མཛད་པ་པོའི་རྣམ་ཐར་མདོར་བསྡུས།
ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་༡༨༩༠ལོར་མདོ་སྨད་རེབ་སྐོང་དཔྱི་སའི་གོང་ཤོར་ཚང་གི་རུས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་༡༩༥༩ལོར་སྐུ་གཤེགས། ཁོང་དགུང་ལོ་དྲུག་པར་ཁུ་བོ་ཧྲེ་ལི་ལས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་བསླབས་པས་ལོ་གཅིག་ལ་ཚེགས་མེད་མཁྱེན། དགུང་ལོ་བརྒྱད་པར་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་དཔྱི་སའི་བན་གྱའི་གྲྭ་རྒྱུན་དུ་ཞུགས། དགུང་ལོ་བཅུ་པར་ཡིག་གཟུགས་ཀྱི་མཛེས་རྩལ་དང་སུམ་རྟགས་དག་གསུམ་བཅས་ལ་བྱང་བར་མཛད། དགུང་ལོ་བཅུ་བདུན་པར་རྫོང་སྔོན་བློ་གྲོས་ཚང་ལས་བཀའ་ཆོས་མང་པོ་གསན་ཅིང་དེ་ནས་བཟུང་དཔེ་གཟིགས་མ་ཆག་པར་མཛད། དགུང་ལོ་བཅོ་བརྒྱད་པར་རྫོང་དཀར་དུ་ཕེབས་ཏེ་གཙང་དགེ་བཤེས་ཚང་ལས་སྔ་ཕྱིར་དཔེ་ཁྲིད་མང་དུ་གསན། དགུང་ལོ་ཉི་ཤུ་ཐམ་པར་སྡི་ཚ་དགོན་དུ་ཕེབས་ཏེ་ཞྭ་དམར་པཎ་ཌི་ཏ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དགེ་བའི་བཤེས་གཉེན་བྱམས་པ་བློ་བཟང་དང༌། མཛོད་དགེ་བློ་བཟང་རྒྱ་མཚོ། ཧོར་ཆེན་ཡེ་ཤེས་རྒྱ་མཚོ་སོགས་ལ་བསྟེན་ཏེ་གཞུང་ལུགས་རབ་འབྱམས་ལ་སྦྱངས་པས་མཁས་གྲགས་ལྷ་ལམ་དུ་ཁྱབ། ཐུན་མོང་བའི་རིག་གནས་ལ་ཞིབ་ཏུ་སྦྱངས། དགུང་ལོ་བཞི་བཅུ་ཐམ་པར་ཀ་རིང་ཝཾ་གླིང་དུ་ཕེབས་པ་ནས་བཟུང་ཡོངས་འཛིན་བློ་བཟང་དཔལ་ལྡན་དང༌། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་ཞབས་པད་ལ་ལོ་ཉི་ཤུའི་རིང་དུ་བསྟེན་ཏེ་མདོ་རྒྱུད་རྒྱ་མཚོའི་གཞུང་ལ་མི་འཇིགས་པའི་སྤོབས་པ་བརྙེས། ཁྱད་པར་དུ་རྗེ་བླ་མའི་སྙན་བརྒྱུད་ཀྱི་མན་ངག་འཛིན་པའི་མཁས་གྲུབ་ཆེན་པོའི་གོ་འཕང་མངོན་དུ་གྱུར། དཔྱི་ས་དགོན་དགེ་བྱེད་གླིང་གསར་འདེབས་མཛད་ཅིང་གཙུག་ལག་ཁང་དང༌། རྟེན་བརྟེན་པ་དང་བཅས་པར་གསར་བཞེངས་མཛད། རོང་བོ་དགོན་ཆེན་དུ་ཕེབས་ཏེ། ཁྲི་སྤྲུལ་སྐུ་འཇམ་དབྱངས་འཕྲིན་ལས་དབང་པོ་དང༌། རྫོང་དཀར་འཇིགས་མེད་ཤེས་རབ་གྲགས་པ། སྤྲུལ་སྐུ་འཇིགས་མེད་འཕྲིན་ལས་ལྷུན་གྲུབ། ནང་སོ་སྐུ་སྐྱེས། ཁ་སོ་མཆོག་སྤྲུལ་བཅས་ལ་ཟབ་རྒྱས་ཆོས་ཀྱི་བགོ་སྐལ་བསྩལ། ཁོང་གི་གསུང་རྩོམ་ནི་༼རྩོད་ཡིག་གསང་འཛིན་མཚོན་ཆའི་འཁོར་ལོ༽དང༌། ༼སྙན་ངག་གི་གབ་ཚིག་གཞོན་ནུའི་བློ་གྲོས་སྒོ་འབྱེད༽། ༼སྒྲ་རིག་གནམ་འཕང་གཅོད་བྱེད་བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས༽། ༼སྤྱོད་འཇུག་ཤེར་ལེའུའི་འབྲུ་འགྲེལ༽། ༼ཚུལ་གསུམ་ཁྱབ་སྒོ་ཁུག་མ༽སོགས་བཞུགས་སོ། །