དེབ་ཐེར་ནག་པོ།-གྷོལ་ཌི་སི་ཐེན་དང་བོད་ཀྱི་རྒྱལ་རབས་མེད་པར་བཟོ་བ། ཆ་དང་པོ། ༼༦༽
(www.jamyangnorbu.com)
འཇམ་དབྱངས་ནོར་བུས་བརྩམས།
དགེ་འདུན་རབ་གསལ་གྱིས་བསྒྱུར།
རྡོ་རྗེབ་ཀྱི་ “དེང་རབས་དང་ཡར་ཐོན་ཅན་གྱི་བསམ་བློའི་གནས་བབས་དེ་”ཁོང་གི་རྒྱ་ཆེ་བའི་འགྲུལ་བཞུད་ནས་ཐོབ་ཡོད་པ་རེད། ཁོང་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་གནང་ནས་ཨུ་རུ་སུའི་རྒྱལ་ས་སེན་ཊི་ པི་ཊར་སི་བྷག་ལ་ཕེབས་ཡོད་པ་རེད་ལ། ད་དུང་པཱེ་རེ་སི་དང་ལོན་ཌོན། དེ་བཞིན་རྒྱ་གར་དང་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ལ་ཕེབས་ཡོད་པ་རེད། ཁོང་ནི་སྐབས་འདིའི་ཆབ་སྲིད་ཀྱི་དཀྱིལ་ན་ཡོད་དེ། ལྷ་སའི་ནང་གི་དབང་ཅན་ཀླད་རྙིང་སྐོར་ཁག་གི་ངོ་རྒོལ་འཕྲད་པ་ཙམ་མ་ཡིན་པར། ད་དུང་དབྱིན་ཇིས་ཨུ་རུ་སུའི་སོ་པར་བསམས་ནས་དགྲ་ཡི་འདུ་ཤེས་བཟུང་ཡོད། ད་ལྟའི་ཆར་ཁོང་ནི་ཕྱི་རྒྱལ་སོ་པ་མིན་མོད་སོག་པོ་དང་བོད་གཉིས་རྒྱ་ནག་ལས་རང་བཙན་བཟོ་ཆེད་མངོན་གསལ་དོད་པོ་དང་འབད་བརྩོན་ཆེན་པོས་དཀའ་ལས་བརྒྱབ་པའི་རྒྱལ་གཅེས་པ་ཞིག་ཡིན་པ་དེ་སྤྱིར་བཏང་གིས་ངོས་ལེན་བྱེད་པ་རེད། ཁོང་ནི་ཕྱི་ལོ་ ༡༩༡༢ ལོའི་ཟླ་བ་ ༡༢ ཚེས་ ༢༩ ཉིན་མིང་རྟགས་བཀོད་པའི་བོད་སོག་ཆིངས་ཡིག་རྩོམ་མཁན་ལྟེ་བ་ཞིག་ཡིན་པ་དེ་ཡང་འདིར་བརྗོད་འོས་ལ། ཆིངས་ཡིག་དེས་ལུང་པ་འདི་གཉིས་ཀྱི་རང་བཙན་གྱི་གནས་བབ་དེ་གསལ་པོར་བསྟན་ཡོད། སོག་ཡུལ་གྱི་ཡིག་ཆ་ངོ་མ་དེ་ཉེ་ཆར་རྙེད་ཡོད་ཅིང་ཟླ་བ་ཁ་ཤས་ཀྱི་གོང་དུ་ང་ལ་དེའི་ངོ་བཤུས་པར་མ་ཞིག་འབྱོར་བྱུང་།
