ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཆེད་སྦྱོང་སྡེ་ཚན་གྱི་གོ་སྒྲིག་འོག་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག

དེ་རིང་ཕྱི་ཚེས་ ༩ དང་ ༡༠ བཅས་ཉིན་གྲངས་གཉིས་རིང་སྦེང་ལོར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་བོད་ཀྱི་བདུན་ཕྲག་དང་བསྟུན། སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཐེངས་གསུམ་པ་དངོས་སུ་འཚོག་མགོ་བཙུགས་ཡོད་ཅིང་། ད་ལན་གྱི་བོད་རིག་པའི་ཚོགས་འདུ་དེའི་ཐོག་བཙན་བྱོལ་ནང་གི་མཁས་པ་དང་ཉམས་ཞིབ་པ་ ༣༠ ལྷག་གིས་དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་གནས་བབ་ཐད་དཔྱད་གླེང་གནང་གི་ཡོད་འདུག་ལ། དེ་རིང་དབུ་འབྱེད་མཛད་སྒོར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་འབུམ་རམས་པ་པ་སངས་ཚེ་རིང་ལགས། སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཐེངས་གསུམ་པའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་ལྷ་རམས་པ་ཉི་མ་དབང་ཕྱུག་ལགས། སྐུ་མགྲོན་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་ལགས་སོགས་ཆེད་ཕེབས་གནང་འདུག
སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཐེངས་གསུམ་པ་དང་འབྲེལ་ནས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་ལྷ་རམས་པ་ཉི་མ་དབང་ཕྱུག་ལགས་ཀྱིས་འདི་གའི་གསར་འགོད་པར། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་བདུན་ཕྲག་ཅེས་པ་ཞིག་སྲུང་གཙི་བྱེད་མུས་ཡིན་པའི་ཁྲོད་ཉིན་གྲངས་གཉིས་རིང་བོད་རིག་པའི་བགྲོ་གླེང་དང་། སྦེང་ལོར་དུ་ཡོད་པའི་མཐོ་སློབ་ཁག་ཏུ་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་རྒྱ་གར་གྱི་སློབ་མ་ཁག་ལ་འགྲེམས་སྟོན་དང་ངོ་སྤྲོད་བྱེད་ཀྱིན་ཡོད་ལ། བོད་རིག་པའི་ཚོགས་འདུ་དེའི་ཐོག་དུས་རབས་བཅུ་གསུམ་དང་བཅུ་བཞིའི་ནང་བོད་ཀྱི་སྲིད་འབྱོར་རིག་གསུམ་གྱི་ཐོག་དཔྱད་གླེང་བྱེད་ཀྱིན་ཡོད། ཅེས་བརྗོད་བྱུང་།
ཡང་ཁོང་གིས། མཁས་པ་ཁག་ཅིག་གིས་ང་ཚོས་བོད་ཀྱི་བཙན་པོའི་དུས་རབས་དང་ཉེ་རབས་ལོ་རྒྱུས་གཉིས་ཀྱི་ལོ་རྒྱུས་རྣམས་དུས་རྒྱུན་ནས་དཔྱད་གླེང་བྱེད་ཀྱིན་ཡོད་ཀྱང་། དེའི་བར་གྱི་བོད་ཀྱི་ལོ་རྒྱུས་དེ་དག་བོད་ཀྱི་སྲིད་འབྱོར་རིག་གསུམ་གྱི་ཐོག་ནས་གལ་གནད་ཆེན་པོ་ཡིན་ཡང་དཔྱད་གླེང་མ་ཐུབ་པར་ལྷག་ཡོད་པར་གསུང་གིན་ཡོད་པས། ད་ལན་ཆེད་དུ་དུས་རབས་ ༡༣ –༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་གནས་བབ་དང་འབྲེལ་བའི་བརྗོད་གཞི་ཁག་བདམས་པ་ཡིན། མ་འོངས་པར་བོད་ཀྱི་བདུན་ཕྲག་དེ་ཏཱ་ལ་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ལོ་ལྟར་འཚོག་འཆར་ཡོད་སྟབས། བོད་རིག་པའི་དཔྱད་གླེང་གི་ཚོགས་འདུ་དེའང་སྐབས་རེར་སྐད་བརྡ་རིག་པ་དང་། སྐབས་རེར་ལོ་རྒྱུས། ནང་དོན་རིག་པ། ཆབ་སྲིད། དཔལ་འབྱོར་སོགས་ཀྱི་བརྗོད་གཞིའི་ཐོག་ལ་དཔྱད་གླེང་བྱ་རྒྱུ་ཡིན། ཞེས་བརྗོད་བྱུང་།
