་རེར་ས་སྐྱའི་གསེར་ཁྲིར་ཕེབས་རྒྱུ་གཏན་འབེབས་མཛད་ཡོད་པ་དང་། ད་ལན་ནི་ས་སྐྱའི་ཁྲི་འཛིན་ལམ་ལུགས་ལེགས་བཅོས་མཛད་རྗེས་ཀྱི་ཁྲི་འདོན་མཛད་སྒོ་ཐོག་མ་དེ་ཆགས་ཡོད་པ་རེད།

སྤྱི་ལོ་ ༢༠༡༧ ལོའི་ཟླ་ ༣ འདི་ཚེས་ ༩ ཉིན་རྒྱ་གར་བྱང་ཕྱོགས་པུར་ཝ་ལ་དཔལ་ས་སྐྱའི་མ་དགོན་དུ། ས་སྐྱ་༧གོང་མ་རིན་པོ་ཆེའི་གདུང་སྲས་བགྲེས་པ་འཁོན་གདུང་རཏྣ་བཛྲ་རིན་པོ་ཆེ་མཆོག་ས་སྐྱའི་ཁྲི་འཛིན་ ༤༢ པའི་མཚན་གསོལ་ཞུས་ཏེ། ཆོས་ཕྱོགས་དང་ཕྱི་ལུགས་ཀྱི་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་ཟབ་རྒྱས་ཤིག་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་ཆེད་དུ་བཅར་བའི་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་དབུས་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་དང་། རྒྱ་གར་གཞུང་གི་དཔོན་རིགས། དེ་བཞིན་དད་ལྡན་སེར་སྐྱ་མི་མང་ ༦༠༠༠ ཡས་མས་འཛོམས་ཡོད་འདུག
སྤྱི་ལོ་ ༢༠༡༩ ལོ་ནས་བཟུང་སྟེ་ཏོག་དབྱིབས་ན་ཚས་འཛམ་གླིང་ཧྲིལ་བོར་དཀའ་ངལ་ཆེན་པོ་ཞིག་སྤྲད་པའི་རྐྱེན་གྱིས། དཔལ་ས་སྐྱའི་ཁྲི་རབས་ཞེ་གསུམ་པ་དུས་ཐོག་ཏུ་གསེར་ཁྲི་མངའ་གསོལ་གནང་སྟབས་མ་བདེ་ཡང་། སྤྱི་ལོ་ ༢༠༢༢ ལོའི་ཟླ་ ༣ པའི་ནང་སྒྲོལ་མ་ཕོ་བྲང་གི་འཁོན་གདུང་སྐུ་གཞོན་ཛྙྔ་ན་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱའི་ཁྲི་འཛིན་གོང་མ་ཞེ་གསུམ་པའི་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་ཆེན་མོ་གཟབ་རྒྱས་ཀྱང་སྤེལ་གནང་ཡོད་པ་རེད།
དཔལ་ས་སྐྱའི་ཁྲི་རབས་ཞེ་ལྔ་པའི་གསེར་ཁྲི་མངའ་གསོལ་གྱི་ལོ་དུས་ཏག་ཏག་དེ་སྤྱི་ལོ་ ༢༠༢༥ ལོར་ཁེལ་ཡོད་ན་ཡང་། རྒྱ་གར་བྱང་ཤར་འཇའ་འོད་སྒང་ས་གནས་སུ་ཕུན་ཚོགས་ཕོ་བྲང་གི་གཞིས་དགོན་གཉིས་པ་ས་སྐྱ་ཐེག་ཆེན་ཕུན་ཚོགས་གླིང་གི་གཙུག་ལག་ཁང་ཆེན་པོའི་རྟེན་དང་བརྟེན་པ་གསར་བཞེངས་ཀྱི་མཇུག་ཕྲན་བུ་སྐྱོང་མུས་སུ་ཁེལ་བས། བོད་རྒྱལ་ལོ་ ༢༡༥༣ སྤྱི་ལོ་ ༢༠༢༦ ལོའི་ཟླ་༩ ཚེས་ ༡༣ གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་མོར། འཛམ་གླིང་རྡོར་འཛིན་བྱེ་བའི་གཙུག་རྒྱན། དཔལ་ས་སྐྱའི་ཁྲི་རབས་ཞེ་གཅིག་པ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ཁྲི་རབས་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག ཁྲི་རབས་ཞེ་གསུམ་པ་ཛྙྔ་ན་བཛྲ་རིན་པོ་ཆེ་མཆོག་སྐུ་འཁོར་དང་བཅས་པའི་དབུས་ས་ངོར་ཚར་གསུམ་གྱི་བསྟན་བདག་བླ་ཆེན་རྣམ་པ་སོགས་སྐུ་མགྲོན་ལྷན་རྒྱས། དཔལ་ས་སྐྱའི་འཇིགས་བྲལ་བདག་ཆེན་རིན་པོ་ཆེའི་ཡུན་རིང་ཐུགས་ལ་བརྣགས་པའི་བྱེས་ཀྱི་གདན་ས་གཉིས་པ། ཐེག་ཆེན་ཕུན་ཚོགས་གླིང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ལེགས་གྲུབ་ཀྱི་དབུ་འབྱེད་མཛད་སྒོ་དང་། ༧སྐྱབས་མཆོག་འཁོན་གདུང་ཨ་བྷི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ས་སྐྱའི་༧གོང་མ་ཁྲི་འཛིན་ཞེ་བཞི་པའི་ལུགས་གཉིས་ཀྱི་གསེར་ཁྲི་མཐོན་པོར་མངའ་གསོལ་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་སྐྱོང་གནང་མཛད།
༧སྐྱབས་མཆོག་འཁོན་གདུང་ཨ་བྷི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ནི། དཔལ་ས་སྐྱ་ཆེན་པོ་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་མཆོག་དང་རྒྱལ་ཡུམ་འཇམ་དབྱངས་དཔལ་མོ་རྣམ་གཉིས་ལ་གདུང་སྲས་རྣམ་པ་ལྔ་འཁྲུངས་པའི་བཞི་པ་ཛ་ཡ་རིན་པོ་ཆེ་དང་བདག་མོ་ལྷ་མཛེས་རྣམ་གཉིས་ཀྱི་སྲས་སུ་སྤྱི་ལོ་ ༡༩༩༣ ལོར་ཨ་མེ་རི་ཀའི་ཝ་ཤིང་ཁྲོན་མངའ་སྡེའི་སེ་ཨ་རོལ་གྲོང་ཁྱེར་དུ་སྐུ་བལྟམས། སྐུ་ན་ཆུང་དུས་ནས་རྒྱ་གར་དུ་ཕེབས་ཏེ་རིང་ལུགས་ས་སྐྱའི་ཡབ་ཆོས་ལ་གསན་སྦྱོང་མཛད། སྐུ་ན་ཆུང་དུས་ནས་རྒྱ་གར་འཕགས་པའི་ཡུལ་གྱི་བྱང་ཕྱོགས་སུ་ཡོད་པའི་ས་སྐྱའི་དགོན་པར་བཞུགས་ཏེ་རིང་ལུགས་ཆོས་སྤྱོད་ཁག་ལ་སློབ་གཉེར་གནང་ཞིང་། ཁྱད་པར་དུ་སྤྱི་ལོ་༢༠༡༠ ལོ་སྟེ་རྗེ་ཉིད་དགུང་གྲངས་བཅུ་བདུན་ལ་ཕེབས་པ་ནས་བཟུང་སྟེ། རྫོང་གསར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་མདོ་སྔགས་རིག་གནས་དང་བཅས་ཐོས་བསམ་སྒོམ་པ་གནད་དུ་སྨིན་པ་མཛད། དཔལ་ས་སྐྱའི་གོང་མ་རྣམ་གཉིས་དང་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ། དཔེ་ཝར་རིན་པོ་ཆེས་གཙོས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དུ་མའི་དྲུང་ནས་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ངོམ་མེད་དུ་བཞེས། དཔལ་ས་སྐྱ་པའི་ཡབ་ཆོས་ཐུན་མོང་མ་ཡིན་པ་རྡོ་རྗེ་གཞོན་ནུས་གཙོས་པའི་ཡི་དམ་ལྷག་པའི་ལྷ་མཆོག་དུ་མའི་བསྙེན་སྒྲུབ་ཀྱང་ཚད་དུ་འཁྱོལ་བ་མཛད་ཅིང་། རྡོ་རྗེ་ཕུར་པའི་སྒྲུབ་མཆོད་ཀྱི་རྡོ་རྗེ་སློབ་དཔོན་ཡང་ལན་སྔ་ཕྱིར་མཛད། རྒྱ་གར་དུ་སློབ་གཉེར་གུང་གསེང་སྐབས་འདི་ག་ཨ་རིའི་སེ་ཨ་རོལ་ཏུ་ཕེབས་སྐབས་དང་བསྟུན་ནས། གུས་པས་ལན་སྔ་ཕྱིར་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་རྟགས་དག་གསུམ་གྱི་སློབ་ཁྲིད་ཕྲན་བུ་རེ་འབུལ་རྒྱུ་བྱུང་བའི་སྐལ་བཟང་ཡང་མངོན་དུ་གྱུར་མྱོང་།
གུས་པས་སྤྱི་ལོ་ ༢༠༢༡ ལོའི་ཟླ་ནང་བོད་ཀྱི་དུས་བབ་ཚགས་པར་སྟེང་སྤེལ་བའི་རྩོམ་ཡིག གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་མཆོག་ལས་འཕྲོས་ཏེ་ཕྱི་སྡོད་བོད་མིའི་བླ་མ་སྐུ་གཞོན་དག་གླེང་བ། ཞེས་པ་དེའི་ནང་དུ་འཁོན་གདུང་ཁོང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཁག་ཅིག་གསལ་འདོན་ཞུས་ཡོད་པས། འབྲེལ་ཐག་འདི་བརྒྱུད་ནས་རྩོམ་ཡིག་དེར་གཟིགས་ཐུབ། གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་མཆོག་ལས་འཕྲོས་ཏེ་ཕྱི་སྡོད་བོད་མིའི་བླ་མ་སྐུ་གཞོན་དག་གླེང་བ། – བོད་ཀྱི་དུས་བབ།

དེ་རིང་མི་རབས་གསར་པའི་བསྟན་བདག་བླ་ཆེན་རྣམ་པའི་ཁྲོད་དུ་རྒྱུ་སྐར་དབུས་ཀྱི་ཉི་མ་ལྟ་བུ་དང་། མེ་ཏོག་ཁྲོད་དུ་ཀྱི་པདྨ་དཀར་པོ་ལྟ་བུ། རིན་པོ་ཆེའི་ཁྲོད་ཀྱི་རྡོ་རྗེ་ཕ་ལམ་ལྟ་བུའི་འཁོན་གདུང་སྐྱབས་མཆོག་ཨ་བྷི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག སྐུ་མཛེས་པའི་ཞལ་མདངས་རྒྱས་ཤིང་། གསུང་སྙན་པའི་འགྱུར་ཁུག་ལྡིར་བཞིན། ཐུགས་དགྱེས་པའི་གཟི་འོད་འབར་བཞིན། དཔལ་ས་སྐྱའི་སྐྱབས་མགོན་གོང་མ་ཁྲི་ཆེན་ཡབ་སྲས་ཀྱི་བྱིན་རླབས་ཀྱི་མེ་ཏོག་འཐོར་བཞིན། དབྱིངས་ན་བཞུགས་པའི་སྐྱབས་མགོན་འཇིགས་བྲལ་བདག་ཆེན་རིན་པོ་ཆེའི་ཐུགས་མཉེས་པའི་རྣམ་འགྱུར་ངོམ་བཞིན། དཔལ་ས་སྐྱའི་ཡི་དམ་དཔལ་དགྱེས་པ་རྡོ་རྗེ་དང་ཕུར་པ་མཁའ་སྤྱོད་སོགས་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་ཏེ་རབ་གནས་ཀྱི་འཇའ་འོད་མཆོད་རྫས་ཀྱི་རྣམ་པ་དུ་མའི་སྤྲིན་དུ་སྤྲོ་བཞིན། ཆོས་སྐྱོང་གུར་ཞལ་པུ་ཊ་ལྕམ་སྲིང་སོགས་དམ་ལྡན་ཆོས་སྐྱོང་གི་ཚོགས་ཀྱིས་འཕྲིན་ལས་རྣམ་བཞིའི་མཛད་འཕྲིན་ལ་དུས་དང་དུས་སུ་སྡོང་གྲོགས་བགྱིའོ་ཞེས་རྡོ་རྗེའི་གཡར་དམ་གྱི་ཐ་ཚིག་དྲན་པའི་གསུང་སྙན་གཡུ་འབྲུག་གི་ཟོལ་གྱིས་མཁའ་ནས་ལྡིར་བཞིན། དེ་རིང་ངོ་མཚར་བའི་མཛད་སྒོ་འདི་ཐོག་མར་དགེ་ལེགས་ཀྱི་ཆུ་འཛིན་སྲིད་པ་གསུམ་གྱི་མཁའ་དབྱིངས་སུ་དཀྲིགས་ཤིང་། བར་དུ་དགེ་བའི་གློག་དམར་གྱི་དོ་ཤལ་དང་ཤིས་བརྗོད་ཀྱི་འབྲུག་སྒྲ་ཆེན་པོས་ས་གསུམ་ཀུན་ཏུ་གཡོ་བ་དང་། ཐ་མར་དགེ་བའི་སྦྲང་ཆར་ཟིལ་མའི་མེ་ཏོག་གིས་བསྟན་དང་འགྲོ་བའི་བདེ་སྐྱིད་ཀྱི་མེ་ཏོག་གི་སྐྱེད་ཚལ་ཆེན་པོའི་ཁོར་ཡུག་ཀུན་ཏུ། རྫོགས་ལྡན་དུས་ཀྱི་འབྲས་བུ་གཡུར་དུ་ཟ་བའི་སྦྲང་རྩིའི་ལེགས་སྐྱེས་མཐའ་དང་ཟད་དུ་མེད་པའི་དགའ་སྟོན་གྱི་ཡོ་ལངས་ཆེན་པོ་རྒྱས་པའི་བཀྲ་ཤིས་སྨོན་འདུན་གྱི་བཀྲ་ཤིས་པའི་ཁ་བཏགས་དཀར་པོའི་མཆོད་པ་འབུལ་བ་ལགས་ཤིང་། སྐྱབས་མཆོག་ཁྲི་འཛིན་གོང་མ་ཞེ་བཞི་པ་ཆེན་པོ་མཆོག་གིས་དཔལ་ལྡན་ས་སྐྱ་པའི་ཡབ་ཆོས་གསུང་ངག་ལམ་འབྲས་ཀྱི་གངྒཱའི་རྒྱུན་བཟང་གདུལ་བྱའི་ལས་ཉོན་གྱི་ཚ་གདུང་གཞིལ་བའི་དཔལ་དུ་དུས་དང་དུས་སུ་འབེབ་པ་དང་། མདོ་དང་སྔགས་ཀྱིས་བསྡུས་པའི་རྒྱལ་བའི་ཆོས་ཚུལ་གྱི་ནོར་བུའི་རྒྱན་འཕྱང་ལྷ་དང་བཅས་པའི་འགྲོ་བ་ཀུན་གྱི་དགའ་བའི་སྐྱེས་སུ་སྩོལ་བ་དང་། རང་རེའི་ཕ་ཡུལ་བསིལ་ལྡན་གངས་རིའི་ལྗོངས་དང་། རྒྱ་གར་འཕགས་པའི་ཡུལ། ལྷོ་བལ་དང་འབྲས་ཡུལ། རྒྱ་ནག་དང་སོག་ཡུལ། ཤར་ལྷོ་ནུབ་བྱང་གི་འཛམ་གླིང་འཛིན་མའི་ཕྱོགས་ཀུན་ཏུ་ཞབས་ཀྱི་པདྨོ་བཀོད་དེ། ཟབ་རྒྱས་ཆོས་ཀྱི་ཆར་ཆེན་དུས་དང་དུས་སུ་འབེབ་པ་དང་། སྐུ་ཉིད་ཀྱི་བསྟན་འགྲོའི་དོན་ཆེན་མཛད་པ་མཐའ་དག་ལ་མི་མཐུན་གེགས་ཀྱི་མིང་ཙམ་ཡང་མེད་པར་སྐུ་ཁམས་རྡོ་རྗེའི་གཤིས་སུ་བརྟན་པ་དང་། ༧གོང་མ་ཁྲི་ཆེན་རིན་པོ་ཆེས་ལྗགས་རྩོམ་མཛད་པའི་རང་རེའི་དཔལ་ལྡན་བླ་མ་དམ་པ་འཇིགས་བྲལ་བདག་ཆེན་རིན་པོ་ཆེའི་མྱུར་འབྱོན་གསོལ་འདེབས་ནང་དུ་གསལ་བ་བཞིན། རྗེ་བླ་མ་ས་སྐྱ་པ་ཆེན་པོ་གང་དེའི་འཁྲུལ་བྲལ་མཆོག་གི་སྤྲུལ་པའི་སྐུ་ཞིག་དཔལ་ལྡན་ས་སྐྱའི་འཁོན་རིགས་པདྨ་དཀར་པོའི་སྐྱེད་ཚལ་དུ་གང་མྱུར་འཁྲུང་བའི་ཐུགས་དམ་སྐྱབས་འཇུག་ཀྱང་བརྩེ་བས་མི་འདོར་བ་ཞིག་མཁྱེན་མཁྱེན་མཁྱེན། །
ཞེས་པ་འདི་ཡང་དཔལ་ས་སྐྱ་པ་ཆེན་པོ་འཇིགས་བྲལ་བདག་ཆེན་རིན་པོ་ཆེའི་ཞབས་དྲུང་དུ་མི་ལོ་བཅོ་ལྔ་བསྐྱལ་པའི་འབངས་ཐ། དོ་སྤྲུལ་ཆོས་དབྱིངས་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀས། རྒྱང་རིང་ཨ་རིའི་ཡུལ་ནས་༧སྐྱབས་མཆོག་འཁོན་གདུང་ཨ་བྷི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ལ་མཎཌལ་རྟེན་དོད་ཅིག་གི་ཚུལ་དུ་ཕུལ་བ་ལགས་སོ།།
*སྐུ་པར་གྱི་ཡོང་ཁུངས་ས་སྐྱའི་ཁྲི་འཛིན་ཞེ་བཞི་པའི་ཁྲི་གསོལ་མཛད་སྒོའི་ངོ་དེབ། (4) Facebook




