བོད་གཞུང་མང་ཛ་དྲག་ཚོགས་ཆུང་གི་འབོད་སྐུལ་ལྟར། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཉིན་གཅིག་རིང་ཟས་བཅད་བྱེད་ཀྱིན་ ཡོད་ལ། ༧གོང་ས་མཆོག་ཀྱང་མུམ་བྷེའི་སྨན་ཁང་ནས་ལས་རིམ་འདིའི་ནང་མཉམ་ཞུགས་གནང་ཡོད་པ་རེད།
ཕྱི་ཚེས་ ༣༠ ཉིན་བསྟན་འཛིན་སྟག་ལྷ་ལགས་ཀྱིས་གསར་འགོད་པར་བརྗོད་པ་ལྟར་ན། ༧གོང་ས་མཆོག་གི་སྐུ་གཟུགས་ལ་ཐུགས་ཁྲལ་མི་འདུག ཡིན་ནའང་ཁོང་གཟའ་ཉི་མའི་ཉིན་རྒྱབ་བར་དུ་སྨན་ཁང་དུ་བཞུགས་རྒྱུ་རེད་ལ། ཁོང་གིས་སྨན་ཁང་ནས་ཟས་བཅད་ཀྱི་ལས་རིམ་འདི་སྲུང་གཙི་གནང་གི་ཡོད་ཚུལ་བརྗོད་ཡོད་པ་རེད།
༢༠༠༨ ལོའི་ཕྱི་ཟླ་ ༨ ཚེས་ ༣༠ ཉིན་འཛམ་གླིང་ཡོངས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་སྨྱུང་གནས་གསོལ་སྨོན་གནང་སྐབས་བཀའ་ཤག་གིས་གཏམ་བཤད་སྤེལ་བ་ལྟར་ན། བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་འབོད་སྐུལ་གནང་དོན་ལྟར་འཛམ་གླིང་ཁྱོན་ཡོངས་སུ་གནས་འཁོད་བོད་མི་དང༌།བོད་དོན་རྒྱབ་སྐྱོར་བ།དེ་བཞིན་ཞི་བདེ་ལ་དགའ་བའི་མང་ཚོགས་རྣམས་ཀྱིས་དུས་ཡུན་ཚོུད་༡༢རིང་ཟས་བཅད་སྨྱུང་གནས་དང་འབྲེལ་གསོལ་འདེབས་སྨོན་ལམ་གྱི་ལས་རིམ་སྤེལ་བ་འདིའི་ཐོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་སྐུ་ངོ་མ་མཉམ་ཞུགས་གནང་རྒྱུའི་དགོངས་བཞེད་བཀའ་བཟང་ཕེབས་པ་བདག་ཅག་གི་བསོད་ནམས་ཀྱི་སྐལ་བར་བཀའ་དྲིན་བླ་མེད་དུ་ཆེ་ཞིང༌།སྐུ་ཁམས་ཅུང་ཟད་བདེ་མིན་དབང་གིས་འདི་གར་འདུས་ཚོགས་སུ་ཞབས་འཁོད་མ་ཐུབ་ཀྱང་མུམ་བྷའི་ནས་སྨྱུང་གནས་གསོལ་སྨོན་གནང་བཞིན་ཡོད་པར་ཐུགས་རྗེ་དང་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་གསལ་བསྒྲགས་སྤེལ་ཡོད་པ་རེད།
བཀའ་ཤག་གིས་ལད་རིམ་འདིའི་ནང་ཞུགས་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུས་ཡོད་པ་དང་། ལས་རིམ་འདི་ནི་སྡང་སེམས་དང༌།འཁོན་འཛིན།ཁོང་ཁྲོ་སོགས་ཀྱི་ཀུན་ནས་སླངས་པའི་ངོ་རྒོལ་རྔམ་སྟོན་གྱི་བྱ་བ་ཞིག་མ་ཡིན་པར།སྟོན་པ་ཐུགས་རྗེ་ཅན་གྱིས་ལེགས་པར་གསུངས་པའི་དམ་པའི་ཆོས་ཀྱི་སྙིང་དོན་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པའི་ཐེག་པ་ཐུན་མོང་བའི་ལམ་དང༌།གཞན་ཕན་མཐའ་དག་བསྒྲུབ་པའི་བྱམས་བརྩེ་སྙིང་རྗེའི་སྙིང་པོ་ཅན་གྱི་ཐེག་པ་ཆེན་པོའི་ལམ་དང་བཅས་པའི་ཉམས་ལེན་དེ་དག་སྤྱི་ཚོགས་དང་མི་རིགས་ཀྱི་ཕན་བདེ་བསྒྲུབ་པའི་འཇིག་རྟེན་ཆབ་སྲིད་ཀྱི་བྱ་བར་ཡང་ལག་ཏུ་བླང་ཆོག་པ་བདག་ཉིད་ཆཻན་པོ་གྷན་དྷིས་ལག་ལེན་དམར་འཁྲིད་དུ་བསྩལ་བ་བཞིན་དེང་རབས་ཀྱི་འཇིག་རྟེན་འདིར་སླར་ཡང་ལག་བསྟར་བྱ་རྒྱུའི་འབད་རྩོལ་གྱི་མཚོན་རྟགས་ཤིག་ཡིན། ཅེས་གསུངས་ཡོད་པ་རེད།
བཀའ་ཤག་གིས་ལས་འགུལ་འདིའི་ཆེ་བ་དང་དེ་ལ་བསྟུན་ཏེ་འབོད་སྐུལ་ཞུས་དོན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་ཡོངས་རྫོགས་འཚེ་མེད་ཞི་བའི་ལམ་དུ་བསྒྱུར་ཐབས་ཀྱི་ལམ་སྟོན་བླ་མེད་རྒྱུན་བསྲིངས་གནང་བའི་འབྲས་བུར་ད་ཆ་བོད་མིའི་ལས་འགུལ་ཕལ་ཆེ་བ་ལུས་ཀྱི་འཚེ་བ་རགས་པ་དང་བྲལ་ནས་ལོ་གྲངས་མང་ཙམ་ཕྱིན་ཟིན།དེའི་དབང་གིས་འཇིག་རྟེན་ཡོངས་སུ་བོད་དང་བོད་མིར་བསམ་ཡུལ་ལས་འདས་པའི་རྒྱབ་སྐྱོར་དང་མཐུན་འགྱུར་ཐོབ་ཡོད་ཅིང༌།དེ་ལ་བརྟེན་ནས་བོད་ཀྱི་གནད་དོན་གསོན་གནས་ཐུབ་པ་མ་ཟད།རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྱང་སྣང་མེད་དུ་བཞག་མ་ཐུབ་པར་དོ་སྣང་དང་གཡོ་སྒྱུ་ཁྲམ་གསུམ་གྱི་སྒོ་ནས་ཡ་ལན་ཞིག་མ་བྱེད་ཐབས་མེད་ཆགས་ཡོད།འོན་ཀྱང་བོད་རིགས་ཡོངས་ཀྱིས་ཡིད་དང་ངག་གི་འཚེ་བ་གཏན་སྤོངས་མ་ཐུབ་པའི་དབང་གིས་ང་ཚོའི་ད་བར་གྱི་འབད་རྩོལ་མཐའ་དག་ཟོ་འཁྱོན་གྱི་མཁྱུད་མོ་ལྟར་འཁོར་བ་ལས་ནུས་པ་ཐོན་ཏེ་དོན་དམ་གྱི་གྲུབ་འབྲས་ཐོབ་མེད།བོད་རིགས་ཡོངས་ལ་བོད་དོན་བདེན་མཐའ་གསལ་བའི་མངོན་འདོད་དང་ལྷག་བསམ་རྣམ་དག་ཞིག་ཡོད་ན་ང་ཚོའི་འཚེ་བ་མེད་པའི་ནུས་ཤུགས་འདི་གོང་མཐོར་གཏོང་དགོས།བོད་མི་རྣམས་ཀྱི་ཡིད་ཀྱི་འཚེ་བ་མངོན་གྱུར་བ་མགོ་ནོན་ཙམ་ཞིག་མ་བྱུང་གི་བར་བོད་དོན་བདེན་མཐའ་གསལ་རེ་ཤིན་ཏུ་དཀའ།རྒྱུ་མཚན་དེ་ལ་བརྟེན་ནས་ད་རིང་གི་གོ་སྐབས་འདིའི་བརྒྱུད་བོད་རིགས་སྤྱི་དང༌།ཁྱད་པར་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་དགེ་སྦྱོང་དང་བཙུན་མ་ཡོངས་ལ་ཞེ་སྡང་དང༌།ཁོང་ཁྲོ་མངོན་འགྱུར་བའི་དབང་དུ་མ་སོང་བར་འཚེ་བ་མེད་པའི་བློ་ཐ་ན་བཅོས་མ་ཚུན་ཆད་སྐྱེད་ཐབས་དང༌།དེས་དྲངས་པའི་ལུས་ངག་གི་རྣམ་རིག་འཚེ་བ་མེད་པ་ཞིག་བསྐྲུན་ཐབས་ངེས་