མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ག་ཟི་དགེ་བཤེས་ལ་སྤྲིངས་པ།

བོད་ཀྱི་དུས་བབ།
༢༠༠༨/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

ས་སྐྱའི་སྤྱི་འཐུས་ག་ཟི་དགེ་བཤེས་མཆོག་ལ་ཕུལ་བ།

མགོ་ལོག་འཇིགས་མེད་བློ་གྲོས་རིན་པོ་ཆེ།
༄༅༅།། འདས་པའི་ལོ་མང་པོ་ཞིག་གི་ཡར་སྔོན་གཞིས་བྱེས་ཇོ་ནང་པ་ཡོངས་ཀྱིས་ཇོ་ནང་ལ་ཆོས་བརྒྱུད་ཆེན་པོའི་མཚན་གནས་ཀྱི་ཐོབ་ཐང་གནང་སྐྱོང་ཡོང་བ་ཞེས། གྲུབ་དབང་པད་ནོར་རིན་པོ་ཆེ་དང༌། རྒྱལ་བ་ཀརྨ་པ། དགའ་ལྡན་ཁྲི་རིན་པོ་ཆེ་སོགས་བོད་ཀྱི་བླ་ཆེན་ཁག་གི་མཐུན་འགྱུར་གྱི་ཕྱག་ཡིག་དང་བཅས་རང་གཞུང་ལ་ཞུ་བ་ནན་ཆེར་ཞུས་སོང་ན་ཡང༌། ཡུན་རིང་པོར་གྲུབ་འབྲས་གང་ཡང་མ་ཐོན་པར་མི་འགའ་ཞིག་གིས། ཇོ་ནང་ས་སྐྱའི་ཁོངས་མིན་པ་སུས་ཀྱང་ཤེས་ལ་ཐ་ན་ས་སྐྱའི་སྤྱི་འཐུས་ཁོ་རང་གིས་ཀྱང་ཤེས་ཀྱི་ཡོད་མོད། འོན་ཀྱང་གལ་སྲིད་ཇོ་ནང་ལ་སྤྱི་འཐུས་ཞིག་ཡོང་དགོས་ན་ཧ་ལམ་མདོ་སྨད་ནས་ཡོང་རྒྱུ་ཡིན་པ་གཏན་ཁེལ་ཡིན་པས། གྲོས་ཚོགས་ཀྱི་ནང་དུ་ཁ་གཏད་ཀྱི་ལག་མགོ་གཅིག་ཡིན་རུང་ཇེ་མང་དུ་མི་འགྲོ་རྒྱུའི་ཆེད། ཆོལ་ཁ་གཞན་པའི་འཐུས་མི་ཚོ་ས་སྐྱའི་སྤྱི་འཐུས་ཀྱི་ཁོག་ཏུ་འཛུལ་ནས་འགོག་རྐྱེན་བཟོ་གི་ཡོད་པས། ཆབ་སྲིད་ཀྱི་གཡོ་རྒྱུའི་ཁྲོད་ནས་ཇོ་ནང་པ་ཚོའི་རེ་བར་གྲུབ་འབྲས་མ་བྱུང་བ་རེད་ཟེར།

ཡང་ལ་ལས་ས་སྐྱ་པའི་མངའ་ཐང་རྒྱ་བསྐྱེད་བྱེད་ཆེད་ཇོ་ནང་ཚུར་བསྡུ་མ་ཐུབ་རུང་ཕར་གློད་ཐུབ་ཀྱི་མེད་པས་ས་སྐྱའི་བླ་མ་ཁ་ཅིག་ས་སྐྱའི་སྤྱི་འཐུས་ཀྱིས་ཁོག་ཏུ་འཛུལ་བ་རེད་ཟེར། ང་ལ་མཚོན་ན་སྐད་ཆ་ཕྱི་མ་འདིར་ཡིད་ཆེས་མེད་རུང་སྐད་ཆ་དང་པོ་ལ་ཡིད་ཆེས་ཆེ་ཙམ་བྱས་པ་ཡིན། དེ་རྗེས་ཡུན་རིང་པོར་ཞིབ་འཇུག་ཚོགས་ཆུང་བཙུགས་ཁུལ་བྱས་པ་དང༌། ཆོས་ལུགས་ཚོགས་ཆེན་སོགས་ཀྱི་སྟེང་དུ་ཁ་འཕངས་ནས། བོད་རྒྱ་ཞི་མོལ་ལ་རྒྱ་ནག་གིས་ནར་འགྱང་བྱེད་པ་བཞིན་ནར་འགྱང་གང་ཐུབ་བྱས་ཏེ་འཛིན་ས་ཅི་ཡང་མེད་པ་ཞིག་ཆགས་སོང༌། ༢༠༠༧ ལོའི་ལོ་མགོར་ཁོ་བོ་ཨ་རིར་ཕྱིན་རྗེས། ཨན་ཨར་བྷོར་(Ann Arbor)ཀྱི་གྱི་གྲོང་གསེབ་ཁུག་ཀྱོག་ཤིག་ཏུ་ཡིག་ཆ་རྣམས་བསྒུགས་ནས་ཡུན་རིང་འགོར་བའི་བར་དེའི་སྐོར་གྱི་གསར་འགྱུར་གང་ཡང་མ་གོ་མོད། དེ་རིང་སྟབས་ལྟས་དབང་ཞིག་གིས་མ་རས་ལན་ཌིར་(Maryland)གྲོགས་པོ་ཞིག་གི་ཁྱིམ་ནས་ཁྱེད་ཀྱིས་བྲིས་པའི་ཇོ་ནང་མུན་སེལ་ཉི་མ་ཟེར་བ་དེ་མཐོང་བྱུང༌། ཨོ་ཧོ་ཧོ། འདི་ནི་ཅི་འདྲའི་སྟབས་ལེགས་པ་ཞིག་རེད། ངས་སྔ་མོ་ནས་ཇོ་ནང་ས་སྐྱའི་ཁོངས་མིན་པ་རང་གཞན་ཐམས་ཅད་ཀྱིས་གསལ་བོར་ཤེས་ཀྱི་ཡོད་ན་ཡང༌། ས་སྐྱའི་སྤྱི་འཐུས་ཀྱིས་རྒྱུ་མཚན་ཅི་ཞིག་བགྲང་ནས་ཇོ་ནང་ས་སྐྱའི་ཁོངས་རེད་གསུང་གི་ཡོད་ན་བསམ་མྱོང༌། དེས་ན་ཁྱེད་ཀྱི་ཆེད་རྩོམ་འདི་ཁྱེད་ཀྱི་རྒྱུ་མཚན་མཐར་ཐུག་ཡིན་པས། ད་ངས་ཁྱེད་ཀྱིས་ཅི་ཞིག་གསུངས་གིན་ཡོད་གཞི་ནས་གསལ་བོར་ཤེས་སོང་བར་མ་ཟད། བློ་གཟུ་བོའི་སྒོ་ནས་བསམ་བློ་བཏང་རུང་ཁྱེད་ཀྱི་རྒྱུ་མཚན་རྣམས་ནི་སྣ་འཐེན་ནས་ཁ་ནང་དུ་ཡོང་ཨེ་ཐུབ་ལྟ་བ་ཙམ་མ་གཏོགས་རྒྱུ་མཚན་ཡང་དག་ཅིག་ཏུ་མ་མཐོང་བའི་ཁར། ངའི་བློ་སྐྱོན་མིན་ན་ཁྱེད་ཀྱི་བཞེངས་ཕྱོགས་ལ་མཇུག་འབྲས་ངན་པ་ཞིག་ཡོང་བ་འདྲ་བས། ཁོ་བོ་ཕྱེད་རྙིང་མ་དང་ཕྱེད་ཇོ་ནང་པ་ཡིན་པའི་འབངས་མི་སེར་དཀྱུས་མ་ཞིག་གིས། དེ་རིང་ཁྱེད་ལ་ལུགས་མཐུན་གྱི་གུས་ཚུལ་སྔོན་དུ་བཏང་ནས་གཏམ་ལན་མདོར་བསྡུས་ཤིག་མི་ཞུ་ཐབས་མེད་བྱུང་ལགས། དེས་ན་ཁྱེད་ཀྱིས། འོ། ཡང་མི་ཞིག་གིས་རྙོག་དྲ་ལབ་བཞག་ཅེས་ཐོག་མ་ཉིད་ནས་སྤྱན་ཤེས་ནག་པོ་མི་མནབས་པར་ངའི་ཡིག་ཆུང་འདི་ལ་ཐུགས་དཔྱད་ཞིབ་ཏུ་གནང་རོགས་ཞུ་རྒྱུ་དང༌། ཞར་ལ་ཁྱེད་ཀྱིས་ལྗགས་རྩོམ་འདི་བྲིས་ནས་ལོ་གཅིག་འགོར་བའི་རྗེས་སུ་དེ་རིང་ཁོ་བོ་གཞི་ནས་གཉིད་སད་པ་ལྟ་བུ་ཞིག་བྱུང་སོང་མོད། དེ་ནི་ཡུལ་དུས་ཀྱི་དབང་གིས་ཡིན་པས་དགོངས་པ་མ་ཚོམས་རོགས་ཞེས་ཞུ་རྒྱུ་ཡིན།