དེ་རིང་སློབ་དཔོན་ཆེན་པོ་བྱམས་པ་བསམ་གཏན་ལགས་ཀྱིས་ཧོར་བོད་མཆོད་ཡོན་འབྲེལ་བ་དང་དེའི་བྱུང་འབྲས་ཅུང་གླེང་བ་དང་། འབུམ་རམས་པ་སྤེན་པ་དོན་གྲུབ་ལགས་ཀྱིས་ནུབ་ཕྱོགས་ཞིབ་འཇུག་པས་བོད་སོག་བར་གྱི་འབྲེལ་བ་ལ་ལྟ་ཚུལ་དང་། འབུམ་རམས་པ་ཤ་བོ་རྟ་མགྲིན་ལགས་ཀྱིས་བོད་ཆོལ་ཁ་གསུམ་ཞེས་པའི་ཆོལ་ཁའི་གོ་དོན་དང་བྱུང་རིམ་ལ་དཔྱད་པ། འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་ཀྱིས་ཧོར་གོང་མས་བྱང་ཆུབ་རྒྱལ་མཚན་ཕག་གྲུའི་ཁྲི་དཔོན་དུ་བསྐོས་མིན་ལ་དཔྱད་པ། འབུམ་རམས་པ་བསོད་ནམས་རྒྱལ་མཚན་ལགས་ཀྱིས་ཆོས་རྗེ་ས་པཎ་གྱིས་མཛད་པའི་སྒྲ་འཇུག་གི་བསྡུ་བའི་རྣམ་གཞག་ལ་ཞིབ་ལྟ། དགེ་བཤེས་ཤིས་ཚང་མཁྱེན་རམས་རྒྱ་མཚོ་ལགས་ཀྱིས་དུས་རབས་བཅུ་གསུམ་པའི་བོད་ཡིག་གི་ཀློག་གདངས་ཀྱི་འགྱུར་བ་དང་དེའི་ཤན་ཤུགས་གླེང་བ། འབུམ་རམས་པ་གཉན་ཐར་ལགས་ཀྱིས་འཁོན་རླུངས་ཀྱི་གདུང་ཁུངས་གཏམ་རྒྱུད་དང་སྐབས་དེའི་སྤྱི་ཚོགས་ཀྱི་འདུ་ཤེས་ལ་ཅུང་ཙམ་དཔྱད་པ། འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་ཀྱིས། དཔལ་ལྡན་ས་སྐྱ་པས་དབང་བསྒྱུར་བའི་དུས་སྐབས་ཀྱི་བོད་ཀྱི་ཆབ་སྲིད་གནས་བབ་སྐོར་མདོ་ཙམ་གླེང་བ་སོགས་ཀྱི་ཐད་ལ་དཔྱད་གླེང་གནང་ཡོད་འདུག
འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢ ནས་ ༧ བར་ཉིན་གྲངས་དྲུག་རིང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་བདུན་ཕྲག་ཅེས་པའི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་ཆེད་དུ་དམིགས་པའི་ལས་གཞི་ཞིག་སྤེལ་བའི་ཁྲོད། ཕྱི་ཟླ་ ༡༢ ཚེས་ ༢ དང་ ༣ ཉིན་མཐོ་སློབ་ཀྱི་ཆེད་སྦྱོང་སྡེ་ཚན་གྱི་གོ་སྒྲིག་འོག སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོགས་ཡོད་ལ། སྐབས་དེའི་བོད་ཀྱི་བདུན་ཕྲག་གི་ལས་རིམ་ཁྲོད། བོད་ཀྱི་སྨན་རྩིས་ཁང་གིས་བོད་ཀྱི་གསོ་བ་རིག་པ་དང་སྨན་གཞུང་གི་འགྲེམས་སྟོན་དང་གཏམ་བཤད་ཀྱི་ལས་རིམ། དེ་བཞིན་བོད་ཀྱི་དུས་ཐུང་གློག་བརྙན་གཟིགས་འབུལ་དང་དཔྱད་གླེང་། བོད་ཀྱི་འགྲེམས་སྟོན་ཁང་གིས་བོད་དང་རྒྱ་གར་གྱི་འབྲེལ་ལམ་ཐད་ཀྱི་འགྲེམས་སྟོན། བོད་ཀྱི་ཐུན་མོང་མ་ཡིན་པའི་རྩམ་པ་བཟོ་སྟངས་དང་ཁྱད་ཆོས་སྐོར་གྱི་འགྲེམས་སྟོན། བོད་ཀྱི་ཟས་རིགས་ཀྱི་དུས་སྟོན། བོད་ཀྱི་རིག་གཞུང་དུས་སྟོན། དཀྱིལ་འཁོར་བཞེངས་སྟངས་སོགས་འགྲེམས་སྟོན་བྱས་ཡོད་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།