པར་དུ་གནང་དགོས་པའི་ཛ་དྲག་གི་རེ་བསྐུལ་ནན་པོ་ཞུ་རྒྱུ་ཡིན། ཅེས་དང་། ད་རེབ་སྨྱུང་གནས་དང་གསོལ་སྨོན་གྱི་ལས་རིམ་འདི་བོད་མིའི་འཚེ་བ་མེད་པའི་ལས་འགུལ་གྱི་གོམ་རིམ་གསར་པ་ཞིག་གི་ནང་བསྐྱོད་རྒྱུའི་སྒོ་དབྱེ་ལྟ་བུ་ཞིག་ཏུ་འགྱུར་ཐུབ་ན་སྨྱུང་བར་གནས་པའི་དོན་གོ་ཚང་ཞིང༌།དེ་མིན་སྡང་སེམས་དང་ཁོང་ཁྲོའི་ངན་རྟོག་བསྐྱར་སློང་བྱ་རྒྱུའི་གོ་སྐབས་ཤིག་ཏུ་གྱུར་ན་འདྲེ་ཤར་སྒོ་དང་བླུད་ནུབ་སྒོའི་དཔེ་ལྟར་འགྲོ་རྒྱུ་ལས་མ་འདས། ཞེས་གསུངས་ཡོད།
གསལ་བསྒྲགས་ནང་མུ་མཐུད་དོན། ད་རེབ་དམིགས་བསལ་ཅན་གྱི་གོ་སྐབས་བཟང་པོ་འདིའི་ཐོག་བོད་དང་བོད་མིའི་ཆེད་དུ་སྨྱུང་གནས་གསོལ་སྨོན་གྱི་ལས་རིམ་འདིའི་ནང་འཛམ་གླིང་ཁྱོན་ཡོངས་སུ་མི་གྲངས་ཧ་ཅང་མང་པོ་ལྷག་བསམ་བཟང་པོས་མཉམ་ཞུགས་གནང་བའི་རྣམ་དཀར་གྱི་བྱ་བའི་སྟོབས་ཀྱིས་བོད་མིའི་སྤྱི་མཐུན་གྱི་ལས་ངན་བྱང་ཞིང་བསོད་ནམས་གོང་མཐོར་འཕེལ་བ་དང༌།དེ་ལ་བརྟེན་ནས་བོད་རིགས་ཡོངས་ཀྱིས་སེམས་ཅན་སྤྱི་དང་ཁྱད་པར་བོད་མིར་སྡུག་སྦྱོང་གཏོང་མཁན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོར་དམིགས་པའི་ཁོང་ཁྲོ་དང་སྡང་སེམས་སྤངས་ནས་བྱམས་པ་དང་སྙིང་རྗེའི་ཡུལ་དུ་འཛིན་ཐུབ་པ་དང༌།རང་རེའི་འཚེ་མེད་ཞི་བའི་ནུས་སྟོབས་སྨིན་ཏེ་རྒྱ་ནག་དབང་འཛིན་པ་རྣམས་ཀྱི་བློ་ཁ་བཟང་ཕྱོགས་སུ་བསྒྱུར་ཐུབ་པ།འཚེ་མེད་ཞི་བའི་ཐབས་ལམ་ལ་ཚང་མས་ཡིད་ཆེས་རྙེད་ཐུབ་པ་བཅས་ཡོང་བའི་རེ་བ་དང་སྨོན་འདུན་ཞུ་རྒྱུ་མ་ཟད།བོད་ནང་བཙན་གནོན་མནར་གཅོད་ཀྱི་བྱ་བ་རང་ཡལ་དུ་འགྲོ་བའི་ཆེད་འཚེ་བ་མེད་པའི་འབད་རྩོལ་ནུས་ཤུགས་ཆིག་སྒྲིལ་ཡོང་བའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། ཞེས་དང་། ཉེ་ཆར་བོད་དུ་དུས་ཟིང་སྐབས་ལུས་སྲོག་ཤོར་བ་རྣམས་དང་ཉེས་བརྡུང་བཙོན་འཇུག་ཕོག་པ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་འབྲེལ་ལུས་སྲོག་གི་མཆོད་སྦྱིན་དོན་ལྡན་དུ་འགྲོ་བ་དང་སྡུག་སྦྱོང་མནར་གཅོད་ལས་མྱུར་དུ་གྲོལ་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན།དེ་བཞིན་སྔོན་དུ་ཟི་ཁྲོན་ཁུལ་དང༌།ཉེ་ཆར་བོད་སྟོད་ཕྱོགས་སུ་ས་ཡོམ་དང༌།ས་ཁུལ་འགར་ཆུ་ལོག་སོགས་ཀྱི་ཉེས་སྐྱོན་བྱུང་བ་རྣམས་ལའང་སྨོན་འདུན་དང་ཐུགས་གསོ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་ཡོད་པ་རེད།
