སྟོད་འཛམ་གླིང་ས་ཡི་ལྟེ་བ་ན། །གངས་དཀར་པོའི་དབུ་རྩེ་དགུང་ལ་སྙེག །དེའི་བདག་པོ་གངས་སེང་དཀར་མོ་ཡིན། །ཁྱི་སྤྱང་ཀིས་ངུ་སྐད་སྒྲོགས་ཀྱང་ཆོག །གངས་དཀར་པོ་མ་འགྱུར་བརྟན་པོ་བྱོས། །སེང་དཀར་མོའི་ཡན་ན་བདག་པོ་མེད། །བར་རྫ་རི་མཐོན་པོའི་གཡས་ཟུར་ན། །རྫ་སྨུག་པོ་སྤྲིན་གྱི་ཁ་རྒྱན་ཅན། །དེའི་བདག་པོ་བྲེ་སེར་འབྲོང་ལོ་ཡིན། བ་གླང་གིས་ངུ་སྐད་སྒྲོགས་ཀྱང་ཆོག །རྫ་མཐོན་པོ་མ་འགྱུར་བརྟན་པོ་བྱོས། །འབྲོང་བྲེ་སེར་ཡན་ན་བདག་པོ་མེད། །སྨད་ཨ་མདོ་ཡུལ་གྱི་ས་ཆ་ན། །རི་མཐོན་པོ་ཙོང་ཁའི་སྐྱེས་རི་ཡིན། ། དེའི་བདག་པོ་ཐང་དཀར་རྒོད་པོ་ཡིན། བྱ་ཁྭ་ཏས་ངན་སྐད་སྒྲོགས་ཀྱང་ཆོག །རི་ཙོང་ཁ་མ་འགྱུར་བརྟན་པོ་བྱོས། །རྒོད་ཐང་དཀར་ཡན་ན་བདག་པོ་མེད། །སྟོད་དབུས་གཙང་ཡུལ་གྱི་ས་ཆ་ན། །གནས་ཕོ་ཏ་ལ་ཡི་གཟི་བྱིན་འབར། །དེའི་བདག་པོ་དགུང་གི་ཉི་ཟླ་ཡིན། ཀླ་ཀློ་ཡིས་དབང་སྒྱུར་བྱས་ཀྱང་ཆོག །ངོ་མ་ལོག་བོད་པ་བརྟན་པོ་བྱོས། །དགུང་ཉི་ཟླ་ཡན་ན་བདག་པོ་མེད། ། འདི་ནི་འདས་པོ་ཁྲི་དོན་འགྲུབ་ཀྱིས་བོད་ཁམས་ལ་བཞག་པའི་ལ་རྒྱའི་གད་རྒྱང་མཐའ་མ་དེ་རེད།
མཚོ་སྔོན་ཞང་ཆེན་མཚོ་ལྷོ་ཁུལ། ཁྲི་ཀ་རྫོང་བྲག་དཀར་གངས་རིའི་ཉེ་འདབས་ནས་འཚར་ལོངས་བྱུང་བའི་ན་གཞོན་གཞས་ཚིག་རྩོམ་པ་པོ་གྲགས་ཆེན་ཁྲི་དོན་འགྲུབ་ལགས་ཉེ་སྔོན་སྤྱི་ཟླ་ ༥ ནང༌། རྒྱ་ནག་གི་སྨན་ཁང་ཞིག་ནས་གློ་བར་དུ་འདས་གྲོངས་སུ་སོང་ཡོད་འདུག འདས་པོ་ཁོང་གི་ཨ་མ་ལགས་དང་གཉེན་ཉེ། དེ་བཞིན་ཁོང་དང་འབྲེལ་ཡོད་ཀྱི་གྲོགས་པོ་ཚོས་བཤད་ན། ཁྲི་དོན་འགྲུབ་ལགས་སྔོན་མ་ནས་རྒྱ་གཞུང་གི་ཆབ་སྲིད་ཉེས་ཅན་པའི་ཁྲོད་ཚུད་དེ། འགྲོ་འདུག་རང་དབང་མེད་པར། དུས་རྒྱུན་རྒྱ་ནག་གསང་བའི་ཉེན་རྟོག་པའི་ལྟ་རྟོག་དམ་དྲག་འོག་གནས་ཡོད་ལ། ཁོང་ལ་སྔར་ན་ཚ་ཅི་ཡང་མེད་པར་གཟུགས་པོ་བདེ་ཐང་ཡིན་ཡང་། ཐེངས་འདིར་སྨད་ཁང་ནས་གློ་བུར་དུ་གྲོངས་པ་དེ་རང་བཞིན་གྱིས་གྲོངས་པ་ཞིག་མ་ཡིན་པར་རྒྱ་གཞུང་གི་ལྐོག་ཇུས་འོག་གནོད་འཚེ་བཏང་སྟེ། བཙན་གྱིས་བགྲོངས་བ་ཡིན་ཚུལ་བརྗོད་ཀྱིན་ཡོད་འདུག