འདི་ནི་མི་སྣ་ཡ་མཚན་ཅན་འདིའི་སྐོར་ལ་ཞིབ་ཚགས་ཀྱིས་གླེང་མོལ་བྱེད་ས་ཞིག་མ་རེད། ཡིན་ན་ཡང་། ཁོང་གི་གནས་ཚུལ་དེས་ནི་༧རྒྱལ་བ་རིན་པོ་ཆེ་སྐུ་གཞོན་དེའི་རང་བཙན་དང་ཡར་ཐོན་གྱི་དགོངས་ཚུལ་འདི་བསྐྱེད་པ་དང་། དེ་ལ་བརྟེན་ནས་བོད་ཀྱི་དེང་རབས་རྒྱལ་རབས་ལ་བཟོ་དབྱིབས་ཐོན་རྒྱུར་ནུས་པ་ཆེན་པོ་ཞིག་བཏོན་ཡོད་པ་རེད། ཇཱོན་ སི་ནེ་ལིང་གིས་དབུས་ཨེ་ཤ་ཡའི་རྒྱལ་རབས་པ་གྲགས་ཅན་ ཨ་ལེས་ཊ་ཨེར་ ལེམ་བི་ (Alastair Lamb) དང་ལྷན་དུ་སྐད་ཆ་བཤད་སྐབས་ཤིག་ལ། “གལ་སྲིད་རྡོ་རྗེབ་རང་གི་དུས་ཚོད་འདི་ལ་སླེབས་མེད་པ་ཞིག་ཡིན་ན། བོད་ཀྱི་རྒྱལ་རབས་ཀྱི་ཁ་ཕྱོགས་འདི་ངོ་མ་ཧ་ཅང་མི་འདྲ་བ་ཞིག་བྱུང་ཡོད་པ་རེད།”ཅེས་བརྗོད་བྱུང་ཞེས་བཤད་འདུག
མཐའ་མ་དེར་བོད་ཀྱི་ “རྒྱལ་ཞེན་པའི་”བསམ་བློ་འདི་ནང་ཁུལ་རང་ནས་འདས་པའི་དཔེར་བརྗོད་དག་ལས་ཡོང་སྲིད་པ་འདི་ཡང་རྩིས་མེད་བྱེད་མི་རུང་། དཔེར་ན། ཕག་མོ་གྲུ་པས་ བོད་དུ་སོག་པོའི་དབང་བསྒྱུར་མགོ་རྟིང་སློག་པའི་རྗེས་༼རྒྱ་མིས་སོག་པོ་ཡོན་རྒྱལ་རབས་མགོ་རྟིང་མ་སློག་གོང་གི་ལོ་བཅུའི་སྔོན་ལ་རེད།༽དེར། ཤེས་བཞིན་དུ་བོད་ཀྱི་བཙན་པོའི་དུས་སྐབས་དང་འདྲ་བའི་སོག་པོ་མེད་པའི་རྒྱལ་ཁབ་ཀྱི་ངོ་བོ་གསར་པ་ཞིག་འཛུགས་ཐབས་བྱས་པ་རེད། སོག་པོའི་ཉེས་ཆད་ཀྱི་ཁྲིམས་རྩུབ་མོ་དེ་ཚོ་བརྩིས་མེད་བྱས་ཤིང་། བཙན་པོའི་དུས་སྐབས་ཀྱི་ཁྲིམས་ཡིག་དེ་ཚོ་བསྐྱར་ལེན་དང་བཅོས་ལེན་བྱས་པ་རེད། ཕག་མོ་གྲུ་པས་གནའ་བོའི་གྱོན་ཆས་རྣམས་སླར་ཡང་བླངས་ཤིང་། “ལོ་གསར་གྱི་སྐབས་སུ་དཔོན་རིགས་ཆེ་ཁག་གིས་སྔོན་གྱི་བཙན་པོ་དག་གི་གྱོན་ཆས་གོན་དགོས་པ་བཟོས་པ་རེད།” ༼༡༨༽ གཉིས་ནས་ཕག་མོ་གྲུ་པས་ལྷ་ས་རུ་ཙོང་ཁ་པའི་སྨོན་ལམ་ཆེན་མོའི་སྦྱིན་བདག་བྱས་པ་རེད་ལ། འདི་ནི་བོད་ཀྱི་ལོ་གཅིག་གི་ནང་གི་དུས་སྟོན་ཆེ་ཤོས་དེ་ཆགས་ཤིང་། ལུང་པ་འདིའི་ས་ཆ་གང་ས་དང་ཕྱི་རོལ་བཅས་ནས་མཇལ་བ་དང་གནས་སྐོར་བ་སྟོང་ཕྲག་མང་པོ་དྲངས་པ་རེད། སྨོན་ལམ་ནི་ཆོས་ཕྱོགས་ཀྱི་རྒྱ་ཆེ་བའི་མཛད་སྒོ་ཞིག་ཡིན་ན་ཡང་། དེ་ལ་ད་