ད་ནི་ཚིག་འཁྲི་དང་ཡིག་སྐྱོན་འདོན་པ་སོགས་བྱིས་པའི་ལད་མོ་རྣམས་བསྐྱུར་ཏེ་དོན་གྱི་སྙིང་པོ་མདོ་ཙམ་བརྗོད་ན། ཁྱེད་ཀྱིས་ཐོག་མར་ཆོས་ལུགས་ཀྱི་འཐེན་ཁྱེར་དང༌། རང་འདོད་ཀྱི་སྨྱོ་ཧམ་སོགས་ནི་འཕེལ་རྒྱས་ཀྱི་འཆིང་ཐག་དང༌། རང་གཞུང་ལ་དཀའ་ངལ་སྣོན་མ་རུ་འགྱུར་ཚུལ་ཀྱི་བཀའ་སློབ་རིང་པོ་ཞིག་གནང་འདུག་པ་དེར། ཐོག་མར་བཀའ་སློབ་གནང་མཁན་རང་ཉིད་ནས་དབུ་བཙུགས་ཏེ་དེ་ལྟར་ཉམས་བཞེས་གནང་རོགས་ཞུ་རྒྱུ་ལས་གཞན་མེད་རུང༌།
བཀའ་སློབ་དེའི་འོག་ཏུ་ཇོ་ནང་ས་སྐྱ་ཡིན་མིན་དེ་རྒྱལ་རབས་དང་ཆོས་འབྱུང༌། ཁྱད་པར་རྒྱལ་བ་ཇོ་ནང་པའི་སྔོན་བྱོན་དམ་པ་རྣམས་ཀྱི་རྣམ་ཐར་ལས་ཤེས་དགོས་པ་ཞིག་དང༌། ཤེས་རྒྱུ་ཡོད་པ་ཞིག་ལས་སོགས་ཟེར་བ་ནི།  ཁྱེད་ཀྱིས་འདི་ལྟར་སྦོམ་བཤད་འདྲ་བོ་ཞིག་བྱས་ན་ཇོ་ནང་པ་ཚོའི་ལག་ཏུ་ཆོས་འབྱུང་ལོ་རྒྱུས་གཅིག་ཀྱང་ཡོད་རྒྱུ་མ་རེད་དགོངས་པ་ཡིན་ནམ། ཡང་ན་ཇོ་ནང་པ་ཚོའི་ནང་དུ་ཆོས་འབྱུང་ལོ་རྒྱུས་ལ་བལྟ་ཤེས་མཁན་གཅིག་ཀྱང་ཡོད་རྒྱུ་མ་རེད་དགོངས་པ་ཡིན། རྒྱལ་རབས་ཀྱི་ནང་དུ་ཇོ་ནང་ས་སྐྱ་ཡིན་མིན་གྱི་གདར་ཤ་བཅད་ཡོད་པ་ཞིག་ཁྱེད་འདྲ་མ་གཏོགས་མི་མང་པོས་མཐོང་ཡོད་མེད་མི་ཤེས་ཏེ། བོད་གངས་ཅན་གྱི་ཆོས་འབྱུང་ཕལ་མོ་ཆེའི་ནང་དུ་ཇོ་ནང་ས་སྐྱ་ལས་ལོགས་སུ་ཕྱེས་ཡོད་པ་འདི་གསལ་བོར་མཐོང་ནས། ཇོ་ནང་པ་ཚོས་བདེན་པའི་གནས་ལུགས་བགྲངས་པ་ཡིན་པས། ཁྱེད་ཀྱིས་ཁྱི་ཕར་ཟུག་མེད་ས་ནས། གླ་བ་ཚུར་ངེར་མི་དགོས་ངེས་ཅན་ཡིན།

མཁས་པའི་དབང་པོ་ཀུན་མཁྱེན་གོ་རམས་པའི་གསུང་གི་ནང་དུ་ཇོ་ནང་ས་སྐྱ་ལས་ལོགས་སུ་བཀར་ཏེ་གསུང་ཡོད་ན་ལུང་ཚིག་མ་བཅོས་པར་ཁུར་ཤོག་ཅེས་ཟེར་བར། ཨ་ཡ་མཚན། གོ་རམས་པའི་ལྟ་བའི་ཤན་འབྱེད་ཐེག་མཆོག་གནད་ཀྱི་ཟླ་ཟེར་དུ། རྟག་མཐའ་ལ་དབུ་མར་སྨྲ་བ་དང༌། ཆད་མཐའ་ལ་དབུ་མར་སྨྲ་བ། མཐའ་བྲལ་ལ་དབུ་མར་སྨྲ་བ་ཞེས་ཇོ་ནང་དང་དགེ་ལུགས་ས་སྐྱའི་རིང་ལུགས་ལས་ལོགས་སུ་བཀར་ཏེ་དངོས་སུ་སྔ་རྒོལ་མཛད་ཡོད་པ་འདི་ཁྱེད་ས་སྐྱའི་དགེ་བཤེས་བགྲེས་ཤོག་ཅིག་གིས་ད་བར་མ་གཟིགས་པ་ག་ལ་སྲིད།

མཁས་པས་བཞེད་ཚུལ་མི་འདྲ་བ་ཙམ་གྱིས་ཆོས་ལུགས་ལོགས་སུ་བཀར་དུ་ཡོད་ན་ད་དུང་བོད་གངས་ཅན་གྱི་ལྗོངས་སུ་ཆོས་ལུགས་མང་པོ་ཞིག་ཕྱེ་རྒྱུ་ལྷག་འདུག་པས་སོགས་ཟེར་བར། མཁས་པས་བཞེད་ཚུལ་མི་འདྲ་བས་ཆོས་ལུགས་ལོགས་སུ་བཀར་བ་མིན་ན། འོ་ན་ཤ་མདོག་དང་རིགས་རྒྱུད་སོགས་ཀྱི་སྟེང་ནས་ཆོས་ལུགས་ལོགས་སུ་བཀར་དགོས་པ་ཡིན་ནམ། རྗེ་བཙུན་ཙོང་ཁ་པ་ཆེན་པོ་ཐོག་མར་ས་སྐྱའི་སློབ་བརྒྱུད་ཡིན་ཡང༌། རྗེས་སུ་དགེ་ལུགས་པའི་གྲུབ་མཐའ་ཟུར་དུ་གྱེས་པ་དེ་བཞེད་ཚུལ་མི་མཐུན་པའི་དབང་གིས་གྱེས་པ་མིན་ན་རྒྱག་རེས་བརྒྱབ་ནས་གྱེས་པ་ཨེ་རེད། ད་དུང་སྔར་བོད་ལ་བསྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་དུ་གྲགས་པ་བྱུང་བ་ལས། འགའ་ཞིག་ལ་ད་ལྟའི་ཆར་གདམས་ངག་གི་རྒྱུན་མ་ཆད་ཙམ་རེ་ལས་ཆེར་མེད་མོད། ཇོ་ནང་པ་ལ་མཚོན་ལ་མགོ་ལོག་དང་རྔ་བ་ཚ་ཁོ་གསུམ་གྱི་ས་ཆ་ཁོ་ན་ལ་ཡང་ཇོ་ནང་གི་རིང་ལུགས་གཙང་མར་འཛིན་པའི་དགོན་སྡེ་བདུན་ཅུ་དོན་གཉིས་ཙམ་བཞུགས་ཤིང༌། བོད་གངས་ཅན་གྱི་ལྗོངས་ན་ས་དགེ་བཀའ་རྙིང་བཞིའི་འཕྲོར་ཇོ་ནང་ལྟ་བུའི་ཆོས་བརྒྱུད་ཆེན་པོ་གཅིག་ཀྱང་མེད་པས་ཆོས་བརྒྱུད་ཆེན་པོའི་ཐོབ་ཐང་བརྩད་བཞིན་པ་ལས། ཇོ་ནང་པ་ལ་ཡང་རི་ཁྲོད་རེ་ཟུང་དང་བཙུན་དགོན་རེ་ཟུང་ལས་མེད་པ་ཞིག་ཡིན་ན་ཆོས་བརྒྱུད་ཆེན་པོའི་ཐོབ་ཐང་ག་ལ་རྩོད། གལ་ཏེ་ད་དུང་ཇོ་ནང་དང་མཉམ་པའི་ཆོས་བརྒྱུད་ཆེན་པོ་གཞན་ཞིག་ཡོད་ན་དེ་དག་ལ་ཡང་ཆོས་བརྒྱུད་ཆེན་པོའི་ཐོབ་ཐང་སྤྲད་རུང་མི་ཆོག་རྒྱུ་ཅི་ཡང་མེད། བོད་ལ་ཆོས་བརྒྱུད་ཆེན་པོ་བཞི་ལས་མང་མི་ཆོག་པའི་ཁྲིམས་སུ་ཞིག་གིས་ཀྱང་བཞག་མེད་ལ། མ་འོངས་པར་ཡང་འཇོག་མི་སྲིད་སྙམ།

