རོ་ལངས། (བོད་ཨ་མདོ་ནས)
གཅིག
གཉིས།
ཟླ་༣པའི་ཚེས༡༤ཉིན་སྟོད་ ཉི་མ་ལྷ་ས་ནས་ལས་འགུལ་གྱི་དུ་སྔོན་དགོང་ལ་སྤུར་བ་དང་མཉམ་དུ་བོད་ཆོལ་ཁ་གསུམ་ གྱི་ཡུལ་གྲུ་སོ་སོ་ནས་ངོ ་བོ་གཅིག་པའི་ལས་འགུལ་འདི་རྦ་རླབས་བཞིན་འཕྱོ་ཞིང་མེ་རི་བཞིན་མཆེད་ཡོང༌། ལས་འགུལ་འདི་ནི་མི་ལོ་ལྔ་བཅུ་ལྷག་གི་རིང་ལ་ནང་བཅོན་དུ་བཅུག་པའི་མི་རིགས་ ཤིག་གིས་རང་དབང་དང་དམངས་གཙོ་ལ་སེམས་གཏིང་ནས་བླ་འབོད་བྱེད་པའི་ང་རོ་གཅིག་ ཡིན་ན་ཡང༌། ལས་འགུལ་འདི་ནི་མི་ལོ་ལྔ་བཅུར་བཙན་འཛུལ་དང་གཉའ་གནོན་ཧ་ལས་པ་མྱོང་བའི་མི་ རིགས་ཤིག་གིས་འདྲ་མཉམ་དང་ཞི་བདེ་ལ་སྐོམ་པས་ཆུ་ལྟར་བཀྲེས་པའི་བདེན་པའི་སྐད་ ངག་གཙང་མ་ཞིག་ཡིན་ན་ཡང༌། རྒྱ་ནག་སྲིད་གཞུང་གིས་ལུས་འགུལ་འདིའི་ངོ་བོ་རྦད་དེ་སྐུང་ནས་མི་རིགས“ཁ་བྲལ་རིང་ལུགས”དང“འཇིག་སྐུལ་རིང་ལུགས”ཀྱི་ སྤྱོད་ཚུལ་གདུག་རྩུབ་ ཅན་ཡིན་པའི་ནག་ཉེས་བོད་མི་སེར་སྐྱ་མང་ཚོགས་ཀྱི་ཐོག་ལ་བཀལ་བ་མ་ཟད། བོད་མི་སེར་སྐྱ་མང་ཚོགས་ཀྱི་ཐོག་ལ་འཇིག་ཡེར་བའི་རྡུང་རྡེག་དང་དམར་གསོད་ གཏོང་བ་རེད། (རྒྱ་ནག་གིCCTVགསར་ འགྱུར་རྒྱུད་ལམ་ཁག་ནས་མི་རིགས་ཁ་བྲལ་རིང་ལུགས་པས་ཉེས་མེད་ཀྱི་རྒྱ་མི་རྡུང་ རྡེག་དང་ཅ་དངོས་བཅག་བརླགཚོང་ཁང་དང་རླངས་འཁོར། སྤྱི་སྤྱོད་སྒྲིག་ཆས་མེར་བསྲེགས་པའི་གནས་ཚུལ་ཁག་གཏོང་བ་ལས་རྒྱ་ནག་སྲིད་ གཞུང་གི་དམག་མིས་བོད་མི་གཅར་རྡུང་བྱེད་པ་དང་བོད་མི་དམངས་ཚོགས་མེ་མདའི་ཁ་ནས་ བསད་པའི་གནས་ཚུལ) ལས་འགུལ་ལ་བཞུགས་ཡོད་མེད་ཀྱི་བོད་མི་འཛིན་བཟུང་བྱས་པ་དང་མཚོན་ཆ་སོགས་ཀྱི་འཇིགས་སྐུལ་བྱེད་པའི་གནས་ཚུལ་དག་གསར་འགྱུར་དུ་གཏོང་མེད་དོ ) ཕྱོགས་གཞན་ཞིག་ནས་བཤད་ན་སྐབས་དེར་ལྷ་ས་ནས“རྡུང་བརླག་འཕྲོག་བསྲེག”གི་ དོན་རྐྱེན་གྱི་སྣེ་ཁྲིད་མཁན་ནི་རྒྱ་ནག་སྲིད་གཞུང་གི་བཅིངས་གྲོལ་དམག་མི་ཡིན་ པ་སྐབས་དེའི་ལྷ་སའི་བོད་པ་མང་ཤོས་ཤིག་གིས་ཤེས་ཡོད་ཞིང་དེ་དངོས་སུ་མཐོང་མཁན་ ཡང་མང་པོ་འདུག སྐད་ཆ་འདི་ཁྱེད་ཅག་གིས་བལྟས་ན་བདག་རིགས་ཞེན་གྱི་དབང་དུ་སོང་བའི་སྐད་ཆ་ཞིག་ འདོད་ཤས་ཆེ་མོད། ཡིན་ན་ཡང༌། སྐད་ཆ་འདི་ནི་དུང་ཞེན་གྱི་དབང་དུ་སོང་བའི་སྐད་ཆ་ཞིག་མིན་པར་དངོས་ཐོག་ཏུ་ཤར་ བའི་དོན་དངོས་ཤིག་ཡིན། རྒྱུ་མཚན་ནི་༣ཚེས༡༤ཉིན་གྱི་དོན་རྐྱེན་ལྷ་ས་ནས་མགོ་བསླངས་མ་ཐག་ལྷ་ས་སྲིད་ གཞུང་གིས་བཅིངས་གྲོལ་དམག་མི་བཅུ་ལྷག(ལྷ་ས་མི་སེར་ཚོས་བཤད་པ་ལྟར་ན་སྐབས་དེར་གྲྭ་ལྭ་གྱོན་པའི་དམག་མི་སུམ་བཅུ་ལྷག་ཡོད་ཟེར་བ་དང་) ད་དུང་དྲ་ཚིགས་སོགས་ཀྱི་སྟེང་དུའང་ཁོ་ཚོའི་འདྲ་པར་ཡོད་པར་བཤད། དེ་ཚོའི་གྲས་སུ་མང་ཆེ་བ་རྒྱ་ནག་སྲིད་གཞུང ་གིས་དམག་མི་ཡིན་པ་དང་ཧེའེ་རིགས་ཀྱི་མི་ཁ་ཤས་ཡོད་པར་བརྗོད་ཀྱི་འདུག སྐད་ཆ་དེ་དག་རྫུན་ཡིན་དུ་ཆུག་ཅིང་སྐབས་དེའི་དོན་རྐྱེན་གྱི་མགོ་ཁྲིད་ནི་རྒྱ་ མི་ཡིན་པ་བསྙོན་དུ་མེད། )ལ་གྲྭ་ལྭ་གྱོན་ནས“རྡུང་བརླག་འཕྲོག་བསྲེག”གི་ དོན་རྐྱེན་གྱི་མགོ་བརྩམས་དུ་བཅུག་པ་རེད། སྲིད་གཞུང་ལ་མཚོན་ན་འདི་ནི་ཆེས་ལེགས་པའི་གཡོ་ཐབས་ཤིག་ཡིན་པ་དང་རྒྱལ་སྤྱིའི་ ཐོག་ཏུ་ཁ་གཡར་ས་ཡོད་པ་ཞིག་ཏུ་གྱུར་བའི་རྒྱུ་མཚན་ཉག་གཅིག་ཡིན། སྐབས་དེར་ལྷ་སར་ཡོད་པའི་བདག་གི་ཡུལ་གྲོགས(གྲྭ་བ་ཞིག་ཡིན)ཤིག་གིས་བཤད་རྒྱུར“ཟླ༣ཚེས༡༤ཉིན་ ལྷ་ས་ནས་ལས་འགུལ་གྱི་མགོ་མ་བརྩམས་སྔོན་ཀུན་གྱིས་ཁ་འབོད ་སྒྲོག་ནས་ཁྲོམ་སྐོར་བྱེད་པ་ལས་གཞན་གྱི་ཅ་དངོས་བཅག་བརླག་བྱེད་ཀྱི་མེད་པ་ དང༌། སྲིད་གཞུངགི་དམག་མི་ཚོའི་ལག་ཏུ་མེ་མདའ་སོགས་ཀྱི་མཚོན་ཆ་བཟུང་ཏེ་རྒྱང་ནས་ བལྟ་བ་ལས་རྡུང་རྡེག་གང་ཡང་མ་བྱས། འོན་ཀྱང་དུས་ཚོད་དགུ་ཡས་མས་ཀྱི་སྐབས་སུ་གང་ནང་རྒྱུགས་ཡོང་བ་མ་ཤེས་པའི་གྲྭ་ བ་བཅུ་ལྷག་དང་མི་སྐྱ་འགས་ཇོ་ཁང་ཕྱོགས་སུ་ཅ་དངོས་བརླག་གི་མགོ་བརྩམས་པ་རེད། དེ་ནས་མི་སེར་དག་ཁོ་ཚོའི་ཕྱོགས་སུ་རྒྱུགས་ཏེ་དོན་རྐྱེན་དེ་འདྲ་བྱུང་བ་ཡིན། ཡ་མཚར་བ་ཞིག་ལ་དུས་དེར་དམག་མི་གཅིག་ཀྱང་མཐོང་རྒྱུ་མི་འདུག་ལ། སྐབས་དེར་ཡོད་པའི་དམག་མི་ཚང་མས་ལག་ཏུ་བརྙན་ལེན་འཕྲུལ་ཆས་བཟུང་ནས་ང་ཚོའི་ ཐོག་ཏུ་བཀར་འདུག་པ་དང༌། དུས་ཚོད་དགུ་ནས་དུས་ཚོད་བཅུ་གཉིས་བར་སྲིད་གཞུང་གིས་ང་ཚོར་གང་བསམ་གང་འདོད་ བྱེད་དུ་བཅུག་སོང༌། དུས་ཚོད་བཅུ་གཉིས་ཐོག་རྒྱ་ནག་སྲིད་གཞུང་གི་དམག་མིས་ང་ཚོའི་མཐའ་ཡོངས་སུ་ བསྐོར་ཞིང་ལོ་ན་ཉི་ཤུ་ཡས་མས་ཀྱི་ལྷ་སའི་གསར་བུ་གཉིས་སྐབས་ཐོག་དེར་མེ་ མདེའུའི་རྒྱབ་ནས་བསད་པ་དང༌། ཁོ་བོ་རཱ་མོ་ཆེའི་སྒོ་ན་ཡོད་པའི་དུས་སུ་ལོ་ན་དྲུག་བཅུར་ཉེ་བའི་ཨ་ཡེ་རྒན་མོ་ ཞིག་དམག་མིས་གཅར་རྡུང་བྱས་ནས་བསད་ཞིང༌།ཤ་བཙོང་གི་ཡོད་པའི་བགྲེས་པོ་ཁྱོ་ཤུག་ གཉིས་ཡང་དམག་མིས་མེ་མདེའུའི་འབེན་དུ་བཞག་ཏེ་རྔ་ལམ་དུ་བརྫིངས་སོང༌། ད་རུང་བོད་མི་ཚོ་རྡུང་རྡེག་བྱེད་པ་དང་འཛིན་བཟུང་བྱས་པ་ནི་སྨོས་མ་དགོས་པ་ ཞིག་རེད་ཟེར།” སྐབས་དེའི་ལྷ་སའི་བོད་མི་དམངས་ཚོགས་ཀྱིས་སྲིད་གཞུང་གི་ལྐོག་ཇུས་དེ་དང་གཡོ་ ཐབས་དེ་མ་ཤེས་པའི་རྐྱེན་གྱིས་ཁོ་ཚོར་བསླུ་བྲིད་ཐབས་པ་རེད། རྒྱ་ནག་སྲིད་གཞུང་གི་བོད་མི་རྣམས་འཛིན་བཟུང་བྱས་པ་དང་དམར་གསོད་བྱས་པ་ཡ་ང་ ཞིག་ཡིན་རྐྱེན་འབྲུས་སྤུངས་དང་དགའ་ལྡན། སེར་བ་སོགས་ཀྱི་གྲྭ་བ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་ཡར་ལོངས་ཤིང༌། གྲྭ་བ་ལྔ་བརྒྱའམ་དྲུག་བརྒྱ་ཡས་མས་སྲིད་གཞུང་གིས་འཛིན་བཟུང་བྱས་ཤིང་རྡུང་ རྡེག་ཚབས་ཆེན་མྱོང་ཡོད། (འབྲུས་ སྤུངས་ཀྱི་ཚུལ་ཁྲིམས་བསྟན་འཛིན་དང་དགེ་འཕེལ་སོགས། ད་རུང་སེར་བ་དང་དགའ་ལྡན་གྱི་གྲྭ་བ་ལྔ་བརྒྱའམ་དྲུག་བརྒྱ་ཡས་མས་འཛིན་བཟུང་ བྱས་ཤིང༌། གོ་ཐོས་སུ་གྲྭ་བ་མང་ཆེ་བ་ཞིག་ཟི་ལིང་གི་མི་དམངས་ཁྲིམས་ཁང་དུ་བཅུག་ཡོད་པར་ བཤད།)
གསུམ།
ཁམས་ཕྱོགས་དང་མཚོ་སྔོན་ཕྱོགས་སུ་ཀྲུང་གོའི་སྲིད་གཞུང་གིས་ཐ་ཤལ་གྱི་གཡོ་སྒྱུ་དང་གདུག་རྩུབ་ཀྱི་ལྐོག་གཡོ་དེ་ཤེས་ཡོད་པས་ཁོ་ཚོའི“ཞི་བའི་ཁྲོམ་སྐོར”གྱི་བྱེད་ཐབས་བེད་སྤྱད་ནས་རང་དབང་དང་དམངས་གཙོ་ལ་ཕྱོགས་པའི་ནང་སེམས་ཀྱི་གདུང་འབོད་ཕྱི་རུ་མངོན་ཐབས་བྱེད་ན་ཡང་སྲིད་གཞུང་གིས་སྔར་བཞིན“མི་རིགས་ཁ་བྲལ”དང“འཇིག་སྐུལ་རིང་ལུགས”ཀྱི་ བྱ་སྤྱོད་ལས་མ་འདས་པའི་ཞྭ་མོ་བསྐོན་ནས་བོད་མི་སྤུན་ཟླ་མང་པོ་ཞིག་ལ་རྡུང་ རྡེག་ཚབས་ཆེན་བྱས་པ་དང་ད་རུང་སྤུན་ཟླ་མང་པོ་ཞིག་བཙོན་དུ་བཅུག་ཡོད། (ཁམས་ ཀྱི་དཀར་མཛེས་ས་ཁུལ་དུ་བོད་མི་བཙུན་མ་མང་པོ་ཞིག་ལ་རྡུང་རྡེག་ཚབས་ཆེན་བྱས་ ཞིང་བཙུན་མ་མང་པོ་ཞིག་རྒྱ་ནག་དམག་མིས་གཅར་རྡུང་གི་འོག་ནས་གཅེས་སུ་འོས་པའི་ ཚེ་སྲོག་ཡང་འཕྲོག་སོང་བ་དང་) ) བོད་མི་མང་པོ་ཞིག(དེར་བྱིས་པ་དང་རྒན་པ། གཞོན་ནུ། སྐྱེས་མ་སོགས་འདུས)བཙོན་ ཁང་ནས་དམག་མིས་རོལ་རྩེད་བྱས་ཏེ་མཐའ་མཇུག་གི་ཚེ་སྲོག་རང་མི་རིགས་ཀྱི་རང་དབང་ གི་ཆེད་དུའམ་བུ་རབས་ཚ་རྒྱུད་ཀྱི་མ་འོངས་བའི་བདེ་སྐྱིད་སླད་དུ་མཐའ་མཇུག་གི་ ཚེ་སྲོག་དམར་མཆོད་བྱས་སོང༌། བཙོན་ནས་གློད་གྲོལ་བཏང་བའི་བོད་པ་ཞིག་གིས་བཤད་རྒྱུར“རྒྱ་ ནག་སྲིད་གཞུང་གིས་ལས་འགུལ་འདིར་བཀོལ་བའི་བྱེད་ཐབས་ནི་བརྗོད་དཀའ་བའི་གདུག་ རྩུབ་ཅན་ཞིག་རེད་ལ། མུན་ནག་གི་བཙོན་ཁང་དུ་འཛིན་བཟུང་བྱས་པའི་བོད་མི་ཚོའི་ཐོག་ལ་བཀོལ་བའི་བྱེད་ ཐབས་ནི་དེ་ལས་ཡ་ང་བ་ཞིག་རེད། ཁོ་བོ་བཙོན་ཁང་དུ་བཅུག་པའི་སྐབས་དེར་དམག་མི་ཚོས་བོད་མི་ཆེ་ཆུང་མེད་པར་གཅར་ རྡུང་བྱེད་པ་དང་དམར་གསོད་བྱེད་ལ། བོད་མི་ལ་ལ་ཞིག་དྲག་རྩལ་སྦྱོང་བརྡར་བྱེད་སྤྱད་བྱེད་པ་མ་ཟད། ལ་ལ་ཞིག་ལ་གྲིས་གཙག་ནས་གསོད་པ་དང༌།ལ་ལ་ཞིག་ལ་ཁོ་ཚོའི་གཅིན་ལྡུག་པ་དང་ཁ་ངོར་ རྡོག་རྫིས་བྱེད་དེ་བཙན་གྱིས་ཤི་རུ་འཇུག་པ་དང་༌། མེ་མདེའུའི་རྒྱབ་ནས་བསད་པ་མང་པོ་འདུག་ཟེར།” དེ་འདྲའི་གདུག་རྩུབ་ཅན་གྱིས་གཉའ་གནོན་དང་ཡ་ང་བའི་བཙོན་ལས་བྱེད་ཀྱི་ཡོད་པ་ བཙོན་ལས་གློད་གྲོལ་བཏང་བའི་མི་ལ་ཁ་བརྡ་བྱེད་དུས་གོང་དང་འདྲ་བའིསྐད་ཆ་ཧང་ སངས་དགོས་པ་ཏག་ཏག་བཤད་རྒྱུ་འདུག
ཟླ༣ཚེས༡༥ཉིན་མཚོ་སྔོན ་ས་ཁུལ་གྱི་རེབ་གོང་དང་གཅན་ཙ་སོགས་ནས་བོད་མི་སེར་སྐྱ་མང་ཚོགས“ཞི་བའི་ཁྲོམ་སྐོར”བྱས་ པ་དང་རྒྱལ་ཁབ་ཀྱི་ཁྲིམས་དང་མ་འགལ་བའི་བྱེད་ཕྱོགས་མང་པོ་ལག་བསྟར་བྱེད་པ་ སྲིད་གཞུང་གིས་གསང་བའི་སྒོ་ནས་ས་ཁུལ་གྱི་བྱེད་ཐབས་ལ་བཀག་སྐྱིལ་བྱས་པ་རེད། ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཚང་མ་མི་དམངས་ལ་དབང་བ་དང༌། མི་དམངས་ཀྱིས་དབང་ཆ་སྤྱོད་དགོས་ཟེར་བ་མིན་ནམ། (《ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ལས)ད་ རེབ་ཀྱི་ལས་འགུལ་འདི་ནི་ཞི་བའི་ངོ་རྒོལ་གཅིག་ཡིན་ལ། ཞི་བའི་སྒོ་ནས་བོད་མི་དམངས་ཀྱི་རང་དབང་དང་དམངས་གཙོ་ལ་ཁ་ཕྱོགས་ཤིང་འགྲོ་བ་ མིའི་ཐོབ་ཐང་ལ་ཁ་ཞེ་གཉིས་མེད་ཀྱིས་རྡོག་བརྫིས་དང་བདེན་དོན་ལ་རྒྱབ་གཏོད་པའི་ སྲིད་གཞུང་གི་རུལ་སུངས་བྱ་སྤྱོད་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ཞིག་ཡིན་པ་འདི་ དག་ལས་ཆེས་མངོན་གསལ་དོད་པོ་ཡིན། དཀར་ནག་གོ་ལྡོག་ཞིང་བདེན་པ་རྫུན་དུ་གཏོང་བའི་སྲིད་གཞུང་གི་བྱ་སྤྱོད་ལ་བོད་ པ་མང་ཚོགས་སེམས་གཏིང་ནས་ཡི་མ་རེངས་བར་ཟླ༣ཚེས༡༦ཉིན་ཨ་མདོ་རྔ་བ་རྫོང་ནས་སྲིད་ གཞུང་དང་ཐད་ཀར་འོས་ལངས་བྱས་ཤིང༌། ཨ་མདོ་རྔ་བ་རྫོང་གི་བོད་མི་སེར་སྐྱ་མང་ཚོགས་ཀྱིས“གོང་ས་ཁོང་གི་མིང་ནས་འཛིན་ཞིང་ཞི་བའི”ཁ་འབོད་བྱེད་པ་ཙམ་ཡིན་མོད་སྲིད་གཞུང་གིས“རྡུང་བརླག་འཕྲོག་བསྲེག་ལ་ཁྱད་མ་མཆིས”དང“ཏང་ལ་ངོ་ལོག་བྱེད་པ་རེད”དང“ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་འདུག”ཅེས་བོའུ་ཁ་དམངས་ལ་གཏད་དེ་སྤུན་ཟླ་ཉི་ཤུ་ལྷག་གི་ཚེ་སྲོག་འཕྲོག་སོང༌། (སློབ་ གྲྭར་འགྲོ་བཞིན་པའི་སྒང་ཉེན་རྟོག་པ་དེ་དག་གི་མེ་མདའི་འབེན་ལ་ཤོར་སོང་བའི་ སློབ་མ་ལྷུན་འགྲུབ་སྐྱིད་དང་བདེན་དོན་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་བཀྲ་ ཤིས་སོགས་ན་གཞོན་ཕོ་མོ་ཉི་ཤུ་ལྷག་འདུསརྔ་བ་རྫོང་གི་བོད་མི་མང་པོ་ཞིག་ལ་ སྐབས་དེར་ཉེན་རྟོག་དམག་གི་རྡུང་རྡེག་ཚབས་ཆེན་མྱོང་ཞིང་མེ་མདེའུའི་རྨས་ཕོག་ པའི་མི་སེར་ལ་རྫོང་མི་དམངས་སྨན་ཁང་གིས་སྨན་བཅོས་མ་བྱ་པའི་རྐྱེན་གྱིས་མི་ སེར་མང་པོ་ཞིག་སྨན་ཁང་ལས་ཤི་འདས་བྱུང༌། ཀྲུང་གོའི་སྲིད་གཞུང་གིས་བོད་མིའི་ལས་འགུལ་འདི་ལ“ཤེས་ཡོན་ལྡན་པའི་ཐག་གཅོད་བྱེད་བཞིན་ཡོད”ཅེས་འཛམ་གླིང་མི་མང་ལ་འདི་འདྲའི་སྐད་ཆ་བཤད་བཞིན་ཡོད་ན་ཡང་དོན་དངོས་སུ་ཁོང་གི་ང་ཚོར་ཤེས་ཡོན་གྱི་ཐག་གཅོད་བྱེད་པ་ནི“རྡུང་རྡེག”དང“དམར་གསོད”“འཛིན་བཟུང”སོགས་ གཡོ་སྒྱུ་ལྡན་པའི་བྱེད་ཐབས་འབའ་ཞིག་རེད། ལྷག་ཏུ་འགྲོ་བ་མིའི་རིགས་གཅེས་སུ་གྲུབ་པའི་རང་དབང་དང་དམངས་གཙོ། ཞི་བདེ། འདྲ་མཉམ་བཅས་ལ་གོང་བཀུར་དང་བརྩི་འཇོག་བླ་མེད་གནང་བའི་མིའི་རིགས་ལ་མགོ་སྐོར་ བྱེད་བཞིན་ཡོད་པ་མ་ཟད།གནས་ལུགས་དང་བདེན་དོན་མིག་གི་འབྲས་བཞིན་བརྩི་སྲུང་ བྱེད་པའི་ཀུན་སྤྱོད་ལ་རྡུང་རྡེག་དང་ངོ་ལོག་རྒྱབ་གཏོད་བྱེད་བཞིན་འདུག
དུས་རབས་ཉེར་གཅིག་པའི་ནང་དུ་མི་ཞིག་བརྡུངས་ནས་བསད་འདུག་ཅེས་ན་རྣར་མི་འགྲོ་བའི་སྐད་ཆ་ཞིག་དང་དམངས་གཙོའི་བཅོས་བསྒྱུར་སྐབས་ཀྱི་དོན་དག་ཞིག་ཡིན་པར་སྙམ་མོད། ནང་ཁུལ་དུ་འཚོ་བའི་བོད་མི་རྣམས་ཀྱིས་ཏག་ཏག་དུས་རབས་འདིའི་ནང་དུའང་དམངས་གཙོའི་བཅོས་བསྒྱུར་སྐབས་ཀྱི་གཉའ་གནོན་དང་བཤུ་བཞོག བརྙས་བཅོས་སོགས་མྱོང་བཞིན་ཡོད་པ་མ་ཟད། རིག་གནས་གསར་བརྗེའི་དུས་སྐབས་ཀྱི་རྡུང་རྡེག་དང་ཡ་ང་བའི་མནར་གཅོད་མྱོང་མྱོང་ལ་བསྡད་ཡོད། འདི་ནི་དམར་ཤོག་པའི་ངེད་ཚང་ལ་ཐུགས་ཁུར་བླ་མེད་བྱས་པའི་བྱམས་བརྩེ་དང་བོད་པ་ མི་དམངས་ལ་བཅིངས་བའི་མཛའ་བརྩེ་ཁོ་ན་རེད། ལས་འགུལ་འདིར་སྲིད་གཞུང་གིས་ཉེས་མེད་ཀྱི་བོད་མི་མང་པོ་འཛིན་བཟུང་བྱས་པ་དང་ ཉེས་མེད་ཀྱི་མིའང་གཏོང་ས་མ་རེད། “རྔ་བ་རྫོང་གཅའ་རོ་ཞང་གི་ནག་ཚང་མའི་མིང་ལ་ཞིས་ཀ་ལོ་ཟེར་བའི་རྒད་པོ་ལོ་ན་བཞི་ བཅུའི་ནང་ལ་ཡོད ་པ་ཞིག་ད་རེས་རྡུང་རྡེག་ཚབས་ཆེ་བ་བྱས་ནས་མ་ཉེས་ཁ་གཡོགས་ཀྱིས་བསད་པ་རེད། ཡང་རྔ་བའི་ཀིརྟི་དགོན་གྱི་གྲྭ་བ་ཐོས་བསམ་དང་སྦྱིན་པ་གཉིས་དྲག་པོའི་དཔུང་གི་ གཉའ་གནོན་འོག་ཡིད་སེམས་ཁོ་ཐག་ཆད་དེ་མུན་ནག་གི་ཁྲིམས་ཁང་ནང་ནས་རང་སྲོག་རང་ གིས་བཅད་སོང༌། ”(〈〈ང་ཚོའི་ལུས་ཐོག་ལ་འགྲོ་བ་མིའི་ཐོབ་ཐང་ག་རེ་ཡོད་དམ〉〉ཞེས་པའི་རྩོམ་ཡིག་ལས་དྲངས)གོ་ ཐོས་སུ་ཁོ་གཉིས་ལས་གཅིག་གིས་ཁ་ཆེམས་བྲིས་འདུག་ཟེར་མོད། ཡི་གེ་དེ་མཐོང་བར་ཕར་ཞོག་ཐ་ན་ཁོ་གཉིས་ཀྱི་བེམ་པོའང་ཁྱིམ་མི་གཉེན་ཉེ་ཚོའི་ མཐོང་མ་སོང༌།
བཞི།
དེ་བཞིན་དུ་མཚོ་སྔོན་མགོ་ལོག་ཁུལ་ནས“བོད་ཞི་བདེའི་རང་དབང”གི་ ཁ་འབོད་བསྒྲགས་ནས་ཁྲོམ་སྐོར་རྒྱ་ཆེན་བྱས་ཤིང་ཨ་མདོའི་རྔ་བ་ཁུལ་གྱི་སྟག་ཚང་ ལྷ་མོ་དང་ཐང་སྐོར། ཨ་སྐྱིད། བྱམས་མེ། ཁྱུང་མཆུ། ཟུངས་ཆུ། འཛམ་ཐང༌། དཀར་མཛེས། བླ་བྲང༌། ཨ་མཆོག ཀན་ལྷོའི་གཙོད་སོགས་ནས“ཞི་བའི”ངོ་ རྒོལ་རབ་དང་རིམ་པ་བྱས་མོད་སྲིད་གཞུང་གིས་རྡུང་བརླག་འཕྲོག་བསྲེག་གི་དོན་ རྐྱེན་ལ་ཁ་གཡར་ནས་བོད་མི་སེར་སྐྱ་མང་ཚོགས་ལ་རྡུང་རྡེག་བྱས་པ་མ་ཟད་ནག་ཉེས་ རྫུན་འགེབས་བྱས་ཏེ་ཨ་མདོ་སྟག་ཚང་ལྷ་མོའི་ཀིརྟི་དགོན་གྱི་ལོ་ན་བཅུ་དྲུག་ལ་ སོན་པའི་བཟོད་པ་སོགས་གྲྭ་བ་བཅུ་དགུ་ལྷག་ཉི་མ་གཅིག་ལ་འཛིན་བཟུང་བྱས་པ་དང༌། མཛོད་དགེ་རྫོང་ཀིརྟི་དགོན་ལྷ་མོ་བཅའ་སྡོད་སློབ་ཆུང་གཏོར་ཞིང༌། ཀིརྟི་དགོན་པར་ཆོས་མཚམས་བཞག་ཏུ་བཅུག