འབྲེལ་ཡོད་ཀྱིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཁྲི་དོན་འགྲུབ་ལགས་ཀྱིས་རྒྱ་ནག་ལན་ཀྲུག་གྲོང་ཁྱེར་གྱི་པར་ཁང་ཞིག་གི་བདག་མོ་རྒྱ་རིགས་བུད་མེད་ཅིག་དང་འབྲེལ་བ་བྱས་ཏེ། ༧གོང་ས་མཆོག་དང་པན་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་ཟུང་གི་སྐུ་པར་གྱི་གཤམ་དུ་ཞབས་རྟེན་གསོལ་འདེབས་བྲིས་ཡོད་པ་ཅན་དང༌། ༧གོང་ས་མཆོག་རྐྱང་བའི་སྐུ་པར་སོགས་ཁྲི་བཞི་ ༤༠༠༠༠ ཙམ་བསྐྱར་པར་བརྒྱབས་ཏེ་བོད་ཁུལ་གྱི་ཞིང་ཆེན་ལྔ་དང༌། བལ་ཡུལ་བཅས་ལ་འགྲེམས་སྤེལ་བྱེད་བཞིན་ཡོད་པ་རྒྱ་གཞུང་གིས་ཤེས་རྟོགས་བྱུང་སྟེ། རྒྱ་ནག་གསང་བའི་ཉེན་རྟོག་མི་སྣས་ ༢༠༠༣ ལོར་ཁོང་ལན་ཀྲུག་གྲོང་ཁྱེར་ནས་འཛིན་བཟུང་བྱས་ཏེ། ཉིན་ ༢༠ ཙམ་ལ་ཉེས་རྡུང་མནར་གཅོད་ཚད་མེད་བཏང་མཐར་རྒྱ་སྒོར་ཉིས་ཁྲི་ ༢༠༠༠༠ ཙམ་གྱི་ཉེས་ཆད་བཅད་དེ་གློད་གྲོལ་བཏང་ཡོད།
དེའི་རྗེས་ཁྲི་ཀ་བ་སྐལ་བཟང་རིན་ཆེན་དང་མཉམ་འབྲེལ་ཐོག་སྙིང་རྗེ་རོགས་སྐྱོར་ཚོགས་པའི་ནང་ཞུགས་ཏེ། རང་མི་རིགས་དང་བསྟན་སྲིད་ཀྱི་ཆེད་དུ་སློབ་ཆེན་སློབ་མ་སྐྱོ་བོ་དང་དྭ་ཕྲུག དབང་བོ་སྐྱོན་ཅན། རྒས་འཁོགས་བདག་མེད་བཅས་ཀྱི་དཀའ་ངལ་ཐད་དངུལ་སོགས་ཀྱི་རོགས་སྐྱོར་བྱེད་པ་དང༌། ཟི་ལིང་གྲོང་ཁྱེར་ནས་སྒེར་གྱི་གློག་ཀླད་ཇུས་འགོད་བྱེད་ས་ཞིག་བཙུགས་ཏེ། བོད་རིགས་ཤེས་ཡོན་ཅན་དང༌། ན་གཞོན་གཞས་པ་གཞས་མ། བོད་རིགས་ལ་ཞེན་ཅན་དག་དང་འབྲེལ་བ་བྱས་ཏེ་བོད་ཁུལ་གྱི་རིག་གནས་སློབ་གསོ་གོང་སྤེལ་ལ་ཤུགས་སྣོན་བྱས་ཤིང་། མི་གཞན་གྱི་སྒྲ་ཐག་དང་འོད་སྡེར་འཕབ་སྐྲུན། རི་མོ་དང་པར་རིས་ཇུས་འགོད། བོད་ཡིག་གི་དུས་དེབ་དང་ཚགས་པར་དཔར་སྐྲུན་སོགས་བྱས་ཏེ། བོད་ཡུལ་སྟོད་སྨད་བར་གསུམ་དང་ཕྱི་ཕྱོགས་བཅས་ལ་གང་ཐུབ་ཀྱིས་འགྲེམས་སྤེལ་བྱས་ཡོད་པ་མ་ཟད། རྒྱ་ནག་གི་ཚོང་ཟོག་འདྲ་མིན་སྟེང་བོད་ཡིག་ཁ་བྱང་བཟོས་ཏེ་བོད་ཡིག་གི་སྤྱོད་སྒོ་རྒྱ་ཆེ་རུ་གཏོང་ཐབས་ལ་འབད་བརྩོན་བྱས་ཡོད། སྐབས་དེར་ཁོང་གི་གྲོགས་པོ་སྐལ་བཟང་རིན་ཆེན་དང་མཉམ་དུ་སྒེར་གཉེར་སློབ་གྲྭ་ཞིག་འཛུགས་རྒྱུའི་འཆར་གཞི་བཟོས་ཀྱང༌། རྒྱ་གཞུང་གིས་སློབ་གྲྭ་དེར་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་ཚུལ་བརྗོད་དེ་བཀག་འགོག་བྱས་པ་མ་ཟད། ཁོང་གཉིས་ཀྱང་འཛིན་བཟུང་གི་ཉེན་ཁར་འཕྲད་སྟབས། གྲོགས་པོ་སྐལ་བཟང་རིན་ཆེན་རྒྱ་གར་ལ་ཉེན་གཡོལ་དུ་འགྲོ་དགོས་བྱུང་ཡོད། སྤྱི་ལོ་ ༢༠༠༥ ལོར་ཁོང་གིས་བོད་མི་རིགས་ཀྱི་ལས་དབང་དང་དཀའ་སྡུག་གི་འཚོ་བ། བཙན་གནོན་དབང་སྒྱུར་འོག་གི་འཇིགས་སྐྲག རང་དབང་ལ་རེ་སྙེག་དང་ཞི་བདེ་ལ་འབོད་པ། ༧གོང་ས་མཆོག་དང་ཕྱི་ཡུལ་སྤུན་ཟླ་ཚོ་དྲན་གདུང་གི་སེམས་པ་མཚོན་པའི་གཞས་ཚིག་ཆེད་དེབ་ཐོག་མ། ཁུ་བྱུག་སྔོན་མོའི་མགྲིན་གླུ། ཞེས་པ་ ༢༠༠༥ ལོར་དཔར་སྐྲུན་འགྲེམས་སྤེལ་བྱས་ཡོད་ལ། ཁོང་གིས་བརྩམས་པའི་གཞས་ཚིག་བོད་ཁུལ་གྱི་གླུ་བ་གྲགས་ཆེན་བདུད་བྷེ་དང་ནམ་མཁའ། གླུ་མ་བཀྲ་ཤིས་སྒྲོལ་མ་དང་དར་མཚོ། སྒྲོལ་བྷེ་སོགས་ཀྱིས་བླངས་ཏེ་དམངས་ཁྲོད་དུ་བཀྲམས་ཡོད་པ་མ་ཟད། ཁོང་གི་ཆེད་དེབ་དེའི་ནང་གཞས་ཚིག ༡༢༨ ཙམ་བཀོད་ཡོད་པ་ལས། མང་ཆེ་ཤས་བོད་མི་རིགས་ལ་ཤ་ཞེན་དང་བོད་རྒྱལ་ཁབ་ལ་དུང་ཞེན་ཤུགས་དྲག་ལས་བརྡོལ་བའི་མིག་ཆུའི་ཐིགས་པ་རེ་རེ་ཡིན་འདུག
ཡིད་སྐྱོ་བ་ཞིག་ལ་བོད་རིགས་གཞོན་སྐྱེས་ལ་ཞེན་ཅན་ཁོང་རྒྱ་ནག་ཨོ་ལིམ་པིག་རྩེད་འགྲན་སླེབས་ལ་ཉེ་བའི་སྐབས་འདིར་གློ་བུར་དུ་འདས་གྲོངས་སུ་སོང་ཡོད་པ་དང༌། ཁོང་གི་ནང་མི་དང་གཉེན་ཉེ། དེ་བཞིན་ཁོང་དང་འབྲེལ་ཡོད་ཚོས་ཐེངས་འདིའི་ཁོང་གི་འདས་རྐྱེན་ལ་དོགས་པ་ཟ་བཞིན་ཡོད་པ་མ་ཟད། གོང་གི་གནས་ཚུལ་དེ་དག་ཀྱང་འདས་པོ་ཁོང་གི་ཨ་མ་ལགས་ཀྱིས་ཁ་པར་བརྒྱུད་ངོ་སྤྲོད་བྱས་ཏེ་ཁྱབ་བསྒྲགས་ཡོང་བའི་རེ་བ་བཏོན་ཡོད་འདུག
གང་ལྟར་ཁོང་མི་རིགས་ཀྱི་ཆེད་དུ་ཤི་འདུག་པས། ཁོང་གི་རླབས་ཆེན་གྱི་མཛད་རྗེས་ལ་རྗེས་དྲན་ཞུ།
གོང་གི་ཐེ་བོ་ཤེས་རབ་རྒྱ་མཚོ་ཡི་བསམ་ཚུལ་འདི་ལྟར་བྲིས་འདུག
བདེན་གི་ཡ། ང་ངོ་མ་དོགས་པ་སྐྱེ་གི་འདུག པཎ་ཆེན་སྐུ་ཕྲེང་བཅུ་པ། གུང་ཐང་སྐུ་ཕྲེང་དྲུག་པ། མཁན་པོ་ཕུན་ཚོགས་འཇིགས་མེད། ཆབ་ཆའི་ཁུལ་དཔོན་དོན་གྲུབ་རྒྱལ། བོད་མི་རིགས་ལ་ཞེན་པ་དཀར་ཞིང་། བོད་མི་རིགས་ཀྱི་ཐོབ་ཐང་སྐད་ཆ་བཤད་མཁན་མང་པོ་ཞིག་འདི་ལྟར་སྨན་ཁང་ནང་ནས་འཇམ་ཐིང་ཐིང་གིས་ང་ཚོ་དང་གྱེས་བཞིན་པ་འདི་ལ།