དེས་ན་ད་ལྟའི་ཆར་གྲུབ་མཐའ་ཉི་ཚེ་བ་རྣམས་དང་མི་འདྲ་བར་རྒྱལ་བ་ཇོ་ནང་པ་འདི་ལ་ཆོས་བརྒྱུད་ཆེན་པོའི་ཐོབ་ཐང་སྤྲོད་རྒྱུའི་རྒྱུ་ཚོགས་ཚང་བ་གོང་སྨྲོས་ལྟར་གྱི་ཐོག གཞེས་བྱེས་ཇོ་ནང་པ་ཡོངས་ཀྱིས་རང་གཞུང་ལ་གུས་བརྩི་ཚད་མེད་ཀྱིས་ཆོས་བརྒྱུད་ཆེན་པོའི་ཐོབ་ཐང་ཞུ་བཞིན་པ་དང༌། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་ཞེས་ཡང་ཡང་གསུངས་བཞིན་པའི་སྐབས་འདིར། ཇོ་ནང་པ་ལ་ཆོས་བརྒྱུད་ཆེན་པོའི་ཐོབ་ཐང་སྤྲད་ན་དགེ་མཚན་ཆེ་ཞིང་རྙོག་གླེང་མེད་པ་ཡིན་མོད། རྙོག་དྲ་ཐམས་ཅད་གླེང་གིན་གླེང་གིན་ཆེ་རུ་འགྲོ་བ་སྐུ་ཉིད་ཀྱིས་མཁྱེན་གསལ་ལྟར་ཡིན་པས། ད་རང་གཞུང་དང་རང་རིགས་མི་མང་ཁྲི་ཕྲག་དུ་མའི་བར་དུ་རྙོག་དྲ་གསར་བ་ཞིག་གི་སྒོ་མི་ཕྱེ་ཆེད་སྐུ་ངོ་མཆོག་གིས་ཐུགས་བསམ་ཅུང་བཞེས་ན་མི་དགའ་འམ།  ཇོ་ནང་ས་སྐྱའི་ཁོངས་ཡིན་མིན་ལ་ཁྱེད་ལས་ཇོ་ནང་པ་རྣམས་ལ་རྒྱུ་མཚན་མང་ཞིང༌། གཞེས་བྱེས་ཇོ་ནང་པ་ཡོངས་ཀྱི་སེམས་གཏིང་ནས་རང་ཉིད་ས་སྐྱ་པ་ཞིག་ཡིན་པར་ཁས་ལེན་གྱི་མེད་པས། ཁྱེད་ཀྱིས་ཨུ་ཚུགས་ཅི་ལྟར་གནང་ཡང་དེ་ལྟར་རང་གཞུང་དང་མི་མང་གི་བར་ལ་རྙོག་དྲ་ཆེ་རུ་འགྲོ་བ་མ་གཏོགས་ཇོ་ནང་པ་ཚོས་ཁས་མི་ལེན་པ་སྨྲོས་མེད་རེད།

མཆོག་ཉིད་ས་སྐྱའི་བསྟན་པ་ལ་ཞེན་ཁོག་ཡོད་པ་ནི་ཕ་རྗེས་བུ་འཇུག་ཡ་རབས་ཀྱི་ལུགས་སྲོལ་ཡིན་པས་བསྔགས་པར་འོས་པ་ཡིན་མོད། དཔལ་ལྡན་ས་སྐྱའི་བསྟན་པ་ནི་དེང་སང་འཛམ་བུ་གླིང་ན་ཉི་མ་ཤར་བ་བཞིན་དར་གྱི་ཡོད་པར་མ་ཟད།  ཚད་མ་ས་དང༌། འདུལ་བ་མཚོ། མངོན་པ་མཆིམས། དབུ་མ་རེད། ཕར་ཕྱིན་གཡག་ལ་ཐུག་པའི་བཤད་སྲོལ་ལྟར། བོད་ཁ་བ་ཅན་གྱི་རྒྱལ་བསྟན་ཡོངས་རྫོགས་ལ་དཔལ་ལྡན་ས་སྐྱའི་ཕྲིན་ལས་ཀྱིས་ཁྱབ་ཀྱི་ཡོད་པ་དེས་ཆོག་གི། ད་དུང་ཇོ་ནང་པ་རྣམས་ཀྱི་སྐེ་མདོ་ནས་བཙིར་དགོས་པའི་རྒྱུ་མཚན་ཨེ་འདུག་ལེགས་པར་སོམས་ཤིག

ཀུན་མཁྱེན་དོལ་པོ་བས་རྒྱ་ཡུལ་བ་དཀོན་མཆོག་རྒྱལ་མཚན་ལ་གནང་བའི་ཞལ་གདམས་ནང་གི་ཚིག་ཅིག་དུམ་བུར་བཅད་དེ། ཁྱད་པར་དུ་ཟབ་ལམ་གྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པ་དེ་ལྷག་པར་ཡང་ཐུགས་ལ་བཏགས་ཤིང༌། དགོན་པ་མ་བུ་ན་བཞུགས་པ་རྣམས་ཀྱི་གཙོ་བྱས་པ་རང་རེའི་ཆོས་བརྒྱུད་གཅིག་པ་ཐམས་ཅད་ལ་དགའ་ཚོར་ཆེན་པོ་དཔག་ཏུ་མེད་པ་མཆིས་ལགས། ཞེས་པ་འདིས་ཇོ་ནང་ས་སྐྱའི་ཁོངས་ཡིན་པར་བསྒྲུབ་འདུག་མོད། དེ་ནས་མར་ད་དུང་ཡིག་ཕྲེང་གཅིག་ཀློག་དང༌། དེའི་ཐད་ནས་བླ་མ་དམ་པ་རྣམས་ཀྱི་ཆོས་ཀྱི་དམ་ཚིག་ཟབ་མོ་ལ་དགོངས་ནས་གདན་ས་ཆེན་པོ་དཔལ་ལྡན་སྐྱའི་གཙོ་མཛད། འབྲེལ་ཡོད་ཀྱི་དགོན་སྡེ་རྣམས་སུ་དབུལ་སྐྱེལ་གྱི་གནང་སྦྱིན་ཕུན་སུམ་ཚོགས་པ་དང༌། ཁྱད་པར་རང་རེའི་དགོན་པ་མ་བུར་ཤིན་ཏུ་ཁྱད་པར་འཕགས་པའི་གནང་སྦྱིན་ཕུན་སུམ་ཚོགས་པས་བསམ་གཏན་པ་རྣམས་ཀྱི་སེམས་ཚིམ་པར་མཛད་དེ། ཞེས་སོགས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་སོགས་ནི་བླ་མ་རྣམས་ཀྱི་དམ་ཚིག་ལ་དགོངས་པའི་འབྲེལ་ཡོད་ཀྱི་དགོན་སྡེ་དང༌། ཇོ་ནང་རང་གི་གདན་ས་རྣམས་ལ་ཁྱད་པར་རང་རེའི་དགོན་པ་མ་བུ་ཞེས་ལོགས་སུ་གསལ་བོར་ཕྱེས་འདུག་པ་འདི་ཡིན་པས། གོང་གི་རང་རེའི་ཆོས་བརྒྱུད་གཅིག་པ་ཟེར་བ་འདི་ས་སྐྱ་ལ་ཟེར་བ་མིན་པ་སུས་ཀྱང་ལོས་ཤེས། སྔོན་ཞྭ་རྒབ་པས་སྲིད་དོན་རྒྱལ་རབས་འབྲི་སྐབས། ལུང་ཕྱེད་ཀ་ཕྱེད་ཀ་རྐྱང་རྐྱང་དྲངས་ཤིང༌། སྐབས་རེར་གནད་འགག་གི་ཐོག་ནས་བཟོ་བཅོས་ཕྲན་བུ་རེ་བྱས་འདུག་པ་བོད་ལ་ལྷག་བསམ་གྱིས་ཡིན་སྲིད་མོད། རྗེས་སུ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་ཀྱིས་ལུང་དེ་དག་ཡོངས་རྫོགས་དྲངས་པ་དང༌། བཟོ་བཅོས་བྱས་པ་རྣམས་མ་ཕྱི་དངོས་ཀྱི་ཐོག་ནས་ཐེར་འདོན་ཇི་ལྟར་བྱས་ཡོད་པ་ཁྱེད་ཀྱིས་གཟིགས་ཨེ་མྱོང༌།

