རྒྱ་ནག་གཞུང་གིས་ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་ཀྱིས་ཕྱི་རྒྱལ་གྱི་བོད་རིགས་སྤུན་ཟླའི་གཉེན་འཕྲད་དང་མ་དངུལ་འཇོག་པ། གཏན་སྡོད་བྱེད་པ་བཅས་ལ་ཞབས་ཞུ་བསྒྲུབ་རྒྱུ་ཡིན་ལུགས་བཤད།

ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་སུ་གྱུར་བའི་ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་སྒོ་འབྱེད་བྱས་ཏེ། མཚོ་སྔོན་གྱི་ཕྱིར་སྡོད་རང་མིའི་ལས་དོན་གྲོས་ཚོགས་ཟེར་བ་བསྡུས་ནས་མི་རབས་གསར་བའི་ཕྱི་སྡོད་རང་མིའི་ལས་རིགས་ཀྱི་སྟོབས་ཤུགས་གསར་བ་ཟེར་བ་ཞིག་གསོ་སྐྱོང་བྱ་རྒྱུ་ཡིན་ལུགས་སོགས་བསྒྲགས་ཡོད་ཅིང་། དེ་སྔ་རྒྱ་ནག་གིས་བོད་ཀྱི་རྒྱལ་ས་ལྷ་ས་དང་། ཁྲིན་ཏུའུ་གྲོང་ཁྱེར་སོགས་སུ་ཕྱི་སྡོད་བོད་མི་ཟེར་བར་དམིགས་པའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་ཆེད་འཛུགས་བྱས་ཡོད་འདུག
གནད་དོན་དེ་དང་འབྲེལ་ནས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་བོད་གནས་ཉམས་ཞིབ་པ་ཕན་ཐོགས་ལགས་ཀྱིས། ཕྱི་ལོ་ ༡༩༨༠ གྱ་གྲངས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཕྱི་སྡོད་བོད་རིགས་སྤུན་ཟླའི་སྣེ་ལེན་གཞུང་ལས་ཁང་ཟེར་བ་བརྒྱད་ཐོག་མར་གསར་འཛུགས་བྱས་ནས་ལས་གཞི་སྤེལ་མགོ་བཙུགས་པ་དང་ལྷན། བོད་ཁུལ་གྱི་ཞིང་ཆེན་བཞིའི་ནང་ཕྱི་སྡོད་བོད་མིའི་སྣེ་ལེན་ས་ཚིགས་བཅུ་ཙམ་ཆེད་འཛུགས་བྱས་ཡོད་པ་ལས་གཞུང་ལས་ཁང་མེད་ཀྱང་། འདི་ལོའི་ཕྱི་ཟླ་ ༡ ནང་ཟི་ལིང་དུ་ཕྱི་རྒྱལ་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་བཙུགས་ཡོད་ལ། དེ་ནི་བོད་མདོ་སྟོད་སྨད་གཉིས་ཀྱི་ཕྱི་སྡོད་བོད་མི་དང་འབྲེལ་བའི་གཞུང་ལས་ཁང་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད། དེ་བཞིན་ཁྲིན་ཏུའུ་གྲོང་ཁྱེར་དུའང་བཙུགས་ཡོད། ལས་གཞི་དེ་དག་ནི་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་བཀོད་འདོམས་ཀྱི་འོག་ནས་གཉེར་གྱི་ཡོད། ཅེས་བརྗོད་བྱུང་།
ཁོང་གིས། རྒྱ་ནག་འཐབ་ཕྱོགས་གཅིག་གིས་མཚོ་སྔོན་ཞིང་ཆེན་ནི་བོད་མི་རྣམས་འགྲོ་འོང་བྱེད་སའི་ཞིང་ཆེན་གལ་ཆེན་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ། ཕྱི་ལོ་ ༢༠༢༢ ཙམ་ནས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས། བོད་དོན་འཁྱོག་བརྗོད་དང་དྲིལ་བསྒྲགས་ཤུགས་ཆེན་བྱེད་མགོ་བཙུགས་ཡོད། བཙན་བྱོལ་བོད་མི་ཁག་ཅིག་ཆེད་དུ་བོད་ནང་དུ་གླུ་གཞས་དགོང་ཚོགས་སོགས་སུ་མཉམ་ཞུགས་བྱས་པ་དང་། བོད་ནང་གི་དྲ་དཔོན་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཤར་གཏོང་བྱས་ཏེ་བོད་ཆས་གྱོན་ནས་དྲིལ་བསྒྲགས་བྱེད་དུ་བཅུག་ནས། བཙན་བྱོལ་བོད་མི་མང་པོ་ཞིག་འཐབ་ཕྱོགས་གཅིག་གྱུར་ལས་གཞིའི་འོག་ཏུ་བཀུག་ནས། བོད་མི་རྣམས་བསླུ་བྲིད་ཀྱིས་རྒྱ་ནག་གི་ཆབ་སྲིད་ཀྱི་ལག་ཆ་བྱེད་ཀྱིན་ཡོད་པ་མ་ཟད། རྒྱལ་སྤྱིའི་ནང་བོད་ནང་ཞི་འཇམ་ངང་འགྲོ་སྐྱོད་བྱེད་ཀྱི་ཡོད་ལུགས་ཀྱི་དྲིལ་བསྒྲགས་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ། ཕྱི་རྒྱལ་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་ནི་ཕྱི་རྒྱལ་དུ་ཡོད་པའི་བོད་མིའི་བརྩེ་སེམས་མེས་རྒྱལ་དང་སྦྲེལ་ཏེ་ཟམ་པ་ལྟ་བུའི་ནུས་པ་སྤེལ་ནས་དུས་རབས་གསར་བའི་བོད་དང་འབྲེལ་བའི་ཁུལ་དང་རྫོང་གི་འགྱུར་ལྡོག་གསལ་སྟོན་ཆེད་དང་། ཕྱི་རྒྱལ་གྱི་བོད་རིགས་སྤུན་ཟླས་གཉེན་འཕྲད་དང་མ་དངུལ་འཇོག་པ། གཏན་སྡོད་བྱེད་པ་བཅས་ལ་ཕྱོགས་ཡོངས་ནས་ཞབས་ཞུའི་ཆེད་ཡིན་ལུགས་བསྒྲགས་ཡོད་པའི་མུར། ཟླ་འདིའི་ཕྱི་ཚེས་ ༤ ཉིན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཕྱིར་སྡོད་རང་མིའི་ལས་དོན་གྲོས་ཚོགས་ཟེར་བ་ཞིག་བསྡུས་པའི་ཐོག་མཚོ་སྔོན་ཞིང་ཆེན་གྱི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་མགོ་གཙོ་པན་ཁོ་དང་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་དབྱངས་ཀྲི་ཝུན་སོགས་མཉམ་ཞུགས་ཀྱིས་གཏམ་བཤད་སྤེལ་ནས། ཕྱི་རྒྱལ་གྱི་རྒྱལ་གཅེས་སྟོབས་ཤུགས་རྒྱུན་ཆད་མེད་པར་སྟོབས་ཆེན་དུ་གཏང་རྒྱུ་དང་། ས་གནས་སོ་སོའི་ཕྱིར་སྡོད་རང་མི་དང་འབྲེལ་བའི་སྡེ་ཁག་སོ་སོ་འཐབ་ཕྱོགས་གཅིག་གྱུར་གྱི་འདུ་ཤེས་བརྟན་པོ་ཆགས་སུ་འཇུག་རྒྱུ་ཡིན་ལུགས་སོགས་བསྒྲགས་འདུག
འདས་པའི་ལོ་ཤས་གོང་ནས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་དམིགས་ཡུལ་བཞིན། རྒྱ་ནག་གཞུང་གིས་དབྱེ་བགོས་བྱས་པའི་བོད་ཁུལ་ཞིང་ཆེན་བཞི་དང་བོད་རང་སྐྱོང་ལྗོངས་ཟེར་བ་བཅས་སུ་བཙན་བྱོལ་བོད་མི་རྣམས་ཀྱི་སེམས་པ་འགུག་ཐབས་དང་སྣེ་ལེན་བྱེད་ཕྱོགས། གནས་སྟངས་རྒྱུས་ལོན་བྱེད་ཕྱོགས་སོགས་ཀྱི་ཐད་ལ་ལས་དོན་གཉེར་མགོ་བཙུགས་ཡོད་ཅིང་། ཞིང་ཆེན་སོ་སོའི་ནང་བཙན་བྱོལ་བོད་མི་རྣམས་ལ་དམིགས་པའི་ཕྱི་སྡོད་བོད་མིའི་སྣེ་ལེན་ས་ཚིགས་ཟེར་བ་སོགས་ཆེད་འཛུགས་བྱས་ཏེ། བོད་ལ་གཉེན་འཕྲད་དུ་འགྲོ་མཁན་ཚོར་སྣེ་ལེན་ཟེར་བ་ཞིག་བྱེད་ཀྱིན་ཡོད་ལུགས་བསྒྲགས་ནས། འཛམ་གླིང་ས་ཕྱོགས་གང་སར་ནས་བོད་དུ་གཉེན་འཕྲད་སྐྱོད་མཁན་གྱི་བོད་མི་མང་དག་ཅིག་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་གཡོ་འོག་ཏུ་ཚུད་ནས་ཆབ་སྲིད་ཀྱི་ལག་ཆར་གྱུར་ཡོད་པས། ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་བོད་མི་རྣམས་བོད་ནང་བསྐྱོད་ཕྱོགས་ཐད་ལམ་སྟོན་དོན་ཚན་བདུན་གནང་ནས་བོད་མི་རྣམས་ཀྱིས་ཡིད་འཇགས་གནང་དགོས་པའི་རེ་སྐུལ་ཞུས་ཡོད།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲོག་བྱེད་མཁན། ཆོས་རྒྱལ་སྐྱབས།