དུང་ཆབ་སྲིད་དང་དམག་དོན་ཐད་ཀྱི་གལ་ཆེའི་རྣམ་པ་ཡོད་པ་དེ་རྒྱ་ཆེ་ཞིང་བཀྲག་མདངས་ཆེ་བའི་རྔམ་སྟོན་དང་རུ་སྒྲིག་ཁྲོད་དུ་སྟོན་ཅིང། དེས་བོད་ཀྱི་མི་དམངས་ཁྲོད་རང་གི་རྒྱལ་རབས་དང་ངོ་བོའི་ཚོར་བ་ཞིག་སླེབས་རྒྱུའི་ཞབས་འདེགས་སྒྲུབ་ཡོད་པ་རེད།
ཤུགས་རྐྱེན་སྣ་ཚོགས་པ་དང་མིག་དཔེ། མི་སྣ་བཅས་ཀྱི་ཐོག་ནས་བོད་ཀྱི་དེང་རབས་རྒྱལ་ཁབ་ཅིག་ཚུགས་པ་ལ་རོགས་འདེགས་བྱས་པ་དེ་ཚོ་ཚང་མ་གྷོལ་ཌི་སི་ཐེན་གྱི་ལོ་རྒྱུས་ནང་དམིགས་བསལ་གྱིས་ཆད་པའམ་ཡང་ན་གཡོལ་ཐབས་བྱས་ཡོད་པ་རེད། དེ་ཡང་ཁོས་རང་གི་རྒྱལ་རབས་དེ་དབྱིན་ཇིས་བོད་ལ་འབྲེལ་ལམ་གྱི་རྐང་རྗེས་བཀོད་ཐུབ་ནས་ལུང་པ་གཞན་སུ་དང་ཡང་འབྲེལ་བ་མི་བྱེད་པ་གཏན་འཁེལ་བྱས་རྗེས་ཀྱི་ ༡༩༡༢ ལོ་ནས་མགོ་བཙུགས་ཡོད་སྟབས། ཁོས་བདེན་པ་ལས་ཐག་རིང་པོ་མ་བརྒལ་བར་དེ་སྒྲུབ་ཐུབ་ཀྱི་ཡོད་པ་རེད།
གྷོལ་ཌི་སི་ཐེན་གྱིས་ ༡༩༡༢ ལོའི་གོང་གི་གནས་ཚུལ་དག་གི་ངོ་སྤྲོད་སྙིང་བསྡུས་ཤིག་བཀོད་ཡོད་ཀྱང་། བོད་དེང་རབས་ཅན་འགྱུར་བ་ལ་དེ་དག་གིས་ནུས་པ་ཐོན་པའི་ཚུལ་བཀོད་མི་འདུག ངོ་མ་བཤད་ན་གྷོལ་ཌི་སི་ཐེན་གྱིས་དུས་སྐབས་འདིའི་གནས་ཚུལ་རྩལ་དུ་བཏོན་པ་རྣམས་ནི་རྣམ་རྟོག་དང་སྒྱུ་འཕྲུལ། དེ་བཞིན་ཉམས་ཆག་བཅས་ཀྱི་ཁོངས་སུ་བཀོད་པ་རྣམས་རེད། གྷོལ་ཌི་སི་ཐེན་གྱིས་དྭེ་མོའི་ “རྙོག་ཁྲ་”དེ་ནི་རྒྱལ་ཚབ་རྒན་པ་འདིས་༼ཡང་ན་ཁོང་གི་སྤུན་རྣམས་ཀྱིས་༽མཐུ་བརྒྱབ་ནས་༧རྒྱལ་བ་རིན་པོ་ཆེ་དགུང་ལོ་ཆུང་བ་འདི་བགྲོངས་རྩིས་བྱས་པ་དེ་ཤེས་ནས་བཙོན་འཇུག་བྱས་པ་རེད་ཅེས་བརྗོད་འདུག གྷོལ་ཌི་སི་ཐེན་གྱིས་ དྭེ་མོ་ནི་ “ཁོང་མ་གྲོངས་བར་དུ་ཟངས་ཀྱི་སྣོད་ཆེན་པོ་ཆུས་བཀང་བ་ཞིག་བཏུམས་ནས་བསད་པའི་དཀྲོག་གཏམ་”ཁུངས་སྐྱེལ་མེད་པ་ལ་གཞི་བཅོལ་ནས་བཤད་འདུག ཡིན་ན་ཡང་བཀའ་ཤག་གིས་ཉེས་ཅན་པ་རྣམས་ལ་སྲོག་ཐོག་གཏོང་རྒྱུའི་ཐག་གཅོད་བྱས་པ་དེར་༧རྒྱལ་བ་རིན་པོ་ཆེས་དགག་བྱ་བྱས་པ་བཤད་རྒྱུ་ལུས་འདུག་པ་ནི་ཁྱད་མཚར་པོ་ཞིག་རེད། འདི་ནི་༧རྒྱལ་བ་རིན་པོ་ཆེས་སྲོག་ཁྲིམས་གཅོད་པ་ལ་དགག་བྱ་གནང་བའི་ཡོངས་གྲགས་ཀྱི་དཔེ་མཚོན་ཐོག་མ་དེ་ཡིན་སྟབས་ལོ་རྒྱུས་ཀྱི་ཐོག་ནས་གལ་ཆེན་པོ་རེད། གནད་དོན་འདིའི་སྐོར་ལ་༧རྒྱལ་བ་རིན་པོ་ཆེའི་བཞེད་ཕྱོགས་བརྟན་པོ་གནང་བ་བརྟེན་ནས་ཁོང་གི་རྒྱལ་སྲིད་ཀྱི་ཁྲིམས་ལུགས་ཐག་གཅོད་བླ་ན་མེད་པ་ཞིག་འཛུགས་རྒྱུ་བྱུང་བའི་སྐོར་ངས་སྔོན་མའི་རྩོམ་ཞིག་གི་ནང་བྲིས་ཡོད།
“༡༩༡༣ ལོར་༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་སྲོག་ཁྲིམས་གཅོད་པ་དང་དེ་བཞིན་གྱི་ “གདུག་རྩུབ་དང་རྒྱུན་ལྡན་མིན་པའི་”ཉེས་ཆད་ཀྱི་རིགས་རྩ་འགོག་བྱས་པ་རེད་ལ། དེས་ཧ་ལམ་བོད་འདི་ནི་འཛམ་གླིང་ནང་དེ་ལྟར་བྱེད་པའི་ལུང་པ་དང་པོའི་གྲས་སུ་ཚུད་བཅུག་པ་རེད། སི་ཝི་ཛེར་ལཱན་ཌཱི་ཡིས་ ༡༩༣༧ ལོར་སྲོག་ཁྲིམས་གཅོད་པ་མཚམས་འཇོག་བྱས་པ་དང་། དབྱིན་ཇིས་ ༡༩༦༥ ལོར་དང་། ཧྥ་རན་སི་ཡིས་རང་གི་ཉེས་ཅན་པའི་སྲོག་ཁྲིམས་མཐའ་མ་དེ་ ༡༩༨༡ ལོར་བཅད་ཡོད་པ་རེད། ཨ་མི་རི་ཀ་ལ་ཆ་བཞག་ན། དམིགས་བསལ་གྱིས་ཊཱེག་སེ་སི་མངའ་སྡེའི་ནང་། ཐ་ན་ལོ་ཚད་མ་ལོན་པ་དང་ཡང་ན་སེམས་ཁམས་བརྟན་པོ་མེད་པའི་རིགས་ཀྱང་ “སྲོག་གཅོད་རྐུབ་སྟེགས་”སྟེང་ངམ་ཡང་ན་དེ་ལས་གཞན་པའི་རྣམ་པ་གང་ཡོད་ཀྱང་དེ་ལ་མི་གཏོང་བའི་འགན་ལེན་གང་ཡང་མེད་པ་རེད། རྒྱ་ནག་ནང་ཁོང་ཚོས་སང་ཉིན་ཟེར་བ་ཞིག་མེད་པའི་ཚུལ་གྱིས་འདི་ལག་བསྟར་བྱེད་པ་རེད། ཡིན་དང་ཡིན། ༢༠༠༡ ལོའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་གསལ་བསྒྲགས་ཤིག་གི་ནང་དུ། “འདས་པའི་ཟླ་བ་གསུམ་གྱི་ཡུན་ལ་རྒྱ་ནག་ཏུ་སྲོག་ཐོག་བཏང་བའི་མིའི་གྲངས་འབོར་ནི་འདས་པའི་ལོ་ངོ་གསུམ་གྱི་རིང་ལ་འཛམ་གླིང་ས་ཁུལ་གཞན་ཡོངས་ཀྱི་སྲོག་ཁྲིམས་བཅད་པའི་གྲངས་འབོར་ལས་མང་བ་འདུག”ཅེས་བྲིས་འདུག”