ད་དུང་འཕྲིན་ཡིག་དེ་ཆ་ཚང་བར་ཀློག་དང༌། དོལ་པོ་ཡབ་སྲས་ཀྱི་ཆོས་སྐད་དུ་ཟབ་ལམ་གྱི་བསྟན་པ་ཟེར་དུས་སྦྱོར་དྲུག་ལ་གོ་ཞིང༌། ཆོས་རྗེ་ཡབ་སྲས་ཟེར་དུས་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཡབ་སྲས་ལ་གོ་བ་དང༌། དོན་དམ་ངེས་དོན་དཀོན་མཆོག་གསུམ་བསྒྲུབས་ནས།། ཞེས་དང༌། བདེ་གཤེགས་སྙིང་པོ་འགྲོ་ལ་གསལ་བར་མཛད།། ཅེས་པ་ནི་འཁོར་ལོ་ཐ་མ་སྙིང་པོ་བསྟན་པའི་མདོའི་དགོངས་དོན་རྣམས་དོན་དམ་གཞན་སྟོང་ལྟར་དུ་སྟོན་པ་ཞིག་ལ་གོ་དགོས་པ་ཡོངས་གྲགས་ཡིན་པ་ལྟར་ན། དཀོན་མཆོག་རྒྱལ་མཚན་ཞུ་བ་དེ་སྦྱོར་དྲུག་པ་ཞིག་དང༌། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཡབ་སྲས་ཀྱི་སློབ་བརྒྱུད། འཁོར་ལོ་ཐ་མ་གཞན་སྟོང་ལྟར་དུ་བཞེད་པ་ཞིག་ཡིན་འདུག་པ་འདྲ་བར་མ་ཟད། འཕྲིན་ཡིག་རང་གི་དབུར་རྒྱ་ཡུལ་བ་དཀོན་མཆོག་རྒྱལ་མཚན་ལ་གདམས་པ་ཞེས་བྲིས་འདུག་པས། དཀོན་མཆོག་རྒྱལ་མཚན་དེ་ས་སྐྱའི་ཏི་ཤྲཱི་དཀོན་མཆོག་རྒྱལ་མཚན་ཡིན་པའི་སྒྲུབ་བྱེད་ཅི་ཞིག་ཡོད། གལ་ཏེ་ཡོད་ན་ཡང་གོང་གི་ལུང་དེས་གྲོད་པུ་དང་གྲོད་ཤུན་ལོགས་སུ་གསལ་བོར་ཕྱེས་འདུག་པས་ད་ཁྱེད་ཀྱིས་འཕྲིན་ཡིག་དེ་ལ་བཟོ་བཅོས་རྒྱག་ཧ་ཅང་དཀའ།

ཏཱ་ར་ན་ཐཱས་ཁོང་ལ་ས་སྐྱ་་པའི་ཕོ་རུས་ཡོད་པ་དང༌། ས་ལུགས་ཀྱི་བསྟན་པ་ལ་གང་ཕན་བྱས་ཚུལ་སོགས་གསུངས་ཡོད་པ་བདེན་མོད། དེ་ནི་སྐྱེས་བུ་དམ་པའི་མི་ཐབས་རང་ཡིན་པ་ལས། དོན་ལ་ང་ཏཱ་ར་ན་ཐཱས་སྐྲ་སྦར་གང་ནི་སྟག་ལུང་ཐང་པ་ལ་བཅད། ཆོས་ནི་ཕྱོགས་མེད་དུ་ཞུས། སེམས་ངོ་ནི་རྟོགས་ལྡན་ལྷ་དབང་གྲགས་པས་སྤྲད། ཞེས་སོགས་ནས། ལྟ་བ་ནི་དོལ་པོ་པའི་ལུགས་སྐྱོང༌། ཆོས་སྐད་ནི་རྒྱ་གར་གྲུབ་ཐོབ་ཀྱི་རྗེས་སུ་འབྲང༌། ཆོས་ལུགས་སུ་ཡིན་དང༌། སུའི་གྲྭ་བ་ཡིན་ད་ཤེས་པར་འདའ་འམ་ཞེས་དགོངས་པའི་བབས་སོ་མཐར་ཐུག་དོལ་པོ་པའི་ལུགས་ཡིན་པ་གསར་པོར་གསུངས་པའི་ཕྱིར་རོ།། ད་དུང་དེ་བས་ཀྱང་གལ་ཆེ་བ་ཞིག་ལ། ཏཱ་ར་ན་ཐཱའི་དབུ་མའི་སྙིང་པོ་སོགས་ཐུགས་ཀྱི་བཅུད་ཕྱུང་བའི་མན་ངག་གི་བསྟན་བཅོས་རྣམས་ལ་གཟིགས་དང༌། དཔེ་ཆ་ཅུང་ཤེས་མཁན་ཞིག་ཡིན་ཕྱིན་ཆད་ཕྲུ་གུ་ཆུང་ཆུང་ཞིག་ཡིན་རུང༌། འོ། འདི་ས་སྐྱ་པའི་གྲུབ་མཐའ་འཛིན་མཁན་ཞིག་མ་རེད་ཅེས་ལས་སླ་བོར་ཐག་གཅོད་ཐུབ་ངེས་ཡིན།

གལ་སྲིད་ཇོ་ནང་ས་སྐྱ་ལས་ཆོས་བརྒྱུད་ལོགས་སུ་ཡོད་ན་ཁུངས་སྐྱེལ་གྱི་ཡིག་ཆ་ཚད་ལྡན་ཞིག་གཞུང་སྒེར་གཉིས་ལ་སྤྱན་འདྲེན་ཞུས་ན། གནས་ལུགས་ལ་བསྙོན་མེད་ཀྱི་ཐག་གཅོད་ཅིག་དགོས་རྒྱུ་རེད་བསམ་པ་ལས་སོགས་ཟེར་བར། ཨ་ཙི་དཀོན་མཆོག་མཁྱེན། མཚམས་འདི་ནས་ངའི་མིག་འཁྲུལ་བ་ཡིན་ནམ་ཡང་ན་ཁྱེད་ཀྱིས་ཕྱག་ནོར་བ་ཡིན། འདི་ཅི་བས་ཀྱང་ཡ་མཚན་ཆེ་བ་ཞིག་སྟེ། ལོ་ཤས་ཀྱི་སྔོན་རྙིང་མ་དང༌། བཀའ་བརྒྱུད། དགེ་ལུགས། བོན་པོ་རྣམས་ཀྱི་ཆོས་འབྱུང་མཁན་པོ་ཆེ་དགུ་ཀུན་གྱིས་མཛད་པའི་ཆོས་འབྱུང་ཆེ་ཁག་ཀུན་ཏུ། ཇོ་ནང་ས་སྐྱ་ལས་ལོགས་སུ་ཕྱེས་ཡོད་པ་རྣམས་ཕྱོགས་བསྡུས་ཞུས་ནས་རང་གཞུང་ལ་ཕུལ་འདུག་པར་མ་ཟད། འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་ས་སྐྱའི་ཕྱོགས་ཀྱི་མཁས་གྲུབ་ཆེ་གྲས་དུ་མས། རྙིང་མ་ས་སྐྱ་སོགས་གྱི་གྲུབ་མཐའ་ཡན་ལག་དང་བཅས་པའི་བྱུང་བ་བརྗོད་པའི་རྗེས་སུ། ད་ནི་དེ་དག་ཏུ་མ་འདུས་པའི་གྲུབ་མཐའ་གཞན་པ་ཇོ་ནང་དང་ཞེས་སོགས་ཧ་ཅང་ཁ་གསལ་གྱིས་གསུངས་ཡོད་པ་རྣམས་ཀྱང་ཕུལ་ཡོད་འདུག་ཀྱང༌། ཁྱེད་ལ་མི་སུ་གཅིག་གིས་ཀྱང་ཡིག་ཆ་དེ་ཚོ་བསྟན་མ་སོང་ངམ། ཁྱེད་ཀྱིས་ད་བར་བོད་ཀྱི་ཆོས་འབྱུང་ཆེ་ཁག་གི་རིགས་ལ་གཏན་ནས་གཟིགས་མ་མྱོང་ངམ། ཚད་ལྡན་གྱི་ཡིག་ཆ་མང་པོ་དེ་འདྲ་ཞིག་གི་ནང་དུ་རྩོད་པ་མི་དགོས་པའི་ཁ་གསལ་པོ་དེ་ཙམ་ཡོད་རུང༌། ཡང་ན་ཁྱེད་ཀྱིས་བཛྲ་ས་ཏྭ་ཧཱུྃ། ད་དེའི་ཐད་ནས་ངས་བོད་ཀྱི་མཁས་གྲུབ་སུ་གཅིག་ཀྱང་ཁས་ལེན་ན་དཀོན་མཆོག་གསུམ་ཞེས་གསུང་རྒྱུ་ཨེ་ཡིན།
ད་དུང་ས་སྐྱ་རང་ཉིད་ཀྱང་འཁོན་དཀོན་མཆོག་རྒྱལ་པོ་ཡན་ཆད་དུ་སྔགས་རྙིང་མ་ཡིན་པ་དང༌། འཁོན་དཀོན་མཆོག་རྒྱལ་པོའི་སྐུ་རིང་ལ་གྲུབ་མཐའ་ཟུར་དུ་གྱེས་ཚུལ་གངས་རིའི་ལྗོངས་ཀྱི་ཆོས་འབྱུང་མཁན་པོ་རྣམས་ཞལ་གཅིག་གྲག་ཡིན་པས། ས་སྐྱ་རྙིང་མ་ལས་ལོགས་སུ་གྱེས་ཆོག་ན་ཇོ་ནང་ས་སྐྱ་ལས་ལོགས་སུ་གྱེས་མི་ཆོག་པའི་རྒྱུ་མཚན་ཅི་ཞིག་ཡོད། ཇོ་ནང་པ་ལ་ཡང་གྲུབ་མཐའི་སྲོལ་འབྱེད་དང༌། ལྟ་གྲུབ་ཐུན་མོངས་མ་ཡིན་པའི་ཡིག་ཆ། ཆོས་བརྒྱུད་ཐུན་མོང་མ་ཡིན་པ་འཛིན་སྐྱོང་གནང་བའི་གདན་ས་སོགས་ས་སྐྱ་པ་ལ་གང་ཡོད་ཇོ་ནང་ལ་ཡང་ཡོད་པ་ཡིན།