ད་དུང་བྱམས་མེ་དགོན་ནས་ གྲྭ་བ་གསུམ་དང༌། སི་ཁྲོན་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་སྐྱ་སེར་དྲུག་བཅུ་ལྷག ཨ་སྐྱིད་དགོན་གྲོང་ཚང་མ་འཛིན་བཟུང་བྱས་ལ། ཁྱུང་མཆུ་རྫོང་ནས་དགེ་སློབ་ཉི་ཤུ་ལྷག་དང་སྐྱ་སེར་སུམ་བཅུ་ཡས་མས་བཙོན་དུ་ བཅུག་པ་མ་ཟད། རྔ་བ་རྫོང་ནས་བོད་མི་ཉི་ཤུ་ལྷག་བསད་པ་དང་སྐྱ་སེར་མང་ཆེ་བ་འཛིན་བཟུང་ཐེབས་པ་ རེད། (རང་ཉིད་ དངོས་སུ་སོང་ནས་བྲིས་པའི་་བསྡོམས་རྩིས་བྱས་པའི་མི་གྲངས་དེ་འདྲ་ཞིག་རེད། ད་རུང་མ་ཤེས་ས་ནས་འཛིན་བཟུང་བྱས་པ་དང་བསད་པགྲངས་མེད་ཞིག་ཡོད་པ་བསྙོན་དུ་ མེད། ) ལྷག་ཏུ་བླ་བྲང་དང་ཨ་མཆོག ཀན་ལྷོའི་གཙོད་སོགས་ནས་ཞི་བའི་འོས་ལངས་བྱས་པ་ཛ་དྲག་ཆེ་བས་སྲིད་གཞུང་གིས་ འཐོམས་རྫས་མི་མང་གི་དཀྱིལ་ལ་འཕངས་ནས་མི་རྣམས་ཁ་ཆུ་སྣ་ཆུ་མི་ཚགས་པ་ཞིག་ཏུ་ བཏང་ཞིང༌། དེ་ལས་སྲིད་གཞུང་གི་དམག་དང་མཚོན་ཆ་སོགས་ཀྱི་འཇིག་སྐུལ་གནང་བ་ཇི་འདྲའི་ཡ་ང་ བ་ཞིག་རེད་ཨང༌།
ཀྲུང་གོའི་སྲིད་གཞུང་ གིས་བོད་མི་རྣམས་ལ་གཉའ་གནོན་དང་བརྙས་བཅོས། རྡུང་རྡེག་དང་འཛིན་བཟུང་བྱས་པ་ཉིན་རེ་ནས་ཉིན་རེར་ཚབས་ཆེ་བས་ནུབ་བྱང་མི་ རིགས་སློབ་གྲྭ་ཆེན་མོ་ནས་བོད་མི་སློབ་མ་ཚོས་སྲིད་གཞུང་གི་བདེན་པ་རྫུན་དུ་ བཅོས་པའི་བྱ་སྤྱོད་དང་ཉེས་མེད་བོད་མི་འཛིན་བཟུང་དང་རྡུང་རྡེ་བྱེད་པ། བོད་མི་དམར་གསོད་གཏོང་བ་སེམས་ཀྱིས་མ་བཟོད་པར“བོད་མིའི་སྐྱིད་སྡུག་མཉམ་མྱོང༌། དམངས་གཙོ་དང་ཚེ་སྲོག་རླབས་ཆེན”གྱི་ ཁ་འབོད་བསྒྲགས་སྟེ་སྲིད་གཞུང་གི་གདུག་རྩུབ་ཀྱི་བྱ་སྤྱོད་དང་ཡ་ང་བའི་དྲག་ལས་ བྱེད་ཐབས་ལ་ངོ་རྒོལ་བྱེད་པའི་ཁྲོམ་སྐོར་གནང་ཞིང་སྲིད་གཞུང་གི་དམར་གསོད་བྱས་ པའི་བོ་མི་དང་རྡུང་རྡེག་བྱས་ནས་ཤི་འདས་བྱུང་ཞིང༌། བདེན་དོན་གྱི་ཆེད་དུ་མེ་མདའི་འབེན་ལ་ཤོར་བའི་བོད་མི་སྤུན་ཟླ་རྣམས་ལ་མྱ་ངན་ བྱས་པ་མ་ཟད། ཉིན་གཅིག་དང་ཕྱེད་ལ“ཞི་བའི་ཟས་བཅད་ངོ་རྒོལ”གནང༌། དེ་དང་ཆབས་གཅིག་ཏུ་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་དུས་ཚོད་༤རིང་ཟས་བཅད་ངོ་ རྒོལ་བྱས་ཤིང་ཞོར་དུ་རང་མི་རིགས་ཀྱི་རང་དབང་དང་དམངས་གཙོའི་དོན་དུ་ཤི་འདས་ བྱུང་བའི་བོད་མི་སྤུན་ཟླ་རྣམས་ལ་མྱ་ངན་ཞུས་ལ། མཚོ་སྔོན་མི་རིགས་དགེ་ཐོན་སློབ་གྲྭ་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། འབར་ཁམས་དགེ་འོས་སློབ་གྲྭ། ( • £ <སློབ་གྲྭར་འདིར་ཆེད་སྦྱོང་དང་མཐོ་འབྲིང་) དམའ་འབྲིང༌། ཡུལ་སྐོར་འཛིན་གྲྭ་སོགས་འདུས།) སོགས་ནས་དེ་དང་དེ་བཞིན་གྱི“ཞི་བའི་ཟས་བཅད་ངོ་རྒོལ”བྱས། གསུམ་གཅིག་དྲུག་གི་སློབ་མས“ཞི་བའི་ཟས་བཅད་ངོ་རྒོལ”འདི་ ནི་རྒྱལ་ཁབ་ཀྱི་ཁྲིམས་དང་མ་འགལ་བའི་ལས་འགུལ་ཞིག་ཡིན་ཞིང་མི་རིགས་ཀྱི་ཁེ་ དབང་དང་ཐོབ་ཐང་ལ་རྡོག་བརྫིས་བྱེད་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ལས་ འགུལ་ཞིག་ཀྱང་ཡིན། ཡིན་ན་ཡང༌། བྱེད་ཐབས་འདི་རིགས་ནི་རྒྱལ་ཁབ་ཀྱིས་ཕྱིའི་མི་རིགས་ལ་གསང་བ་མ་ཟད་ད་རུང་རྡུང་ བརླག་འཕྲོག་བསྲེག་གི་དོན་རྐྱེན་དང་ངོ་བོ་གཅིག་ཡིན་པའི་ནག་བཀལ་ཏེ་སློབ་མ་ འཛིན་བཟུང་དང་རྡུང་རྡེག་བྱས། མཚོ་སྔོན་མི་རིགས་དགེ་ཐོན་སློབ་གྲྭ་ནས་དམག་མིས་སློབ་མ་གཅར་རྡུང་དང་འཛིན་ བཟུང་བྱས་ཤིང་འབར་ཁམས་དགེ་འོས་སློབ་གྲྭ་ནས་དམའ་མཐོ་འབྲིང་གི་སློབ་མ་ཕོ་མོ་ བཅུ་བཞི་བཙོན་དུ་བཅུག རྔ་བ་རྫོང་གི་ཁང་དཀོན་མཆོག་དང་ཕྱུགས་ལས་བློ་བཟང༌། མཛོད་དགེ་རྫོང་གི་རིན་ཆེན་རྡོ་རྗེ། སྒྲོལ་མ་སྐྱབས། ཁྱུང་མཆུ་རྫོང་གི་བོད་ཆུང་སོགས་ཡོད་ལ། མཐོ་འབྲིང་གཉིས་པའི་སློབ་མ་ས་འབྲུག་སོགས་སྐབས་དེར་དམག་མིས་རྡུང་རྡེག་ཚབས་ ཆེན་བྱས་པའི་སྟབས་ཀྱིས་སློབ་མ་ཁ་ཤས་མི་ཚེ་གང་བོར་ཅི་ཡང་མི་ནུས་པའི་དབང་བོ་ སྐྱོན་ཅན་དུ་བཏང་འདུག ད་དུང་འཛིན་བཟུང་བྱས་པའི་སློབ་མ་དེ་དག་ལ་ཚེ་བཙོན་གྱི་ཐག་གཅོད་བྱས་ཡོད་ཟེར།)