རྒྱལ་ཁབ་ཀྱི་དབུ་ཁྲིད་ཡིན་པའི་ཆ་ནས་གནས་ཚུལ་འདི་རང་ག་བ་ཞིག་རྩ་བ་ནས་མིན་ནའང་། ལས་འགུལ་གོ་སྒྲིག་བྱེད་མཁན་གྱི་ངོས་ནས་འཐུས་ཤོར་ལ་ཕྱིན་ཏེ། འཛམ་གླིང་ཡོངས་ཁྱབ་ཀྱི་དོ་སྣང་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་གནད་འགག་ཆེན་པོོ་ཞིག་ལ་བཟུང་མེད། དེར་བརྟེན། ལོ་རེ་ཟུང་གི་ནང་སྤེལ་བའི་ལས་འགུལ་མཐའ་དག་གི་ནང་ནས་ཚགས་ཚུད་མེད་ཤོས་དང་། ལམ་ལྷོང་མ་བྱུང་ཤོས་ཀྱང་ཕྱི་ཚེས་ ༣༠ ཉིན་གྱི་ལས་འགུལ་འདི་ཡིན་པར་འདོད།
ཐེངས་འདིའི་བཙན་བྱོལ་བོད་གཞུང་གི་བསྒྲགས་གཏམ་དང་། ལས་འགུལ་གྱི་ངོ་བོ་སོགས་ལ་བལྟས་ན་འདི་ནི་སྨྱུང་གནས་ཙམ་མིན་པར། སྲིད་དོན་གྱི་དཀའ་རྙོག་ཆེན་པོ་ཞིག་སེལ་ཆེད་ཡིན་སྟབས། ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་ཡིན་ལ། ༧གོང་ས་མཆོག་ཐེངས་འདིར་ཟས་བཅད་དུ་བཞུགས་པ་ནི་ཁོང་གི་སྐུ་ཚེའི་རིང་ཐེངས་དང་པོ་ཡིན་ལ། རྒྱལ་བ་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན་ནང་དུའང་ཐེངས་དང་པོ་ཡིན་ངེས།
ཁ་སང་རྒྱལ་བ་རིན་པོ་ཆེ་ཟས་བཅད་ལ་བཞུགས་པ་དེ་ཐེངས་དང་པོ་ཡིན་མིན་བཤད་རྒྱུ་ཡོད་དམ། ལྷག་པར་དུ་དུས་བབ་ཀྱི་གསར་འགོད་པར་དྲིས་པ་ཡིན།
it is good news for all of tibetan and aso in the world
ཕྱོགས་གཅིག་ནས་བཀའ་ཤག་བདེན་པ་རེད། ཕྱོགས་གཞན་ཞིག་ནས་འཚེ་མེད་ཞི་བ་ཁོ་ན་ལས་རྒྱབ་བསྐྱོར་རག་པ་རེད་ཅེས་ལབ་ན་ཐལ་ཆ་ཆེ་དྲག་འདུག་ལ། དོན་ལ་བོད་དོན་འདིས་ཁེ་ཕན་མང་བོར་ཞབས་ཞུ་སྒྲུབས་ཐུབ་ཀྱི་ཡོད་པའང་ཤེས་དགོས། དཔེར་ན། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་གཞུང་ལག་པ་ནས་དངུལ་ཟ་སྤྱད་ཀྱི་ལག་ཆ་གཙོ་བོ་གཅིག་བོད་ཡིན་ཞིང་། རྒྱ་གར་གཞུང་གི་མངའ་ཁོངས་བདེ་འཇགས་ཀྱང་བོད་ཁོ་ནར་ཐུག་ཡོད། འདི་གཅིག་ཡིན།
ཟས་བཅད་ལས་འཚེ་བ་གཞན་མེད། དཔེར་ན། ལུས་པོའི་སྟེང་གི་འབུ་ཕྲ་གྲངས་མེད་ཀྱི་སྲོག་འཆོར་གྱི་ཡོད་པས། འཇིག་རྟེན་འདིར་མི་བསླུ་བ་ཡོད་མ་ཡིན།
གང་ལྟར་བླ་མ་རྣམ་པས་འབུ་ཕྲ་བསད་ཆོག་ན། སྐྱ་བོ་རྣམ་པས་གཞན་བསད་མ་ཆོག་དོན་ཅི་ཡིན་ནམ། བོད་མི་ཚོར།