གཞན་ཁྱེད་ཀྱིས་ཨ་རི་འབྱོར་ལྡན་གྱི་ཞིང་ནས་རྒྱ་ནག་རྒྱལ་ཁབ་རྒྱབ་ལ་ཁུར་ནས་འཇིགས་སྐུལ་ཀྱི་སྐད་ཆ་བཤད་པ་ཞེས། མཁན་པོ་ངག་དབང་རྡོ་རྗེར་གང་ཟག་ལ་སྐུར་འདེབས་ཞུས་པ་ནི་ཆེས་མི་འོས་པ་ཞིག་སྟེ། ཁོང་ནི་རང་རེའི་ན་གཞོན་ཚོའི་ཁྲོད་དུ་བོད་ཀྱི་ཆོས་དང་རིག་གཞུང་གི་གཏིང་ཟབ་སར་མཁྱེན་ཡོན་ཆེན་པོ་ཡོད་མཁན་ཞིག་དང༌། བོད་ལ་ཤ་ཞེན་ཚད་མེད་ཡོད་མཁན་ཞིག་ཡིན་ཞིང༌། བོད་མི་མང་པོ་ཞིག་ནུབ་ཕྱོགས་སུ་སླེབས་རྗེས་སྒྲོ་ལར་ལ་མགོ་འཁོར་ནས་བོད་དོན་འཐབ་རྩོད་ཀྱི་གོ་སྐབས་ཆེན་པོ་ལེན་ཐུབ་ཀྱི་མེད་རུང༌། ཁོང་ནི་ཨ་རིར་སླེབས་རྗེས་ཀྱང་བོད་དོན་ཀྱི་ཞི་བའི་གོམས་བགྲོད་རྒྱང་རིང་གནང་བ་དང༌། སྲིད་དོན་ཀྱི་ལས་འགུལ་གལ་གང་ཆེ་ལ་ག་དུས་ཡིན་ཀྱང་ཐོག་མར་སླེབས་མཁན་ཞིག་ཡིན་ཞིང༌། ད་ལྟའི་ཁོང་གི་བཞུགས་ཡུལ་བིར་ཇི་ནི་ཡ་(Virginia)ནས་ཝ་ཤིན་ཏྲོན་(Washington)བར་དུ་མོ་ཊས་ཆུ་ཚོད་གསུམ་ལྷག་དགོས་ན་ཡང༌།  འདི་ལོར་བོད་ནང་དུ་དམར་གསོད་བྱུང་བའི་རྗེས་ནས་ཨོ་ལིམ་ཕིཀ་མཇུག་མ་རྫོགས་བར་དུུ། ཝ་ཤིན་ཏྲོན་གྱི་རྒྱ་མིའི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ལ་ཕེབས་རྒྱུར་ཧ་ལམ་ཉིན་གཅིག་ཙམ་ཡང་ཆད་མྱོང་མེད། ཉིན་རེའི་ཆུ་ཚོད་བདུན་བརྒྱད་ཀྱི་འགྲིམ་འགྲུལ་དེ་ལས་སླ་བོ་ཞིག་མིན་པར་མ་ཟད། འགྲོ་གྲོན་ཆ་ཚང་སྐུ་སྒེར་གྱིས་གཏོང་བཞིན་བོད་དོན་འཐབ་རྩོད་མུ་མཐུད་གནང་བཞིན་པ་དེས་ས་གནས་བོད་པ་ཚོས་ཁོང་ལ་མིག་དཔེ་བལྟ་གི་ཡོད་པ་དང༌། ལེ་ལོ་ཅན་ཚོ་ལ་ཡང་སྐུལ་ལྕག་ཐེབས་ཀྱི་ཡོད་པ་རེད།  ང་ཚོ་བོད་ཀྱི་བླ་སྤྲུལ་མཁན་གསུམ་ཚོའི་ནང་དུ་སྐུ་ཕྲེང་མང་པོར་བོད་མིའི་ཤི་གསོན་གྱི་དཀོར་ལ་ལོངས་སྤྱོད་པ་ཙམ་ལས། སྐྱབས་མགོན་རིན་པོ་ཆེའི་རྒྱབ་ཏུ་ལངས་ནས་བོད་དོན་འཐབ་རྩོད་གནང་མཁན་ཅི་ཡོད་ཁྱེད་ཀྱིས་ལོས་མཁྱེན། དེས་ན་བོད་ཞེན་ཅན་གྱི་མཁན་པོ་རྒྱལ་གཅེས་པ་ཞིག་ལ་རྒྱ་ནག་རྒྱབ་ཁུར་ཞེས་འབོད་པ་འདི་ནི་རང་མགོ་ཆུ་འདྲེན་གྱི་སྐད་ཆ་ཞིག་ཡིན་པར་མ་ཟད། དགའ་ལྡན་ཕོ་བྲང་གི་སྲིད་ཀྱི་སྣེ་མོ་ལ་གཏོགས་པའི་མི་ཆེན་ཞིག་གིས་དེ་བས་ཀྱང་ཁ་སྒོ་ནས་ཐོན་མི་རུང་བའི་ཚིག་གཅིག་ཡིན་པས། འགན་མི་ཁུར་བའི་སྐད་ཆ་ཟེར་བ་དེ་ལ་འདི་ལས་ལྷག་ཅིག་གང་དུ་ཡོད།