ལྔ།
རང་དབང་དང་དམངས་གཙོ། འདྲ་མཉམ་གྱི་ཆེད་དུ་ཁྱོད་ཚོས་མི་རིགས་ཤིག་གི་མི་མང་ཚོའི་གཅེས་པའི་ཚེ་སྲོག་ རེ་རེ་སྒེར་གཅོད་སྲིད་དབང་གི་མེ་མདའི་ཁ་ན་དམར་མཆོད་བྱེད་བཞིན་པ་མིག་གིས་ མཐོང་ངམ། བདག་གི་རྒྱལ་སྤྱིའི་མི་དམངས་ལགས།འཆམ་མཐུན་དང་ཞི་བདེ། བདེན་དོན་གྱི་ཆེད་དུ་ཁྱོད་ཚོས་མི་རིགས་ཤིག་གི་མི་སེར་རེ་རེར་རྐང་ལྕག་ལག་ ལྕག་བརྒྱབ་ནས་མུན་ནག་གི་བཙོན་ཁང་དུ་གཉའ་གནོན་དང་རྡུང་རྡེག་མྱོང་བཞིན་པ་ སེམས་ཀྱིས་ཚོར་རམ། བདག་གི་རྒྱལ་སྤྱིའི་མི་དམངས་ལགས།
ཕ་མའི་ཚེ་མཇུག་གི་དབྱུག་ རྟེན་དུ་གྱུར་བའི་རང་གི་བུ་བུ་མོ་རྣམས་ཁོ་རང་ཚོའི ་མིག་མདུན་ནས་སུ་ཞིག་གིས་བཙན་གྱིས་འཕྲོག་སོང་བའི་ན་ཟུག་གི་གྲང་རླུང་འུར་ འུར་གྱིས་ལྡིང་ཡོངས་དུས། ཚེ་གང་གི་སྐྱ་ཡ་མེ་མདའི་འབེན་ལ་བཞག་ཏེ་མི་ཚེ་གང་བོར་ཡུགས་སར་བུད་པའི་བུ་མོ་ ཚོའི་སེམས་གཏིང་གི་མིག་ཆུ་རྦབ་རྡོ་བཞིན་འགྲིལ་ཡོངས་དུས། ཁྱིམ་མི་བཟའ་ཚང་གང་བོའི་རྒྱབ་རྟེན་དུ་གྱུར་བའི་ཕ་གསོད་ཀྱི་ལག་དམར་ལ་ཞེ་ འཁོན་གྱི་སྙིང་རླུང་དྲག་ཏུ་འཚུབ་ཡོངས་དུས། དུད་སྨུག་ལོང་ལོང་ཁྲོད་ཀྱི་མདོ་དབུས་མཐོ་སྒང་གི་མི་རྣམས་ངུ་སྐད་དིར་དིར་ ངང༌། སྐྱོ་བ་ལྷང་ལྷང་གིས། མུན་ནག་མདུན་གྱི་སྐྱ་རེངས་བསུ་བར་ཇི་འདྲའི་བྲེལ་སེམས་ཀྱིས་ཁེངས་ཞིང་རེ་བས་ མིག་ཟུང་བགྲད ་འདུག་ཨང༌། དུད་སྨུག་ལོང་ལོང་ཁྲོད་ཀྱི་མདོ་དབུས་མཐོ་སྒང་གི་མི་རྣམས་འཁུན་སྒྲ་ཤུར་ཤུར་ གྱིས། ན་ཟུག་གཟེར་གཟེར་ངང༌། སྒེར་གཅོད་སྲིད་དབང་གི་གདོང་འབག་དམར་ཞུ་བྱེད་པར་ཇི་འདྲའི་ཡིད་ཆེས་ཀྱི་སོ་ སྒྲ་ཧྲུག་ཧྲུག་འཆའ་གི་འདུག་ཨང༌།
དྲུག
ང་རང་ཚོའི་འགྲོ་བ་མིའི་ ཁེ་དབང་དང་ཐོབ་ཐང༌། རང་དབང་དང་དམངས་གཙོ། ཚེ་སྲོག་བཅས་ལ་གོང་བཀུར་དང་སྲུང་འཛིན་བླ་ལྷག་བྱེད་བཞིན་ཡོད་མོད།སྲིད་གཞུང་ གིས་དེ་ལས་ལྡོག་སྟེ་མིའི་ཚེ་སྲོག་དང་རྩིས་ཐང༌། བདེན་དོན་ལ་རྡོག་བརྫིས་བྱས་སོང༌། ལས་འགུལ་མཚམས་བཞག་པའི་ཉིན་དེ་ནས་བོད་མི་དམངས་ཀྱིས་སྔར་བཞིན་མི་ལུས་རང་དབང་ རྦད་དེ་ཤོར་ནས་བྲན་གཡོག་གི་འཚོ་བ་དགོས་བྱུང༌། ཀྲུང་གོའི་སྲིད་གཞུང་གིས“རིགས་གཅེས་མི་སྣར”འཇིགས་སྐུལ“སྲིད་ཇུས”ལག་བསྟར་བྱས་ཤིང༌། སྲིད་གཞུང་གིས“ཀྲུང་བོད་མཛའ་མཐུན”དང“བོད་ནི་ཀྲུང་གོར་ཁ་བྲལ་ཐབས་མེད་པའི་མི་རིགས་སྤུན་ཟླ”ཡིན་པའི་འཆལ་གཏམ་གཞི་རྩའི་ནང་དོན་དུ་བྱས་ནས“བྲན་སྒྱུར་སློབ་གསོ”སྤེལ་ཡོད། བོད་མི་དམངས་རྣམས་ཁོ་རང་ཚོའི་དབང་སྒྱུར་འོག“གོ་བ་མེད་པའི་གླང་རྒན་ལ་རྒྱལ་བོའི་བཀའ་ལས་དབྱུག་པ་བཙན”པའི“མི་སེར”དུ་སྐྱེད་སྲིང་བྱེད་རྒྱུའི་རེ་ངན་བཅངས། གཞན་ཀྲུང་གོའི་སྲིད་གཞུང་གིས་བོད་མི་དམངས་ལ“ཏཱ་ལའི་བླ་མའི་འདྲ”བཀོལ་མི་ཆོག་པ་དང“བོད་ཆེན་པོ”ཞེས་པའི་ཡི་གེ་བཀོལ་མི་ཆོག་པར་བྱས། གལ་སྲིད“བོད་ཆེན་པོ”ཞེས་པའི་ཡི་གེ་བཀོལ་མཁན་ནམ་ལྟ་ཚུལ་འདོན་མཁན་ཡོད་ན་དེ་ནི“མི་སྒེར”གྱི་དོན་ཞིག་ལས“ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་བ”མིན་པ་མ་ཟད། རྒྱ་བོད་ལོ་རྒྱུས་གང་དུ་ཡང་བྱུང་མེད་པའི“ཕྱིན་ཅི་ལོག་པའི་ལྟ་ཚུལ”ལས་གང་ཡང་མིན་པའི་ཡིག་ཆ་གཏན་ལ་ཕབ་ཡོད། དེ་ལས་ཀྲུང་གོའི་སྲིད་གཞུང་གིས་བོད་མི་དམངས་ཀྱི“མི་རིགས་ཀྱི་འདུ་ཤེས”དང“བོད་རང་བཙན”གྱི་བློ་སྟོབས་ཉམས་པར་བྱས་ཏེ། “རང་འདྲར”བསྒྱུར་བའམ“རྒྱ་འགྱུར”བྱེད་པའི་སྲིད་ཇུས་མངོན་འགྱུར་བྱེད་པའི་སྟོང་བསམ་བཅངས་ཡོད། ཀྲུང་གོའི་སྲིད་གཞུང་གིས་བོད་པ་ལས་བྱེད་མི་སྣ་ལ་བཙན་གྱིས་ཏཱ་ལའི་བླ་མ་ནི“མི་རིགས་ཁ་བྲལ་རིང་ལུགས”པ་ ཡིན་པའི་ཞྭ་མོ་སྐོན་དེ་ངོ་རྒོལ་ཁ་འབོད་ཡང་ཡང་བྱེད་དུ་བཅུག་ཞིང་རྒོལ་གཏམ་ཡི་ གེ་འབྲི་རུ་བཅུག བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུའང་དེ་བཞིན་གྱི་བྱེད་ཐབས་བཀོལ་བ་མ་ ཟད། “བོད་ནི་ཀྲུང་གོ་དང་ཁ་བྲལ་ཐབས་མེད”པའི་ ཡར་ཞུའི་ཡིག་ཆ་གང་མང་ཞིག་འབྲི་རུ་བཅུག ལྷག་ཏུ་དམངས་ཚོགས་ལ་དེ་ལྟ་བུའི་བྱེད་སྒོ་སྤེལ་དུ་བཅུག་ཞིང་འགྲོ་བ་མིའི་ བདེན་དོན་དང་ཞི་བདེ་ལ་གོང་བཀུར་བླ་ལྷག་བྱེད་པའི་བྱམས་དང་སྙིང་རྗེ་ཡི་བདག་པ་ ཏཱ་ལའི་བླ་མར་ངོ་རྒོལ་བྱེད་པ་ནི་བོད་མི་དམངས་ཚོགས་ལ་མཚོན་ན་ཇི་འདྲའི་ཁེག་ པོ་ཞིག་རེད་ཨང༌། ཕྱོགས་གཞན་ཞིག་ནས་བཤད་ན་འགྲོ་བ་མའི་རང་དབང་དང་ཞི་བདེ་ལ་གོང་བཀུར་བླ་ལྷག་ བྱེད་པའི་ཏཱ་ལའི་བླ་མར་ངོ་རྒོལ་བྱེད་པ་ནི་ཀྲུང་གོའི་སྲིད་གཞུང་གིས་འགྲོ་བ་ མིའི་གཅེས་སུ་གྲུབ་པའི་ནོར་བུ་འདི ་དག་ལ་ངོ་ལོག་དང་རྒྱབ་འགལ་བྱས་པ་མ་ཡིན་ནམ། འགྲོ་བ་མིའི་ཚེ་སྲོག་དང་ཐོབ་ཐང་ལ་རྡོག་བརྫིས་བྱེད་པ་མ་ཡིན་ནམ།
ཡིན་ན་ཡང༌། ང་ཚོའི་ཡུལ་འདི་ཡི་མི་རྣམས་ཀྱིས“ཏཱ་ལའི་བླ་མ”ཞེས་པའི་མིང་ཙམ་ཡང་བརྗོད་དབང་མི་འདུག གལ་སྲིད་ང་ཚོའི་ས་ཆ་ནས་ཏཱ་ལའི་བླ་མ་ཞེས་པའི་མིང་འདི་འབོད་མཁན(ཆབ་སྲིད་ཀྱི་བསིལ་གདུགས་འོག་ན་མགོ་སྒུར་སྒུར་དང་གཉའ་ལྷེམ་ལྷེམ་བྱེད་པའི་རྒྱལ་ཁབ་ཀྱི་རྒྱུགས་ཁྱི་དག་ལ་ཟེར་བ་ཡིན)ཞིག་ ཡོད་ན་མི་དེ་ནི་ཀྲུང་གོའི་སྲིད་གཞུང་གི་བྲན་གཡོག་རྣལ་མ་ཞིག་ཡིན་སྲིད་ལ། ཁོ་ཚོའི་བརྗོད་ཀྱིན་པའི་སྐད་ཆ་ནི་བོད་མི་རིགས་ཀྱི་ཚབ་བྱེད་ཐུབ་པའི་ནང་སེམས་ ལས་བརྗོད་འདོད་པའི་སྐད་ཆ་མིན་པར་རང་ཉིད་ཕྱུག་པོར་གྱུར་འདོད་ཀྱི་སྐད་ཆ་ཞིག་ གམ་ཀྲུང་གོའི་སྲིད་གཞུང་གི་ལག་ཆར་གྱུར་བའི་བྲན་གཤིས་ཀྱི་སྐ་ཆ་ཁོ་ན་ལས་མ་ འདས། ང་ཚོའི་ཆུང་དུས་ནས་བཟུང་ཀྲུང་གོའི་ལོ་རྒྱུས་སློབ་སྦྱོང་བྱེད་དགོས་ཤིང༌། ཀྲུང་གོའི་ལོ་རྒྱུས་སློབ་སྦྱོང་བྱེད་ན“འཇའ་ཕན་རྒྱལ་ཁབ(JAPAN)”འདི“དགྲ”རུ་ བལྟ་དགོས། དེ་ནི་བོད་ཀྱི་ན་གཞོན་དག་གིས་ཀྲུང་གོའི་ལོ་རྒྱུས་སྦྱོང་དགོས་པའི་མཐར་ཐུག་ གི་དམིགས་ཡུལ་ཡིན་ཚོད་འདུག ཀྲུང་གོའི་ལོ་རྒྱུས་ཀྱི་ནང་དུ“འཇའ་ཕན”གྱིས་ ཁོང་ཚང་ལ་གཉའ་གནོན་དང་བཤུ་གཞོག དམར་གསོད་བྱེད་པའི་ཞེ་འཁོན་འདི་ཀྲུང་ཧཱ་གཙོ་བྱས་པའི་མི་རིགས་ལྔ་དྲུག་གི་བུ་ རབས་ཚ་རྒྱུད་དག་གི་སེམས་སུ་བཞག་ཡོད་པ་རེད། ཡིན་ན་ཡང༌། ཁོ་པ་ཚང་གིས་ང་ཚོར་ཆུང་བྱིས་པའི་དུས་ནས་ཐབས་རྒྱ་ཇུས་སྟོང་གིས་འདི་འདྲའི་ བསམ་བློ་ཁྱབ་སྤེལ་བྱས་ན་ཡང༌། བདག་ནི་ཆུང་དུས་ནས་བཟུང“འཇའ་ཕན་རྒྱལ་ཁབ”ལ་དགའ་ཞིང༌། ལྷག་ཏུ“འཇའ་ཕན་རྒྱལ་ཁབ”ཀྱི“རིག་གནས་སྙིང་སྟོབས”ལ་དང་བ་ཞེ་དྲག་འདུག ཀྲུང་གོའི་སྲིད་གཞུང་གིས་མི་རིགས་ལྔ་དྲུག་གི་བུ་རབས་ཚ་རྒྱུད་རེ་རེའི་སེམས་ཁོང་སུ“འཇའ་ཕན”རྒྱལ་ཁབ་ནི“གདུག་རྩུབ་ཅན་ཞིག”དང“ཐ་ཤལ་གཡོ་སྒྱུ་ཅན”གྱི་མི་རིགས་ཤིག་ཏུ་བཞེངས་བསྐྲུན་བྱས་རུང༌། ང་ཚོ་མི་རིགས་ལྔ་དྲུག་གི་བུ་རབས་ཚ་རྒྱུད་རེ་རེའི་སེམས་ཁོང་གི“འཇའ་ཕན་བཙན་རྒྱལ”ནི་ཀྲུང་གོའི་ལོ་རྒྱུས་ཁྲོད་ཀྱི“འཇའ་ཕན་བཙན་རྒྱལ”དེ་མིན་པར། ལྡོག་སྟེ“ཀྲུང་གོ”འམ“ཀྲུང་ཧཱ་མི་རིགས”ཞེས་པ་དེ་རེད།
