ལོ་འདིར་གསེར་གྱི་རྟགས་མ་ཐོབ་མཁན་རྒྱ་ནག་གི་ལུས་རྩལ་བ་རེར་དབུས་གཞུང་གིས་ཉུང་མཐར་ཨ་སྒོར་ ༥༡༥༠༠ རེ་སྤྲོད་རྒྱུ་ཡིན་པ་དང་། འདིའི་སྟེང་ས་གནས་ལས་ཁུངས་དང་ཁེ་ལས་སྡེ་ཚན་ཁག་གིས་ཀྱང་རྔན་པ་སྤྲོད་རྒྱུ་ཡིན་འདུག
ཨོ་ལིམ་པིག་རྟགས་མ་ཐོབ་མཁན་རྒྱ་ནག་གི་ལུས་རྩལ་བ་འདི་དག་ནི་རྒྱ་ནག་གི་ལོ་རྒྱུས་ཁྲོད་གཞུང་ངོས་ཀྱི་གཟེངས་རྟགས་ཕོན་ཆེ་རག་མཁན་དག་ཆགས་ཀྱི་ཡོད་པ་རེད། རྒྱལ་ཁབ་གཞན་དང་འདྲ་བར། རྒྱ་ནག་གིས་ཀྱང་ཨོ་ལིམ་པིག་རྟགས་མའི་རྒྱུན་ལྡན་གྱི་གཟེངས་རྟགས་ལས་བརྒལ་བའི་རྔན་པ་སྤྲོད་པའི་འགྲོ་སྟངས་འདི་ལག་བསྟར་བྱེད་མགོ་བརྩམས་ཡོད་པ་དང་། ལོ་འདིར་གསེར་གྱི་རྟགས་མ་རག་མཁན་ཚོར་ཉུང་མཐར་ཨ་སྒོར་ ༥༡༥༠༠ རེ་དབུས་གཞུང་གིས་སྤྲོད་རྒྱུ་ཡིན་པ་དང་། འདི་ནི་ ༢༠༠༤ ལོར་རྒྱལ་ཁབ་གཞན་གྱི་གསེར་གྱི་རྟགས་མ་ཐོབ་མཁན་ཚོར་སོ་སོའི་གཞུང་གིས་སྤྲད་པའི་གཟེངས་རྟགས་ཀྱི་ལྡབ་གཉིས་ཙམ་ཆགས་གི་ཡོད་འདུག
གསེར་གྱི་རྟགས་མ་ཐོབ་མཁན་ཚོར་སོ་སོའི་ཞིང་ཆེན་རིམ་པ་དང་ན་གསན་རིམ་པའི་གཞུང་ནས་ཀྱང་དངུལ་གྱི་རྔན་སྤྲོད་རྒྱུ་ཡིན་འདུག ཚོང་ལས་མཉམ་འབྲེལ་འདྲ་མིན་ཡང་གཟེངས་རྟགས་སྤྲོད་པའི་ལས་འགུལ་འདིའི་ནང་འཚང་ཁ་རྒྱག་གིན་ཡོད་འདུག་ལ། པེ་ཅིན་དུ་ཡོད་པའི་ཡན་ཅན་རྟགས་ཅན་གྱི་སྦི་རག་བཟོ་ཚོང་ཞིག་གིས་ཆུ་སྐྱལ་ཁྲོད་གསེར་གྱི་རྟགས་མ་ཐོབ་མཁན་རེར་ཨ་སྒོར་ ༡༤༦༠༠༠ རེ་དང་། དངུལ་གྱི་རྟགས་མ་ཐོབ་མཁན་རེར་ཨ་སྒོར་ ༧༠༠༠༠ རེ་སྤྲོད་རྒྱུ་ཡིན་འདུག ལི་མའི་རྟགས་མ་རག་མཁན་རེར་ཨ་སྒོར་ ༢༨༠༠༠ རེ་སྤྲོད་རྒྱུ་རེད།