ྋསྐྱབས་མགོན་རིན་པོ་ཆེས་བོད་མི་མང་གི་ཐོབ་ཐང་བརྩད་པ་ལ་རྒྱ་མིའི་ཕྱོགས་ནས་ཁ་བྲལ་དང༌། གཅིག་གྱུར་ལ་གཏོར་བཤིག་གི་མཚན་སྨོད་བྱེད་བཞིན་པ་འདིའི་བསླབ་བྱ་ང་ཚོས་ལེན་མི་རུང་ལ། མིང་ཚིག་དེ་ཇོ་ནང་པའི་སྟེང་དུ་གཏན་ནས་བཀོལ་མི་རུང༌། གལ་ཏེ་ཇོ་ནང་གི་བླ་མ་དང་མི་དཔོན་རེ་ཟུང་སྡོད་མ་ཐུབ་པར་ཆོས་བརྒྱུད་ཀྱི་ཐོབ་ཐང་བརྩད་པ་ཞིག་ཡིན་ན། གཅིག་བྱས་ན་སྤྱི་འཐུས་ལགས་ཀྱིས་ཁ་བྲལ་དང་གཏོར་བཤིག་གི་མིང་ཚིག་འདི་དག་བེད་སྤྱོད་གནང་ན་ཡང་འགྲིག་སྲིད་མོད། ཇོ་ནང་པའི་ཆོས་བརྒྱུད་ཀྱི་ཐོབ་ཐང་རྩོད་ལེན་གནང་བཞིན་པ་འདི་ནི་གཞིས་བྱེས་ཇོ་ནང་གི་ཆོས་བརྒྱུད་འཛིན་པ་ཡོངས་ཀྱིས་རེ་བ་ཞིག་ཆགས་ཡོད་སྟབས། ཁྱེད་གཞུང་ཞབས་སྤྱི་འཐུས་ཤིག་གི་གསུང་ཚིག་ལ་གཟབ་གཟབ་མཛད་དགོས་པར་འདུག་སྙམ། སྲིད་དོན་སོགས་ཀྱི་དབང་གིས་འདིར་དགོན་པའི་མཚན་ནས་དངོས་སུ་སྨྲོས་པ་སྟབས་བདེ་མིན་མི་ཤེས་ཀྱང༌། ང་རྒྱ་གར་དུ་སྡོད་སྐབས་གངས་ལྗོངས་བོད་གཞིས་ཀྱི་ཇོ་ནང་གི་དགོན་ཆེན་མང་པོས་བཙན་བྱོལ་བོད་གཞུང་ལ་རེ་ཞུའི་ཡི་གེ་ཐེངས་མང་ཕུལ་བའི་ཡི་གེ་དངོས་དང་ངོ་བཤུས་མང་པོ་དངོས་སུ་མཐོང་མྱོང་ལ། ལོ་རེའི་དཔྱིད་ཆོས་སོགས་ཀྱི་སྐབས་སུ་བོད་ནས་ཆོས་ཞུར་སླེབས་པའི་ཇོ་ནང་གི་ཆོས་བརྒྱུད་ཀྱི་རྒན་རྒོན་མང་པོས། ད་ང་ཚོས་རེ་བ་ཞིག་ནི་ཡུན་རིང་པོ་ནས་ཞུས་ཡོད་པ་རེད། མི་ཁ་ཤས་ཀྱི་འགོག་རྐྱེན་བཟོ་བཞིན་ཡོད་ཀྱང་ཡིད་བཞིན་ནོར་བུའི་ཐུགས་རྗེ་ལ་བརྟེན་ནས་ཅིག་འགྲིག་ཡོང་གི་རེད་བསམ་གྱི་འདུག་ཅེས་ཡང་ཡང་ཟེར་བ་དངོས་སུ་ཐོས་མྱོང༌། དེས་ན་སྤྱི་འཐུས་མཆོག་ནི་མིང་ལ་ས་སྐྱའི་སྤྱི་འཐུས་ཞེས་གསོལ་ཡོད་རུང༌། དོན་ལ་ཇོ་ནང་པ་ཐེ་བའི་བོད་མི་མང་སྤྱིའི་བདེ་སྡུག་ལ་གཟིགས་མཁན་ཞིག་ཆགས་ཡོད་སྟབས་བློ་གཟུ་བོའི་སྒོ་ནས་གཞིས་བྱེས་ཇོ་ནང་པ་ཡོངས་ཀྱི་རེ་འདོད་ལ་རྒྱུས་ལོན་ཕྲན་བུ་ཞིག་གནང་རོགས་ཞུ་བ་ཡིན། གངས་ལྗོངས་བོད་གཞིས་སུ་ང་ཚོས་ལག་པ་བརྐྱངས་སྟབས་མི་བདེ་བ་མ་གཏོགས། གལ་ཏེ་སྟབས་བདེ་བོའི་ཉི་མ་ཞིག་བྱུང་ན་ཁྱེད་ཀྱི་སྤྱན་སྔར་ས་རྟགས་ཆིག་འབུམ་འབུལ་དགོས་རུང་ཉིན་ཤས་ཤིག་གི་ནང་དུ་འབུལ་ཐུབ་པ་སྨྲོས་མ་དགོས།

དེས་ན་གཞིས་བྱེས་ཇོ་ནང་པའི་ཆོས་བརྒྱུད་འཛིན་པའི་གྲྭ་བཙུན་སྔགས་གསུམ་དང་མི་སྐྱ་ཕོ་མོ་ཁྲི་ཕྲག་མང་པོའི་རེ་བའི་སེམས་ཁོངས་སུ་ཆུ་འཁྱག་བླུགས་རྒྱུ་དེ་ལས་སླ་བོ་ཞིག་གཏན་ནས་མིན་པར་མ་ཟད། ད་ལྟའི་ཆར་གཞིས་བྱེས་ཇོ་ནང་གི་ཆོས་བརྒྱུད་འཛིན་པ་ཡོངས་ཀྱིས་རང་ཉིད་ས་སྐྱ་པ་ཞིག་ཡིན་པར་བསམ་གྱི་མེད་ལ། ས་སྐྱ་པ་ཞིག་ཡིན་པར་ཁས་ཀྱང་ལེན་གྱི་མེད་པས། སྐུ་ཉིད་ཀྱིས་སྲབ་དཀྱོག་གློད་རུང་མ་གློད་རུང་ཇོ་ནང་པ་འདི་ས་སྐྱ་ལ་གཏན་ནས་དབང་གི་མེད། དེས་ན་སྤྱི་འཐུས་ལགས་ཀྱིས་འདི་ལྟར་ཨུ་ཚུགས་གནང་བཞིན་པ་དེས་ཇོ་ནང་ས་སྐྱ་ལ་དབང་བར་ཕན་ཐོག་ཡོང་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་ཆོས་བརྒྱུད་ནང་ཁུལ་དང༌། གྲོགས་མཆེད་ནང་ཁུལ་གྱི་དམ་ཚིགས་ལ་སེལ་ཞུགས་རྒྱུ་མ་གཏོགས་མེད་ཅིང༌།  གཅིག་བྱས་ན་མ་འོངས་པར་ྋགོང་ས་མཆོག་གི་ཐུགས་དགོངས་དཀྲུགས་རྒྱུའི་རྒྱུ་རུ་ཡང་འགྲོ་མི་སྲིད་པའི་ངེས་པ་གཏན་ནས་མེད།
ཨེ་ཨེ། སྐུ་ངོ་ལགས། ཁྱེད་ལེགས་ཉེས་ཤེས་པ་དང་གཞུང་མང་ལ་ཤ་ཚ་མཁན་གྱི་སྐུ་ངོ་རྣམ་དཔྱོད་ཅན་ཞིག་ཡིན་ན། ད་ཧ་ཅང་སྨྱོ་མཆོངས་མ་མཛད་ན་མི་དགའ་འམ། ྋགོང་ས་མཆོག་ལ་མཚོན་ན། ལོ་སྔོན་མའི་སྤྱི་ཟླ་བཅུ་བར་ཨ་རིའི་མངའ་སྡེ་ཨིན་ཌི་ཡ་ནར་(Indianapolis)བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོས་གནང་སྐབས་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་ཞེས་གསུངས་པ་དངོས་སུ་ཐོས་ཤིང༌། འདི་ལོའི་སྤྱི་ཟླ་བདུན་པར་ཕེན་སུ་ཝི་ནའི་ཡ་(Pennsylvania)རུ་ལམ་རིམ་ཆེན་མོའི་གསུངས་ཆོས་གནང་སྐབས་ཀྱང་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་ཞེས་གསུངས་པ་དང༌། དེ་རྗེས་མཻ་སྒྲི་སོན་ཝིས་སི་ཁོན་སིན་(Madison, Wisconsin)དུ་ཡང་གོང་བཞིན་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་ཞེས་གསུངས་པ་དངོས་སུ་ཐོས་པར་མ་ཟད། མ་འོངས་པར་ཡང་འདི་ལྟར་གསུང་ངེས་ཡིན་པ་ང་ཚོས་རྣ་བ་ཀྲོག་ཀྲོག་བྱས་ནས་ཉན་ཆོག དེས་ན་༧གོང་ས་མཆོག་ལ་སངས་རྒྱས་དངོས་མཐོང་གི་དད་པ་ཡོད་ཕྱིན། ྋགོང་ས་མཆོག་གི་གསུང་གི་ཟུར་ཙམ་ལ་ཡང་དགོས་པ་བསམ་གྱིས་མི་ཁྱབ་པ་ཡོད་པ་སྨྲོས་མེད་ཡིན་ན།  དངོས་སུ་འདི་ལྟར་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་ཞེས་ཡང་ནས་ཡང་དུ་ནན་ཏན་མཛད་ནས་གསུངས་པ་ལ་དགོས་པ་རྒྱུ་མཚན་ཅི་ཡོད་ས་སྐྱའི་སྤྱི་འཐུས་ལགས་ཀྱིས་ངེས་པར་དུ་མཁྱེན་འོས་པ་ཞིག་རེད། ྋགོང་ས་མཆོག་གིས་ཐེངས་གཅིག་ཙམ་མིན་པར་ནམ་རྒྱུན་བཀའ་འདི་ལྟར་གནང་བཞིན་པ་དེ་ཞལ་ནོར་ཤོར་བ་མིན་ལ། ཐུགས་མཉམ་མ་བཞག་པའི་གསུང་ཡང་མིན། ཁྱེད་ནི་དེང་སང་རྒྱ་མིན་བོད་མིན་གྱི་གསར་བུ་ཁ་ཅིག་རང་མོས་སྙན་ངག་རེ་འབྲི་ཤེས་དུས་ཆོས་དང་བླ་མ་ལ་ལོག་ལྟ་བྱེད་བཞིན་པ་དེ་ཚོ་དང་མི་འདྲ་བར། ནང་བའི་ཆོས་ལ་སློབ་གཉེར་རྒྱུན་རིང་པོར་གནང་ནས་དགེ་བཤེས་ཀྱི་མཚན་གནས་སུ་ཕེབས་པ་ཞིག་ཡིན་པས། བཤེས་གཉེན་བསྟེན་ཚུལ་གྱི་ཐོག་ལ་ཐུགས་རྒྱུས་ཅི་བས་ཀྱང་ཆེ་བ་སྨྲོས་མེད་ལོས་ཡིན།

