མའོ་ཙེ་ཏུང་གི་རྗེས་ནས་འཁྱུག་ཙམ་རིང་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་མཁན་ཧྭ་གོ་ཧྥིན་ཕྱི་ཚེས་ ༢༠ ཉིན་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁོང་གྲོངས་དུས་ལོ་ ༨༧ ཡིན་འདུག
ཧྭ་གོ་ཧྥིན་གྲོངས་པའི་སྐོར་འདི་རྒྱ་ནག་གི་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་ཡོད་ལ། གྱིས་ ༡༩༧༦ ལོའི་ཕྱི་ཟླ་ ༡༡ པའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་གཙོ་བྱས་ཡོད་ནའང་། ལོ་གཉིས་ཀྱི་རྗེས་ཏེ་ ༡༩༨༡ ལོར་ཏིན་ཞའོ་ཕིན་གྱིས་བཙན་ཤུགས་ཀྱིས་ཧྭ་གོ་ཧྥིན་དམར་ཤོག་ཚོགས་པའི་དྲུང་ཆེ་ནས་ལས་འཁྱུར་བྱེད་དུ་བཅུག་ཡོད།
རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོ་གོ་གནས་ལས་ལྷུང་སྐབས་མཐའ་འཁོབས་ཀྱི་གྲོང་གསེབ་ཁག་ལ་དབྱུང་གི་ཡོད་ནའང་། ཧྭ་གོ་ཧྥིན་ནི་དེ་ལས་ལྡོག་སྟེ་དམར་ཤོག་ཚོགས་པའི་དབུས་ཚོགས་ཆུང་གི་ཚོགས་མི་བྱས་ནས་བསྡད་པ་རེད།
ཧྭ་གོ་ཧྥིན་གྱིས་རྒྱ་ནག་གི་སྲིད་དབང་འཛིན་དུས་ནི་རིག་གནས་གསར་བརྗེ་ཡི་དུས་མཚམས་ཡིན་པ་དང་། མའོ་ཙེ་ཏུང་གྲོངས་རྗེས་ཁོའི་སྐྱེས་དམན་ཅང་ཆིན་སོགས་མི་བཞི་ཤོག་ཁག་ཟེར་བ་དེ་འཛིན་བཟུང་བྱས་ཡོད་པ་རེད། ཡིན་ནའང་ཁོང་ཚོ་བཟུང་བའི་ཁྲོད་ཧྭ་གོ་ཧྥིན་གྱིས་ལག་པ་འཆང་ཡོད་མེད་ནི་གསལ་བོ་ཡོད་པ་མ་རེད། གང་ལྟར། མའོ་ཙེ་ཏུང་གྲོངས་ཁར་ཧྭ་གོ་ཧྥིན་ལ། འགན་ཁྱེད་ཀྱིས་ཁུར་བ་ཡིན་ན་ཁོའི་སེམས་བདེ་བོ་བྱུང་སོང་ཞེས་བཤད་ཚུལ་འདུག
༡༩༤༩ ལོར་རྒྱ་ནག་གུང་ཁྲན་ཏང་དབུ་བརྙེས་པ་ནས་ ༡༩༦༩ ལོའི་བར་ཧྭ་གོ་ཧྥིན་གྱིས་ཞིང་ཆེན་རིམ་པའི་གཞུང་གི་འཛིན་སྐྱོང་དང་དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་ཡོད་པ་དང་། ལོ་དེའི་རྗེས་སུ་ཁོས་མའོ་ཙེ་ཏུང་གི་ཕ་ཡུལ་ ཧུའུ་ནན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་འགན་ཁུར་བ་རེད།
༡༩༧༥ ལོར་ཧྭ་གོ་ཧྥིན་རྒྱ་ནག་གི་སྲིད་བློན་གཞོན་པར་བསྐོས་པ་དང་། དེ་རྗེས་རྒྱ་ནག་གི་སྲིད་བློན་ཐོག་མ་ཀྲུའུ་ཨིན་ལི་གྲོངས་རྗེས་ཧྭ་གོ་ཧྥིན་གོ་གནས་དེར་བསྐོས་པ་རེད།
ཧྭ་གོ་ཧྥིན་གྱི་ཚེ་མཇུག་གི་ལོ་ངོ་དག་ཇི་ལྟར་བསྐྱལ་བའི་སྐོར་ཡོངས་གྲགས་མིན་ནའང་། ༢༠༠༡ གི་ལོར་ཁོས་རང་གི་འཕྲོད་བསྟེན་དང་གཟུགས་པོའི་གནས་བབ་ལ་བལྟས་ནས་དམར་ཤོག་ཚོགས་པའི་ཚོགས་མིིའི་ཁོངས་ནས་དགོངས་ཞུ་བྱས་ཡོད་ཀྱང་། གཞུང་གི་ངོས་ནས་ཡིན་མིན་གྱི་ཐག་གཅོད་བྱས་མེད་ཚུལ་འདུག