གྷོལ་ཌི་སི་ཐེན་གྱིས་དབྱིན་ཇིའི་རྒྱབ་སྐྱོར་འོག་བོད་དུ་དེང་རབས་དམག་དང་ཉེན་རྟོག་པའི་དཔུང་ཁག་བཙུགས་པའི་སྐོར་གླེང་འདུག་ལ། དབྱིན་ཇིས་བོད་ཀྱི་ཏར་འཕྲིན་གྱི་སྐུད་པ་གསར་དུ་འཐེན་པ་དེར་འཕྲུལ་རྩལ་གྱི་རོགས་རམ་བྱས་པ་བཤད་འདུག་མོད། དེ་ཚོ་ཚང་མ་བོད་མི་ཚོས་དངུལ་སྤྲད་པ་དེ་བརྗོད་མི་འདུག ཁོས་ད་དུང་ཞོར་འཕྲོས་སུ་ལྷ་སའི་ནང་གི་གློག་ཁང་བཙུགས་པ་དེ་གླེང་འདུག གྷོལ་ཌི་སི་ཐེན་གྱིས་ ༡༩༡༢ ལོའི་རྗེས་སུ་བྱུང་བའི་དེང་རབས་བཤད་སྐབས་དབྱིན་ཇིའི་ཤུགས་རྐྱེན་སླེབས་པའི་སྐོར་ལ་སྣ་འདྲེན་བྱེད་རྒྱུ་ལ་ཁོ་རང་འབྱར་ནས་ཡོད་ལ། ད་དུང་ཡར་རྒྱས་ཕལ་ཆེ་བ་ནི་ “་་་ “ནུབ་ཕྱོགས་ཀྱི་སྒྲིག་ཆས་དང་གྱོན་ཆས། ལུགས་སྲོལ་དཔེར་ན་ཇ་མངར་མོ་དང་ལག་པ་གཏོང་བ། དེ་བཞིན་དྲ་སྤོལ་དང་རྟ་ཐོག་སྤོ་ལོ་རྩེ་བ་སོགས་གཡར་ལེན་བྱས་པའི་ཚུལ་བཞིན་རེད་ཅེས་སྣང་ཆུང་བྱས་ཡོད།་་་”
གྷོལ་ཌི་སི་ཐེན་གྱིས་བོད་མི་རང་ངོས་ནས་བརྩམས་པའི་བཅོས་སྒྱུར་དང་དེང་རབས་ཅན་གྱི་སྐོར་བརྗོད་རྒྱུ་ཆད་ལུས་ཤོར་ཡོད་པ་རེད། ཆུ་འབྲུག་ལོའི་བོད་ཟླ་དང་པོའི་ཚེས་བརྒྱད་ ༼བོད་སོག་ཆིངས་ཡིག་ལ་མིང་རྟགས་བཀོད་ནས་ཟླ་བ་གཅིག་གི་རྗེས་སུ་༽ ཉིན་༧རྒྱལ་དབང་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་གསལ་བསྒྲགས་གནང་བ་རེད། ལོ་རྒྱུས་རང་བཞིན་གྱི་བསྒྲགས་གཏམ་འདིའི་ནང་ཁོང་གིས་ད་དུང་བོད་ཀྱི་ཞིང་པ་སྒེར་པ་ཚོས་ས་ཞིང་སྟོང་པར་ལྷག་ཡོད་པ་རྣམས་ལ་ཞིང་རྨོ་འདེབས་ཆོག་པ་དང་། ཞིང་བཏབ་ནས་ཐོག་མའི་ལོ་འགའི་རིང་ལ་དཔྱ་ཁྲལ་བསྡུ་རྒྱུ་མིན་ཞེས་གསུངས་ཡོད་པ་རེད། བསྒྲགས་གཏམ་འདིའི་ནང་ད་དུང་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཚིག་གཅིག་ཡོད་པ་དེར་༧རྒྱལ་བ་རིན་པོ་ཆེས་བོད་ས་གང་སར་ལྗོན་པའི་རིགས་དང་ད་དུང་ཤིང་སྡོང་སྣ་ཚོགས་དང་ཤིང་རྩྭའི་རིགས་བདག་ཉར་བྱེད་དགོས་སྐོར་ནན་བཤད་གནང་བ་རེད།