ངས་འདི་ལྟར་བྲིས་པར་བཀུར་འོས་སྤྱི་འཐུས་གང་ཟག་སྐུ་སྒེར་ལ་ཕོག་ཐུག་འགྲོ་གཞི་འདྲ་མཆིས་ན་དགོངས་འགལ་མེད་པ་ཞུ་རྒྱུ་དང༌། གཞན་ཆོས་དང་མཐུན་པའི་བགྲོ་གླེང་དང༌། དགོངས་ཚུལ་དང་བསམ་ཚུལ་བརྗེ་རེས་ཀྱི་ཐུགས་བཞེད་འདྲ་ཡོད་ན་ཡིག་ཐོག་ནས་སམ། ཡང་ན་གསེར་ཞལ་དངོས་མཇལ་གྱིས་བགྲོ་གླེང་གནང་བཞེད་གང་ཡོད་ལ། འདི་ནས་དེ་དེ་བཞིན་དུ་ཞུ་བའི་འདུན་པ་ཡོད་ཅེས་གསོལ་བ་ཡིན། ད་དུང་ཁྱེད་ཀྱིས་ཨེ་མ་ཧོ་ཞེས་པའི་དེབ་ཆུང་ཞིག་མཛད་ཡོད་ཚུལ་གསུངས་འདུག་པ་དེ་ལ་ཡང་གང་མགྱོགས་ཀྱིས་མཇལ་ཏེ། ལུང་རིགས་གི་སྲང་ལ་ཡང་ཡང་གཞལ་ཆོག་པའི་བཀའ་དྲིན་རྒྱ་མི་ཆུང་བར་ཞུ་ཞུ་ཞུ།

འབྲེལ་ཡོད་གསར་འགྱུར།

US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༢༡ སྔོན་ལ།
Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet's Stolen Child) ཅེས་པ་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

༢༠༢༥/༠༥/༡༧
དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦

མཆན། 8

  1. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 16 སྔོན།

    རིན་པོ་ཆེ་ལགས་གསལ་བཤད་ཞུས་རྒྱུ་་ཇོ་ནང་ས་སྐྱ་ཡིན་མིམ་དེ་དགེ་བཤེས་ཚེ་རིང་པོ་ལགས་ཀྱི་སྐུ་དགེ་གི་གནས་ཚུལ་གང་ཡིན་མིན་པ་མ་ཟད་དཔལ་ལྡན་ས་སྐྱ་པའི་གནས་ཚུལ་མིན།་་་རྒྱལ་བ་ཇོ་ནང་པས་ཁཽོང་ཚོ་ཡིན་མདོགས་ཀྱི་གནས་ཚུལ་འདྲ་མིན་བཤད་བཞིན་ཡོད།ཁོང་ཚོ་དངོས་ཉིད་ཡིན་མིན་མི་ཤེས་ཀྱང་གསལ་བཤད་ཞིག་བྱེད་འདོད་བྱུང།་ཇོ་ནང་ས་སྐྱ་ཡིན་མིན་དེ་ང་ཚོར་ཤེས་ལྡན་ཟུར་བོ་གནས་མཁན་ཞིག་མ་བྱུང་བར་་ཐག་ཅད་མི་ཐུབ་ཟུར་བོ་གནས་དེ་ལོ་རྒྱས་ལ་གཞི་བཅོལ་དེ་ལྟས་པ་ཡིན་ན་ད་གཟོད་ཐག་ཅད་ཐུབ།
    ས་སྐྱ་པས་བསྟན་པ་དང་ཆོས་ལུགསརྒྱ་ཆེར་གཏོངa་རྒྱ་དམིགས་ཡུལ་བཟུང་བ་ཡིན་ན་ད་ལྟའི་གཞི་ནས་བཟུང་མི་དགོས་པ་ལོ་རྒྱ་ཕྲག་ཁ་ཤས་ཀྱི་གོང་ནས་འགྲོ་མགོན་ཆོས་འཕགས་ཀྱི་སསྲིད་དབང་བཟུང་དུས་བྱས་ཚར་བ་རེད་རྣམ་པ་ཚོས་བྱེད་ཕྱོགས་མངོན་འགྱུར་བ་ཞིག་གི་ཐོག་ནས་ཆར་གཞི་ལྐོགས་འགྱུར་ཞིག་གིས་ས་ཇོ་གཉིས་ཀྱི་དབར་དམ་ཚིགས་ཀྱི་གོང་བུ་དེ་འཐོར་གཤེགས་གཏོང་རྒྱུའི་ཆར་གཞི་ཡིན་པ་ཕྱོགས་གང་ནས་ལྟས་ན་ཤེས་ཐུབ་
    དེ་ནས་ཇོ་ནང་གི་ཕྱོགས་ནས་བོད་གཞུང་གི་སྤྱི་འཐུས་ཀྱི་རྐུག་བཀྱག་སོགས་རགས་ཚེ་ང་ཚོས་ས་སྐྱའི་ཕྱོགས་ནས་དགའ་བསུ་ལས་གཞན་གང་ཡང་མེད་འོན་ཀྱང་ལོ་རྒྱསུ་ང་ཚོས་དུས་ཡང་འདོར་བརྩིས་མེད་ལ་གཞི་བཅོལ་སའི་གཏན་ཚིགས་དང་པོ་དེ་ཡིན་ལོ་རྒྱས་ཞུས་དུས་ཇོ་ནང་གི་བླ་མ་ཁག་གཅིག་གིས་ས་སྐྱ་བླ་མ་སར་ཆོས་ཞུ་བ་དང་ས་སྐྱ་ལ་བཞུགས་པ་ཙམ་གྱི་རྒྱུ་མཚན་མིན་འོ་ན་ག་རེ་ཡིན་ལབ་ན་ཇོ་ནང་རང་གི་བླ་མས་ས་སྐྱ་ཡིན་པ་ཞལ་གྱི་བཞེས་པ་གཙོ་བོ་དེ་ཡིན་མ་ཟད་འདི་ལྟ་གསུངས་ཡོད་་ང་རང་ས་སྐྱ་པ་ཡིན་ཞེན་གིས་སྡོམ་རིགས་གཉིས་དང་པོ་ངག་ཐོག་ཟིན་པ་ཡིན་ཞེས་པ་འདི་འདྲའི་མང་དུ་གསུངས་ཡོད་མདོར་ན་དོན་མེད་ཀྱི་བཀྲོག་གཏམ་གཏན་ནས་མ་སྤེལ་རོགས་གནང་ཐུགས་རྗེ་ཆེ།

    Reply
  2. jamyangdakpa says:
    ལོ་ 16 སྔོན།

    his holiness dalai lama said sa-ge-ka-nying and jonang at varanasi in last month during his teaching

