རྒྱ་ནག་གི་ཧམ་བཤད་ལ་རྒྱལ་སྤྱིའི་སྒང་གི་མི་མང་པོ་ཞིག་ཧང་སངས་ཡོད་ལ། དེ་ལས་ཀྱང་ད་སྐབས་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོ་ལས་བརྒལ་ཏེ། རྒྱའི་དཔོན་རིགས་ཆུང་ཆུང་དེ་ཚོས་ཀྱང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་༧གོང་ས་མཆོག་གི་འགྲོ་སྡོད་ལ་ཐེ་གཏོགས་ཀྱི་སྐད་ཆ་ཡ་མ་བརླ་རེ་བཤད་ཀྱིན་ཡོད།
ཚེས་ ༡༡ ནས་ ༢༢ བར་༧གོང་ས་མཆོག་ཧྥ་རན་སིའི་ནང་དུ་ཆིབས་བསྒྱུར་བསྐྱངས་པ་འདིས་རྒྱ་ནག་གི་དཔོན་རིགས་ཚོར་སླར་ཡང་འདུག་བཟོད་མེད་པར་བཟོས་ཡོད་ལ། དེ་ནི་༧གོང་ས་མཆོག་ལ་ཡུལ་ལུང་དང༌། མི་རིགས་མང་བོས་དགའ་མོས་དང་གོང་བཀུར་གྱི་རིན་ཐང་ཐོབ་ཡོད་པས་རེད། ད་ཐེངས་ཀྱང་ཧྥ་རན་སིའི་གནད་ཡོད་མི་སྣ་གང་མང་དང་གཞུང་འབྲེལ་མི་སྣ་གང་མང་ཞིག་གིས། ༧གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད། དེའི་ཁྲོད་དུ་ཧྥ་རན་སིའི་སྲིད་འཛིན་གྱི་སྐུ་ཟླ་དང༌། ཕྱི་སྲིད་བློན་ཆེན། འགྲོ་བ་མིའི་ཐོབ་ཐང་གི་བློན་ཆེན། གཞན་ཡང་སྒྱུ་རྩལ་བ་སོགས་འདུས་ཡོད་པ་རེད། མ་གཞི་༧གོང་ས་མཆོག་གིས་ད་ཐེངས་ཀྱི་མཛད་འཕྲིན་གཙོ་བོ་ཆོས་ཕྱོགས་ཡིན་ཡང༌། བོད་གཞིས་བྱེས་མི་མང་གི་བདེ་སྡུག་འདི་༧གོང་ས་མཆོག་གིས་རྒྱུན་དུ་ཐུགས་ལ་ཉར་ཡོད་སྟབས། ད་ཐེངས་ཀྱང་ཧྥ་རན་སིའི་གྲོས་ཚོགས་དང་རྒྱལ་སྤྱིའི་གསར་ལམ་ཁག་ལ་བོད་མི་རིགས་ཀྱི་བདེ་སྡུག་དང༌། རྒྱ་ནག་ཁ་དན་ཚིག་ལ་མི་གནས་པའི་གནད་དོན་ཐེར་འདོན་བྱས་ཡོད། དེ་བས་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཆིན་ཀཱང་གིས་ཚེས་ ༢༦ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ལ་༧གོང་ས་མཆོག་གི་མཛད་འཕྲིན་ཐད་ལ་ཚོད་འཛིན་དང༌། ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་མཚམས་འཇོག་དགོས་པའི་སྐྱོན་བརྗོད་བྱས་ཡོད་པ་རེད། ཁོང་གིས་བརྗོད་དོན། གལ་ཏེ་ཏཱ་ལའི་བླ་མ་ཡི་སྐུ་ཚབ་ཕྱོགས་ནས་ཀྲུང་གོའི་ཕྱོགས་ཀྱི་ཆ་རྐྱེན་དེ་ཚོ་ཁས་ལེན་བྱས་ཚེ། ཏཱ་ལའི་བླ་མར་རྒྱ་ནག་གིས་དུས་ནམ་ཡིན་ཡང་རྒྱལ་སྒོ་ཕྱེ་ནས་ཡོད། ཞེས་དང་ཡང༌། མ་འོངས་པའི་འབྲེལ་མོལ་གྱི་ཕྱིར་དུ་ཏཱ་ལའི་བླ་མས་རྣམ་འགྱུར་གང་ལེགས་སྟོན་དགོས་པ་ལ་སོགས་གསར་ལམ་ཁག་ཏུ་སྤེལ་ཡོད། གསར་འགོད་པ་ཚོས་༧གོང་ས་མཆོག་གིས་གླེང་སློང་བྱས་པའི་བོད་ཁམས་དཀར་མཛེས་ཕྱོགས་ཀྱི་མི་ ༡༤༠ ལྷག་སྡེབས་གསོད་བྱས་ཡོད་པའི་ཐད་དྲིས་སྐབས། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཆིན་ཀཱང་གིས་དྲི་བར་ངོས་ལེན་བྱས་མེད་ལ། དུས་ནམ་ཡིན་ཡང་ཏཱ་ལའི་བླ་མ་དང་ཏཱ་ལའི་བླ་མའི་སྐད་ཆའི་བར་འགལ་ཟླ་འདུག་ལ། ངའི་བསམ་ཚུལ་ཡིན་ན་དྲི་བ་འདི་ཏཱ་ལའི་བླ་མར་དྲིས་ཏེ་མི་བསད་པའི་བདེན་དཔང་ཁྱེར་ཡོང་ན་རེད། ཅེས་བཤད་ཡོད་པ་རེད། འདི་ལྟར་རྒྱ་ནག་གིས་ངོ་གདོང་རྒྱབ་ལ་གཡུག་ནས། ཧམ་བཤད་ཇེ་མང་ལ་འགྲོ་བཞིན་པའི་སྐབས་འདིར། རྒྱལ་སྤྱིའི་སྒང་གི་མི་སྣ་འདྲ་མིན་གྱིས་༧གོང་ས་མཆོག་ལ་དགའ་མོས་ཇེ་ཆེ་དང༌། བོད་མི་ཚོར་གདུང་སེམས་མཉམ་སྐྱེད་བྱེད་མཁན་ཡང་ཇེ་མང་རེད། གསར་ལམ་ཁག་ཏུ་ཨོ་ལིམ་པིག་རྩེད་འགྲན་ཐོག་དངུལ་དང་ཟངས་ཀྱི་བྱ་དགའ་ཐོབ་ཡོད་པའི་ཨེ་ཊ་ལི་ཡི་ལུས་རྩལ་མི་སྣ་ཚོས། བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་པའི་རྣམ་འགྱུར་བསྟན་ཡོད་ལ། དེ་ལ་ཨེ་ཊ་ལི་ཡི་སྲུང་སྐྱོབ་བློན་ཆེན་གྱིས། ལུས་རྩལ་བ་ཚོས་འདི་ལྟར་བོད་དང་བོད་མིའི་དྲང་བདེན་ལ་རྒྱབ་སྐྱོར་བྱས་པར་ང་རང་དགའ་སྤོབས་སྐྱེས་ཡོད། ཅེས་གསར་ལམ་ཁག་ལ་གསུངས་ཡོད།
ཕྱི་རྐྱེན་ནི་འགྱུར་་ལྡོག་གི་ཆ་རྐྱེན་ཡིན་ཞིང་།
ནང་རྐྱེན་ནི་འགྱུར་་ལྡོག་གི་གཞི་རྩ་རེད།
དཔེར་ན་དུས་ཚོད་རན་པོ་ཞིག་གི་འོག་
བྱ་སྒོང་བྱ་ཕྲུག་ལ་འགྱུར་སྲིད་ཀྱང་།
རྡོ་བྱ་ཕྲུག་ལ་འགྱུར་མི་སྲིད་པ་ལྟ་བུའོ།
དེ་ལྟར་ན་རྒྱ་ནག་ནང་ཁུལ་ནས་འགོ་བརྩམས་པའི་དོན་རྐྱེན་འདིས།
མི་རིང་བར་རྒྱ་ནག་ལ་འགྱུར་ལྡོག་ཆེན་པོ་ཞིག་ཡོང་རྒྱུའི་སྔ་བལྟས་མངོན།