འཕྲོད་བསྟེན་བཀའ་བློན་བཀའ་བློན་པདྨ་མཚོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་བཞི་ལ་འཚམས་གཟིགས་གནང་ནས་བོད་མིའི་འཕྲོད་སྟེན་གྱི་གནས་བབ་ཐད་གཟིགས་ཞིབ་གནང་འདུག

ཕྱི་ཟླ ༡༠ ཚེས་ ༢༦ ནས་ཕྱི་ཟླ་ ༡༡ ཚེས་ ༡༦ བར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བསྟེན་བཀའ་བློན་པདྨ་མཚོ་མཆོག་རྒྱ་གར་ལྷོ་ཕྱོགས་དང་རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་གནང་མུས་ཡིན་པ་ལྟར། དེ་རིང་ཕྱི་ཚེས་ ༡༡ ཉིན་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སྦེལ་ཀོབ་གཞིས་ཆགས་ཁུལ་གྱི་མཛད་འཆར་ཁག་ཡོངས་སུ་གྲུབ་ནས། བྷེང་ལོར་གྲོང་ཁྱེར་ཁུལ་དུ་ཆེད་ཕེབས་གནང་ནས། སྦེང་ལོར་བོད་ཁྱིམ་སྡོད་ཁང་གི་སློབ་ཕྲུག་རྣམས་ལ་གསུང་བཤད་དང་རྒྱ་གར་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག
ཟླ་འདིའི་ཕྱི་ཚེས་ ༧ ཉིན་ནས་འཕྲོད་བསྟེན་བཀའ་བློན་མཆོག་གིས་སྦེལ་ཀོབ་གཞིས་ཆགས་ཀྱི་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དང་། འཚོ་བྱེད་སྨན་ཁང་། རྣམ་གྲོལ་གླིང་གྲྭ་ཚང་གི་སྨན་ཁང་། རྒས་གསོ་ཁང་བཅས་སུ་གཟིགས་སྐོར་གནང་ཡོད་ཅིང་། ཕྱི་ཚེས་ ༩ ཉིན་སྦེལ་ཀོབ་གཞིས་ཆགས་གཉིས་ཀྱི་མང་ཚོགས་ལ་མཇལ་འཕྲད་དང་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་དོན་གནང་ཕྱོགས་དང་། བོད་ནང་གི་གནས་སྟངས། རྒྱ་གར་ལྷོ་ཕྱོགས་ཁུལ་དུ་འཚམས་གཟིགས་གནང་བའི་མྱོང་ཚོར་དང་འབྲེལ་ནས་གསུང་བཤད་གནང་ཡོད་ཅིང་། གསུང་བཤད་གྲུབ་རྗེས་བོད་ཀྱི་རླུང་འཕྲིན་གྱི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་འཚམས་གཟིགས་དང་འབྲེལ་ནས་བཅར་འདྲི་ཞིག་ཞུས་པའི་ཁྲོད། བཀའ་བློན་མཆོག་གིས། འཕྲོད་བསྟེན་དང་འབྲེལ་བའི་ཚོར་བ་ཆེ་ཤོས་སམ་སེམས་འཚབ་ནི་གད་སྙིགས་ཀྱི་དཀའ་ངལ་དང་། འཐུང་ཆུའི་དཀའ་ངལ་དེ་རེད། ས་འོག་ཏུ་ཆུ་ཉུང་ཉུང་ཆགས་ཏེ་འཐུང་ཆུའི་དཀའ་ངལ་ཡོད་པ་དང་། མི་རེ་རེའི་དོ་སྣང་གིས་མ་འདང་བ་ལ་བརྟེན་ནས་གཞིས་ཆགས་ཁག་ཏུ་གད་སྙིགས་ཀྱི་དཀའ་ངལ་ཞིག་འདུག་ལ། མ་འོངས་པར་གད་སྙིགས་དང་འབྲེལ་ནས་ལས་གཞི་ལས་འཆར་བརྩམ་དགོས་རྒྱུ་དང་། སྤྱི་ཚོགས་ནང་སྣེ་འཁྲིད་ལམ་སྟོན་གནང་དགོས་པ་ཞིག་མཐོང་བྱུང་། ཞེས་དང་། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་ཕྱོགས་ཡོངས་ཀྱི་འཚམས་གཟིགས་དང་འབྲེལ་ནས།མ་འོངས་པར་འཕྲོད་བསྟེན་ལས་ཁུངས་ཀྱིས་འཕྲོད་བསྟེན་གྱི་ལས་དོན་དང་སྤྱི་ཡོངས་ནས་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཞབས་ཞུ་ཞུ་སྟངས་ཀྱི་ཐོག་ལ་ཕན་ཐོགས་ཤིག་ཡོང་ཐབས་དང་། ལས་གཞི་གསར་པ་ཁག་ཅིག་ལ་ཤུགས་བརྒྱབ་ནས་ལས་དོན་མགོ་བཙུགས་དགོས་པ། སྔར་གྱི་ལས་དོན་ཐོག་ལ་ཤུགས་བརྒྱག་རྒྱུ་དེ་ཡིན། ཞེས་གསུངས་འདུག
ཟླ་འདིའི་ཕྱི་ཚེས་ ༦ ཉིན་བར་བཀའ་བློན་མཆོག་ཧོན་སུར་རབ་རྒྱས་གླིང་གི་དགོན་སྡེ་ཁག་ལ་གནས་གཟིགས་དང་། འཕྲོད་བསྟེན་ཉམ་ཐག་རྣམས་ལ་ཐུག་འཕྲད། དེ་བཞིན་མང་ཚོགས་ལ་ཐུག་འཕྲད་ཀྱིས་གསུང་བཤད་གནང་བའི་ཁྲོད། བོད་མིའི་སྒྲིག་འཛུགས་ཀྱིས་འགྲོ་གྲོན་མང་པོ་བཏང་སྟེ་ས་གནས་སུ་ལས་བྱེད་བསྐོ་གཞག་དང་། ས་གནས་མི་མང་གི་འཕྲོད་བསྟེན། བོད་ཀྱི་ཆོས་དང་རིག་གཞུང་། འཚོ་བའི་ཐོག་ཞབས་ཞུ་གང་ལེགས་སྒྲུབ་བཞིན་ཡོད་པ་བཞིན་ཡར་རྒྱས་ཧ་ཅང་ཕྱིན་ཡོད་པ་དེར་དགའ་ཚོར་དང་སྤོབས་པ་ཡོད་སྐོར་དང་། འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུའི་སྐབས་རྒྱག་ནད་དང་། ཟས་སྤྱོད་ལམ་ལུགས་དང་འབྲེལ་བའི་ནད་གཞིར་སྟངས་འཛིན་དང་གོ་རྟོགས་སྤེལ་དགོས་པ་སོགས་གྲོས་གཞི་གྲོས་ཆོད་བཞག་ཡོད་པའི་སྐོར་དང་། འཕྲོད་བསྟེན་སྲིད་ཇུས་གཏན་འབེབས་ཆེད་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་ཟུར་འཛུགས་གནང་ཡོད་པ་དང་། ཟླ་དྲུག་ནང་སྲིད་ཇུས་གཏན་འབེབས་གནང་སྟེ་ཁྱབ་བསྒྲགས་ཞུ་རྒྱུ་ཡིན་སྐོར་དང་། འཕྲོད་བསྟེན་ལས་ཁུངས་ཀྱིས་གཞིས་ཆགས་ཁག་ཏུ། འཐུང་ཆུ་དང་། གསང་སྤྱོད། ཆུ་མཛོད་སོགས་ལ་རོགས་རམ་གནང་དང་གནང་མུས་ཡིན་པ་དང་། གཞིས་ཆགས་ཁག་ཏུ་ཆུའི་དཀའ་ངལ་ཇེ་ཆེར་ཡིན་པ་དང་བསྟུན་ཆར་ཆུ་གསོག་འཇོག་གནང་དགོས་སྐོར་སོགས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན་བར་བཀའ་བློན་མཆོག་གིས་ཀོ་ལི་གྷལ་བོད་མིའི་གཞིས་ཆགས་ཀྱི་ས་གནས་མགོ་འཛིན་ལས་ཁུངས་དང་། མཉམ་འབྲེལ། ས་འཐུས་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང་། སཾ་བྷོ་ཊ་ཉིན་སློབ་བཅས་སུ་གཟིགས་སྐོར་དང་། ས་གནས་གཞིས་མི་དང་ཐུག་འཕྲད་དང་། བཙན་བྱོལ་བོད་མིའི་འཕྲོད་བསྟེན་གྱི་ལས་དོན་དང་འབྲེལ་ནས་བཀའ་བློན་མཆོག་གིས།ས་གནས་སྨན་ཁང་ཀྱིས་གཞིས་ཆགས་ནང་གི་བགྲེས་སོང་ཁེར་རྐྱང་དང་། ལོ་གཞོན་ནད་མནར་རྣམས་ལ་ལྟ་རྟོག་གནང་དགོས་པ་དང་། ས་གནས་སུ་མཐུན་རྐྱེན་དང་ཆ་རྐྱེན་འཛོམས་པ་ནི་མི་རབས་རྒན་པ་འདས་གསོན་ཡོངས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་ཡོད་སྟབས། ཁོང་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་པའི་ལམ་སྟོན། དེ་བཞིན་གཞིས་ཆགས་ཀྱི་མང་ཚོགས་ནང་ཁུལ་མཐུན་སྒྲིལ་དང་མཉམ་རུབ། དགོན་སྡེ་ཁག་གིས་མང་ཚོགས་ལ་ནང་པའི་ལྟ་གྲུབ་ངོ་སྤྲོད་གནང་བཞིན་ཡོད་པ་བཅས་ལ་བསྔགས་བརྗོད་གནང་བ་མ་ཟད། དེ་བཞིན་སྐབས་བཅོ་བརྒྱད་པའི་བཀའ་ཤག་གི་ལས་དོན་གནང་ཕྱོགས་དང་། ལྷག་པར་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་དོན་གནང་ཕྱོགས་སོགས་དང་མི་མང་གི་དྲི་བ་ལན་འདེབས་སོགས་གནང་ཡོད་འདུག
ཕྱི་ཟླ་ ༡༠ ཚེས་ ༣༡ བར་མོན་གྷོ་འདོད་རྒུ་གླིང་གཞིས་བོད་མིའི་གཞིས་ཆགས་སུ་འབྲས་སྤུངས་བློ་གསལ་གླིང་དང་སྒོ་མང་གྲྭ་ཚང་གི་སྨན་ཁང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྨན་ཁང་གཉིས། མོན་གྷོ་རྒས་གསོ་ཁང་བཅས་སུ་གཟིགས་སྐོར་དང་འབྲེལ། ལས་བྱེད་དང་སྨན་ཞབས་པ། བགྲེས་སོང་། ས་གནས་མགོ་འཛིན་ལས་ཁུངས་དང་། ས་གནས་འཐུས་ཚོགས། ས་གནས་མཉམ་འབྲེལ་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང་སོགས་སུ་གཟིགས་ཞིབ་གནང་བ་དང་སྦྲགས། ཕྱི་ཚེས་ ༣༠ ཉིན་ན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྤྱིའི་ཚོགས་ཁང་ཆེན་མོའི་ནང་མི་མང་ཐུག་འཕྲད་ཀྱིས་། མ་འོངས་ལོ་ལྔའི་རིང་འཛིན་སྐྱོང་བཀའ་ཤག་གི་ལས་དོན་གནང་ཕྱོགས་དང་། སྲིད་ཇུས་འཛིན་སྟངས། ལས་ཁུངས་ཁག་གི་ལས་དོན་གནང་ཕྱོགས་སོགས་ངོ་སྤྲོད་དང་། བོད་མི་རྣམས་ལ་ཟས་བཅུད་བསྟེན་སྟངས་འགྲིག་མིན་གྱི་ཐོག་ནས་ནད་རིགས་མང་དག་ཅིག་འབྱུང་མུས་ཡིན་པས། ཟས་བཅུད་བསྟེན་སྟངས་ལ་དོ་སྣང་དགོས་པའི་སྐོར་སོགས་ཀྱི་གསུང་བཤད་འདུག
དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གི་མཛད་འཆར་ལྟར་ན། སང་ཉིན་ཕྱི་ཚེས་ ༡༢ ཉིན་སྦེང་ལོར་ཁུལ་དུ་གནད་ཡོད་མི་སྣ་མཇལ་འཕྲད་དང་གསུང་བཤད་སོགས་གནང་རྒྱུ། ཕྱི་ཚེས་ ༡༣ ཉིན་སྦེང་ལོར་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་ཏེ། ཕྱི་ཚེས་ ༡༣ ནས་ ༡༥ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཁུལ་དུ་གཞུང་དོན་འཚམས་གཟིགས་གནང་རྒྱུ་དང་། ཕྱི་ཚེས་ ༡༦ ཉིན་བཞུགས་སྒར་དྷ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།