    Reply
  3. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 17 སྔོན།

    མཁས་པའི་དབང་པོ་ཀུན་མཁྱེན་གོ་རམས་

    Reply
  4. གཡག་སྙིང་། says:
    ལོ་ 17 སྔོན།

    སྤྱིར་བཤད་ན། ཆོས་བརྒྱུད་དང་ཆོལ་ཁའི་རྩོད་གླེང་ཟེར་བ་འདི་མི་དགོས་པ་ཞིག་ཡིན་ལ། ལྷག་པར་ད་ལྟ་བོད་ཕྱི་ནང་གཉིས་སུ་དཀའ་ངལ་དང་ཆག་འཇིགས་འདི་འདྲ་འབྱུང་བཞིན་པའི་སྐབས་འདིར་ཤིན་ཏུ་མི་དགོས་ལ་མི་འོས་པའི་ལས་ཀ་ཞིག་ཀྱང་ཡིན་མོད། བོད་ཀྱི་གཏམ་དཔེར། རྒྱ་རྒན་ཁང་བའི་ནང་དུ་བསྡད་ན།། ཁ་མཆུ་སྒེའུ་ཁུངས་ནང་ནས་འཛུལ།། ཟེར་བའི་དཔེ་ལྟར། གཞིས་བྱེས་ཇོ་ནང་སེར་སྐྱ་མི་མང་གིས། བཙན་བྱོལ་བོད་གཞུང་འདི་སྐྱིད་སྡུག་ཞུ་སའི་གཞུང་ཞིག་ལ་ངོས་འཛིན་བྱས་ཏེ། ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་པའི་རེ་བསྐུལ་ཞུ་བཞིན་པའི་བར་དུ། ས་སྐྱ་བས་དམིགས་ཡུལ་ངེས་ཅན་ཞིག་གི་ཐོད་རྩོད་གླེང་འདིའི་མགོ་བཙུགས་པ་མ་ཟད། རྒྱ་ནག་གིས་བོད་ལ་བཙན་གྱིས་དབང་བསྒྱུར་བྱས་པ་བཞིན། ཇོ་ནང་པའི་བདག་དབང་བཙན་འཕྲོག་བྱས་ཏེ། ས་སྐྱའི་མངའ་ཐང་རྒྱ་བསྐྱེད་ཀྱི་ངན་སེམས་བཅང་ཡོད་པ། གོང་དུ་འཇིགས་མེད་བློ་གྲོས་རིན་པོ་ཆེས་བྲིས་པ་དེར་བལྟས་པ་ཙམ་གྱིས་ཤེས་ཐུབ། དེར་བརྟེན་ཇོ་ནང་པར་ཁག་ཡོད་རྒྱུ་མ་རེད། གང་ལྟར་ས་སྐྱ་བས་ཇོ་ནང་ས་སྐྱའི་ཁུངས་ཡིན་པའི་སྒྲུབ་བྱེད་དུ་གླེགས་བམ་ཁྲི་ཕྲག་བྲིས་ཀྱང་། དབང་ཆའི་གོ་སྐབས་བཟུང་སྟེ་བསྐལ་བའི་བར་དུ་འབད་ཀྱང་། དམིགས་ཡུལ་འདི་ནམ་ཡང་འགྲུབ་མི་སྲིད་པ་ཞིག་ཡིན་པ་མ་ཟད། འདིའི་རྐྱེན་གྱིས་ད་ལྟའི་ཆར་བོད་ནང་དུ་མཚོན་ན་ས་ཇོའི་དགོན་སྡེ་ཁག་གི་བར་ལ་འགལ་བ་མང་དུ་འབྱུང་བཞིན་ཡོད་པ་ཡང་ཐོས་རྒྱུ་འདུག གལ་ཏེ་ས་སྐྱ་བ་དང་། ལྷག་པར་བོད་མི་མང་སྤྱི་འཐུས་ཞིག་གི་ངོ་ནས་བོད་མི་རིགས་རིག་གཞུང་དང་པར་ཞབས་ཞུ་རེ་བསྒྲུབ་འདོད་ཡོད་ན། དོན་མེད་རྙོག་འཛིང་ཆེ་བའི་ལས་ཀ་འདི་མཚམས་འཇོག་བྱས་ན་ལེགས་སྙམ། ང་ནི་ས་ཇོ་གང་གི་ཁོངས་སུ་མི་གཏོགས་པའི་སྐྱེས་བུ་གསུམ་པ་ཞིག་ཡིན་མོད། འོན་ཀྱང་ངེས་དོན་སྙིང་པོའི་བསྟན་པ་ཡིད་ཆེས་ཀྱི་དད་པ་ཡོད་མཁན་ཞིག་ཡིན་ལ། བདེན་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་འདི་རྒྱལ་སྤྱིའི་ཁྲིམས་དང་། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བ་ཡོད་པ་ཞིག་ཡིན་པས་འདི་ལྟར་ཤོད་འདོད་བྱུང་། འདིར་གནད་དོན་དེ་འདུམ་འགྲིག་ཆེད་ཕྱོགས་ཙམ་བཤད་ན། ཇོ་ནང་ས་སྐྱའི་ཁུངས་ཡིན་མིན་ལས་སླ་བོའི་ཐོག་ནས་ཐག་གཅོད་བྱེད་ཐུབ། དེ་ཡང་༧གོང་ས་མཆོག་གིས་མཛད་པའི་ཇོ་ནང་བསྟན་རྒྱས་སྨོན་ལམ་ལས། ཡུ་མོ་མུ་བསྐྱོད་རྡོ་རྗེ་ནས་བཟུང་སྟེ། དོལ་བུ་བ་དང་ཀུན་དགའ་གྲོལ་བའི་མཆོག། རྗེ་བཙུན་སྒྲོལ་མགོན་སོགས་ཀྱིས་ལེགས་སྤེལ་བའི།། ཇོ་ནང་པ་ཡི་བསྟན་པ་ཞེས་གསུངས་པར་བསམ་བློ་ཞིག་ཐོངས་དང་། ཇོ་ནང་བའི་གྲུབ་མཐའི་དབུ་གྲུབ་ཆེན་ཡུ་མོ་བ་ནས་ཚུགས་པ་ཡིན་ན། ས་སྐྱའི་ཁོངས་སུ་ཇི་ལྟར་བསྡུས་དགོས་སམ། འདི་ནི་ཆེས་བཞད་གད་ཀྱི་གནས་སུ་མི་འགྱུར་རམ། གནས་སྐབས་དེ་ཙམ་བྱེད། གོང་དུ་རིན་པོ་ཆེས་གསུངས་པ་བཞིན། སྐུ་ངོ་ག་ཟི་ལགས་དང་མི་འགྱང་བར་ངོ་ཐུག་གིས་གནད་དོན་འདིའི་ཐོག་གླེང་མོལ་ཡིད་ཚིམ་པ་ཞིག་བྱེད་རྒྱུའི་གོ་སྐབས་འཚོལ་བཞིན་ཡོད།

    Reply
  5. འབྲོང་ར་བཟི། says:
    ལོ་ 17 སྔོན།

    ཁོ་ཚོའི་ལག་ན་མེ་མདའ་མེད་པ་ཨོའུ་ཙམ་རེད།

    Reply
  6. མེ། says:
    ལོ་ 17 སྔོན།

    ཆོལ་ཁ་དང་ཆོས་བརྒྱུད་ཀྱི་རྩོད་གླེང་གཡུག་ཤོག ངོ་མ་མགོ་ན་བ་ཞིག་རེད།

    Reply
  7. སྟག་སྨྱོན། says:
    ལོ་ 17 སྔོན།

    ལྟོས་དང་ཆོས་པ་འདི་ཚོ་རྙོག་དྲ་ཚ་བོ་ག་འདུག གོང་ས་མཆོག་གིས་དཔལ་ན་ལེན་ཊའི་ཆོས་རྒྱུད་དྲི་མ་མེད་པ་ཞེས་ཡང་ནས་བསྐྱར་དུ་གསུང་གི་ཡོད་པ་དང་། དེ་ནི་སྟོན་པ་གཅིག་གི་སློབ་མ་ཚོས་ཕན་ཚུན་ངོ་ཤེས་རྒྱུའི་ཐུགས་རེ་གནང་བ་མ་ཟད། ནང་བ་གཅིག་ལས་མེད་པ་བསྟན་གནང་བ་མ་རེད་དམ།

    Reply
  8. སྟག་སྨྱོན། says:
    ལོ་ 17 སྔོན།

    ཐར་ཐོར་ཅིག་ལས་ཀློག་འདོད་མ་བྱུང་། གང་ལྟར་ཆོས་རྒྱུད་ཁག་ཞེས་པ་གླེང་གི་ཡོད་ཚོད་འདུག དྲང་པོ་བཤད་ན་བོད་ཀྱི་ཆོས་རྒྱུད་ཁག་བཞི་ནི་ཆབ་སྲིད་ཀྱི་ཚོགས་པ་ཆེན་པོ་བཞི་ཡིན་པ་ལས་ཆོས་རྒྱུད་གཙང་མ་ཞིག་མ་རེད། དཔེར་ན་ཁོ་ཚོ་སྟོན་པ་གཅིག་གི་བསྟན་པའི་རྒྱུད་འཛིན་དང་། སྟོན་པ་གཅིག་གི་སློབ་མ་འདྲ་བོ་མེད་པར་། ད་བར་འཐབ་རེས་རྐྱང་བྱས་ཏེ་དམ་ཉམས་ཀྱི་ཆབ་སྲིད་ཚོགས་པ་ཁག་ཆེན་པོ་བཞི་བྱུང་བ་རེད། སངས་རྒྱས་ཀྱི་བསྟན་པ་དྲི་མ་མེད་པ་དེ་སྔ་ས་ནས་ནུབ་ཚར་བ་རེད་ཅེས་བཤད་ཆོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese