ཚེས་ ༩ དང་ ༡༠ ཉིན་གཉིས་ནང་བོད་རིགས་བུད་མེད་གཅིག་ཚུད་པའི་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་བཅུས་པེ་ཅིན་ནས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྟབས། ཉེན་རྟོག་པས་འཛིན་བཟུང་བྱས་འདུག
ཕྱི་ཚེས་ ༩ ཉིན་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་ལྔས་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ་བོད་དོན་ལས་འགུལ་སྤེལ་ཡོད་པ་དང༌། ཁོང་ཚོའི་ནང་གི་མི་བཞིས་ལུས་ལ་བོད་ཀྱི་རྒྱལ་དར་གཡོགས་ནས་སར་ཉལ་ཏེ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་ལ། གཅིག་གིས་སྐད་ཤུགས་ཆེན་པོས་དེར་ཡོད་ཀྱི་མི་རྣམས་ལ་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་དང༌། བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྐོར་བརྗོད་ཡོད་འདུག སྐར་མ་བཅུ་ཙམ་གྱི་རྗེས་སུ་མི་དམངས་དཀྱུས་མའི་གོན་པ་གྱོན་པའི་ཉེན་རྟོག་པ་ཁག་ཅིག་གིས་ཁོང་ཚོའི་ལག་གི་རྒྱལ་དར་འཕྲོག་སྟེ། བཙན་ཁྲིད་བྱས་ཡོད་ནའང༌། ཁོང་ཚོ་ཁྲིད་འགྲོ་བའི་སྐབས་སུའང་བུད་མེད་ཅིག་གིས་མུ་མཐུད། ཐུགས་རྗེས་གཟིགས། བོད་དོན་བརྗེད་མ་འགྲོ་རོགས་ཞེས་མི་དམངས་ལ་སྐད་ཤུགས་ཆེན་པོས་འབོད་སྐུལ་བྱས་ཡོད།
བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ལྷ་སྒྲོན་བཀྲས་མཐོང་གིས་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་དེ་དག་གིས་ངོ་རྒོལ་བྱེད་དོན་བོད་ནང་གི་དྲག་གནོན་མཚམས་འཇོག་དང༌། རྒྱ་ནག་གིས་ཨོ་ལིམ་པིག་རྩེད་འགྲན་སྐབས་འདིར་བོད་ནང་ཞི་བདེ་དང་བརྟན་ལྷིང་ཡིན་པའི་རྣམ་པ་ཞིག་འཛམ་གླིང་མི་དམངས་ཀྱི་མིག་མདུན་དུ་སྐྲུན་ཐབས་བྱེད་ཀྱིན་ཡོད་ཀྱང༌། བོད་མི་ཚོས་མུ་མཐུད་རྒྱ་ནག་གི་དྲག་གནོན་འོག་ཚད་ལས་བརྒལ་བའི་མནར་གཅོད་མྱོང་བཞིན་ཡོད་སྟབས། དེ་དག་ཕྱི་ཕྱོགས་སུ་ཤེས་རྟོགས་ཡོང་ཆེད་ཡིན་ཞེས་བརྗོད་འདུག
ལས་འགུལ་བ་ལྔ་ནི་ཨ་རི་དང་ཁེ་ན་ཌ། འཇར་མན་བཅས་ཀྱི་ཡིན་འདུག་ལ། དེ་བཞིན་ཕྱི་ཚེས་ ༡༠ ཉིན་རྒྱབ་ཆུ་ཚོད་ ༣།༡༠ སྟེང་འཇར་མན་དུ་གནས་སྡོད་བོད་མི་རང་ལོ་ ༢༡ བུ་མོ་པདྨ་སྒྲོལ་མ་དང༌། བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་གཅིག་གིས་བོད་ཀྱི་རྒྱལ་དར་ཕྱར་ཏེ་ཞི་བའི་ལས་འགུལ་སྤེལ་སྐབས་ཉེན་རྟོག་པས་བཟུང་བ་མ་ཟད། པདྨ་སྒྲོལ་མ་འཛིན་བཟུང་སྐབས་ཉེས་རྡུང་ཡང་བཏང་ཡོད་འདུག དེ་རྗེས་མུ་མཐུད་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་གསུམ་གྱིས་བོད་མི་ཚོ་རང་དབང་གི་དོན་དུ་འཆི་བཞིན་འདུག་ཅེས་བྲིས་པའི་འཕྲེད་དར་ཆེན་པོ་ཞིག་ཕྱར་ཏེ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག ཁོང་ཚོ་ནི་ཨ་རི་དང་ཁེ་ན་ཌའི་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་ཡིན་འདུག
འདི་གའི་གསར་འགོད་པར་བོད་རང་དབང་སློབ་ཕྲུག་ཚོགས་པའི་ངྷ་ས་ས་གནས་ཀྱི་འགན་འཛིན་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་ཚོགས་པ་འདིའི་ཚོགས་མི་ཚོས་པེ་ཅིན་ནས་མུ་མཐུད་ལས་འགུལ་འདྲ་མིན་སྣ་ཚོགས་སྤེལ་རྒྱུ་ཡིན་སྐོར་བརྗོད་ཡོད།