སཱར་ ཆེལ་སི་ བྷེལ་ (Sir Charles Bells) གྱིས་ ༧རྒྱལ་བ་རིན་པོ་ཆེ་བཅུ་གསུམ་པས་བོད་ཀྱི་ཞིང་པ་ཚོར་རོགས་རམ་གནང་སླད་བུ་ལོན་ཆག་ཡངས་ཀྱི་ལས་འཆར་ཆེན་པོ་ཞིག་གནང་བའི་སྐོར་བྲིས་འདུག་ལ། བྷེལ་གྱིས་ལྷ་སའི་ཤའི་ཁྲོམ་རྭ་གསར་པ་དེར་ཤ་ནི་གཙང་མའི་གནས་སྟངས་ཀྱི་འོག་ནས་བཙོང་དགོས་པའི་སྐོར་ཡང་གླེང་འདུག འདི་ནི་གཅིག་བྱས་ན་དབྱིན་ཇིའི་རྒྱ་གར་ནས་དཔེ་བླངས་པ་རེད་ལ། ཉིན་ལྟར་ཁྲོམ་རྭའི་ས་ཆ་དེ་ལ་ལྟ་རྟོག་བྱེད་པ་སྨོས་མེད་ཐོག ད་དུང་ཚགས་ཤ་དང་ཡང་ན་ཤ་ཁོག་རེ་རེ་བཞིན་གྲོང་ཁྱེར་དོ་དམ་ལས་ཁང་གིས་བརྟག་དཔྱད་ཐོག་བཙོང་ཆོག་པའི་བཀའ་འཁྲོལ་ལེན་དགོས་པ་རེད། ༼༡༩༽
གྲོང་ཁྱེར་དོ་དམ་ལས་ཁུངས་ཀྱི་ཐོག་ནས་ཞིང་པ་དགོས་མཁོ་ཅན་ཚོར་ཟ་འབྲུ་སྐྱེད་མེད་དུ་གཡོར་རྒྱུའི་ལས་འཆར་ཞིག་ཀྱང་མགོ་བཙུགས་པ་རེད། ༼༢༠༽ ཞིང་པ་ཚོས་སྟོན་ཐོག་སོས་པ་ནས་འབྲུའི་སྐམ་ཆགས་བཅུ་ཟུར་ཞིག་རློན་པའི་རྒྱ་ཁ་གསབ་ཆེད་སྤྲོད་དགོས་ཀྱི་ཡོད་པ་རེད། ༡༩༢༠ ལོར་༧རྒྱལ་བ་རིན་ཆེས་རྫོང་གི་ལས་ཁུངས་སོ་སོར་གཞི་རིམ་སློབ་གྲྭ་འཛུགས་དགོས་པའི་བཀའ་རྒྱ་བཏང་བ་རེད། ཁོང་གིས་ད་དུང་རྫོང་ཚང་མ་ལམ་སྟོན་བཀའ་རྒྱ་ཞིག་གནང་ནས་ལྷ་བ་དང་མོ་བ་ཚོས་མི་སེར་ལ་དྲང་མིན་མགོ་སྐོར་གཏོང་བ་འགོག་པ་དང་། དེ་འདྲའི་སྐབས་ལ་སྐུ་རྟེན་ཚོ་ལྷ་འབབ་རྒྱུ་འགོག་པའི་ཆེད་དུ་རྟོག་ཞིབ་བྱེད་དགོས་གསུངས་པ་རེད།
དེ་ནས་ ༡༩༡༦ ལོར་བཙུགས་པའི་ལྷ་སའི་སྨན་རྩིས་ཁང་ཡོད་པ་རེད། དེར་དམག་ཁོངས་དང་དགོན་སྡེ། དེ་བཞིན་རྫོང་ཁག་སྣ་ཚོགས་ནས་སློབ་མ་ ༡༥༠ བསྡུ་རུབ་ཀྱིས་ལོ་ངོ་དགུའི་ཡུན་ལ་བོད་ཀྱི་སྲོལ་རྒྱུན་གྱི་སྨན་སློབ་ཀྱི་ཡོད་པ་རེད། སློབ་སྦྱོང་ཐོན་མཚམས་ཁོང་ཚོ་རང་རང་གི་ས་གནས་སུ་ཕྱིར་སློག་གིས་སྨན་བཅོས་ཀྱི་མཐུན་འགྱུར་ཞུ་གི་ཡོད་པ་རེད།
སྨན་རྩིས་ཁང་གིས་ད་དུང་བྱིས་པའི་དུས་མིན་འཆི་རྐྱེན་ཚབས་ཆེ་བ་དེ་ལ་བཅོས་ཐབས་ལག་བསྟར་བྱས་པ་རེད། འདིའི་ཆེད་དུ་ “བྱིས་པ་ཉར་ཕྱོགས་”ཞེས་པའི་འཆར་གཞི་མགོ་བཙུགས་པ་རེད། བོད་ཀྱི་ས་ཁུལ་གང་སའི་རྫོང་དཔོན་ཡོངས་རྫོགས་ལ་རྫོང་ནང་གི་བྱིས་པ་སྐྱེས་ཚད་ཐོ་འགོད་བྱེད་ཕྱོགས་ཀྱི་ལམ་སྟོན་འབྱོར་པ་རེད། གནས་ཚུལ་དེ་ལྷ་སའི་སྨན་རྩིས་ཁང་ལ་བཏང་བ་དང་། དེ་ནས་ རྩིས་འབྲས་དང་སྨན་རིགས་འོས་འཚམས་བཅས་བྱིས་པ་རེ་རེའི་ཆེད་དུ་གྲ་སྒྲིག་བྱས་པ་རེད། “འདི་ཚོ་ནི་བོད་ཀྱི་རྫོང་དགུ་བཅུ་གོ་དྲུག་ཚང་མར་གཏོང་གི་ཡོད་པ་རེད།”ཅེས་བོད་ཀྱི་བུད་མེད་ཅིག་གིས་རང་གི་དྲན་ཐོར་བཀོད་འདུག མོས་ད་དུང་ “བོད་ཀྱི་སྨན་རྩིས་མཁས་པ་གྲགས་ཅན་མཁྱེན་རབ་ནོར་བུ་ཡིས་བྱིས་པ་ཉར་ཕྱོགས་ཞེས་པའི་དེབ་ཅིག་བརྩམས་པ་དེའི་ནང་བྱིས་པ་ན་ཆུང་རྣམས་ཉར་ཕྱོགས་དང་དེ་ཚོའི་བདེ་ཐང་སྐོར་ཁོ་ན་གླེང་ཡོད་པ་རེད།”ཅེས་བྲིས་འདུག
བྱིས་པ་གཉོར་ཕྱོགས་ཀྱི་རིག་པ་འདི་ནི་ཆ་ཚང་སྲོལ་རྒྱུན་ཡིན་པ་དང་། གཞུང་གི་མཐུན་རྐྱེན་གྱི་ཚད་བཀག་གིས་འདིའི་གཞི་རྒྱ་ལ་ཚད་བཟུང་བྱས་ཡོད་སྲིད་ནའང་། ཞབས་འདེགས་འདི་ནི་བོད་གཞུང་གི་མངའ་འོག་ན་ཡོད་པའི་བྱིས་པ་ཚང་མ་ལ་རིན་མེད་དུ་སྤྲོད་ཀྱི་ཡོད་པ་འདི་ནི་གླེང་འོས་པ་ཞིག་རེད། སྐྱིད་གྲོང་རྫོང་དཔོན་གྱི་བུ་ཡིས་ང་ལ་བརྗོད་གསལ་ལ། མཐའ་ན་རྒྱ་ནག་དམར་ཕྱོགས་པའི་དབང་འོག་ཏུ་ཤོར་ནས་ཀྱང་ལོ་ཁ་ཤས་ཀྱི་རིང་ལ་སྐྱིད་གྲོང་རྫོང་གི་བྱིས་པ་རྣམས་ལ་རང་རང་གི་རྩིས་འབྲས་དང་སྨན་ཐུམ་ཆུང་བ་རེ་བཅས་ལྷ་ས་ནས་འབྱོར་བ་དེ་དྲན་གྱི་འདུག་ཅེས་བརྗོད་བྱུང་། ༼༢༢༽