འཛམ་གླིང་གི་མི་རིགས་མང་ པོའི་ལོ་རྒྱུས་ཁྲོད་དུ་འགྲོ་བ་མིའི་རང་དབང་དང་དམངས་གཙོ། འདྲ་མཉམ་གྱི་ཆེད་དུ་རླབས་ཆེན་གྱི་སྐྱེས་བུ་གང་མང་ཞིག་གི་ཚེ་སྲོག་ཤོར་མྱོང་ ལ། ཞོར་དུ་འགྲོ་བ་མིའི་ཚེ་སྲོག་དང་བདེན་དོན། ཞི་བདེ་བཅས་ལ་ངོ་ལོག་རྒྱབ་གཏོད་བྱེད་པའི་སྐྱེས་བུ་གང་མང་ཡང་བྱུང་ཡོད། རྐྱེན་དེས་དབང་གིས་བདེན་གྲུབ་ཀྱིས་གཤགས་སོང་བའི་རླབས་ཆེན་གྱི་སྐྱེས་བུ་དེ་ དག་ང་ཚོའི་ནམ་ཡང་བརྗེད་མི་རུང་ཞིང༌། དེ་དག་ལ་གེགས་དང་བར་ཆད་བྱེད་མཁན་གྱི་སྐྱེས་བུ་ཚོའང་ལོ་རྒྱུས་ཀྱིས་བརྗེད་ག་ ལ་རུང༌། ལོ་རྒྱུས་ཀྱི་ཤོག་དཀར་ངོས་སུ་ཁོ་རང་ཚོའི་བྱས་རྗེས་རྡོ་བརྐོས་རི་མོ་བཞིན་ གསལ་ངེས། དེ་བཞིན་བོད་མི་རིགས་ཀྱི་ལོ་རྒྱུས་ཁྲོད་དུ་ཡང་བརྗེད་མི་རུང་བའི་སྐར་ཆེན་ལྟ་ བུའི་སྐྱེས་བུ་གང་མང་ཞིག་ཡོད་ལ། བོད་རིགས་མི་དམངས་ཀྱི་ཚེ་སྲོག་དང་ཁེ་ཕན་ལ་རྡོག་བརྩིས་བྱེད་པའི་ལོ་རྒྱུས་ ཀྱི་ནག་ཉེས་མི་སྣའང་མང་པོ་འདུག
རྒྱལ་ཡོངས་མི་དམངས་འཐུས་ མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་བོད་རྒྱུད་མཐོ་རིམ་ནང་བསྟན་མཐོ་རིམ་སློབ་གླིང་གི་སློབ་གཙོ། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ གཞོན་པ། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྲུལ་སྐུ་ཀུན་ཆེན་འཇམ་དབྱངས་བཞད་ པ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ང་ཕོད་ངག་དབང་འཇིག་མེད། བོད་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང༌། ཞིབ་འཇུག་པ། མིང་དུ་གྲགས་པའི་བོད་རིག་པ་མཁས་ཅན་འབྲོང་བུ་ཚེ་རིང་རྡོ་རྗེ། སི་ཁྲོན་ཞིང་ཆེན་གྱི་འགྲིག་བཤེར་ཨུ་ཡོན་ལྷན་གི་ཧྲུའུ་ཅུའུ་མགོ་ཚེ་ཁོ་དང་ཀན་ སུའུ་ཞིང་ཆེན་གྱི་ཧྥུའུ་སུན་ཀྲང་ཚེ་དཔག་སྐྱབས་སོགས་ས་གནས་ཁག་གི་མགོ་ཁྲིད་ དང་སྡེ་དཔོན། དགོན་སྡེའི་བླ་སྤྲུལ། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་སོགས་་མང་པོ་མང་པོ་ཞིག་གིས་ད་རེབ་ཀྱི་ལས་འགུལ་ ཁྲོད་བོད་རིགས་མི་དམངས་ལ་ཡ་ང་བའི་རྫུན་གཡོ་མགོ་སྐོར་བྱས་ལ། འཇིགས་སུ་རུང་བའི་རྡུང་རྡེག་དང་འཛིན་བཟུང་བྱེད་དུ་བཅུག་ཡོད་པས་སོ།
ཁོ་པ་ཚོ་ནི་བོད་མི་དམངས་ཀྱི་རྩ་བའི་ཁེན་ལ“སྲུང་སྐྱོབ”མཛད་མཁན་ཏག་ཏག་ཡིན་སྲིད་ལ། བོད་རིགས་མི་དམངས་ཀྱི་མགྲིན་ཚབ་པའི་ཁྲོད་ཀྱི“དྲང་གཏམ”སྨྲ་མཁན་ཏག་ཏག་ཅིས་མ་ཡིན། ཧ་ཅང་གནད་འགག་གི་དུས་སུ་ཁོ་པ་ཚོའི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་བོད་མི་རིགས་ཀྱི“བདེ་སྡུག”ལ་འདང་ཅི་ཙམ་ཡོད་མེད་ཀྱི་ངོ་གདོང་དངོས་མ་དེ་མཐོང་བྱུང༌། ཁོ་པ་ཚོའི་ནམ་རྒྱུན་ཁ་ནས་གླེང་དོན་གྱི“བོད”ཅེས་ པའི་དོན་དངོས་ཀྱི་ཁོག་རྒྱ་གསལ་བོ་རིག་སོང༌། རུས་པ་སྲ་མོ་ཅན་གྱི་མི་བུ་ཚོ་འདི་ལྟར་བདེན་དོན་དང་གཟི་བརྗིད་ཀྱིས་རང་མི་ རིགས་ཀྱི་དོན་དུ་བཤགས་སོང་ནའང༌། དེ་དག་ལ་བླ་གཙག་དཔྱི་རྡུང་བྱེད་མཁན་གྱི་ཞིབ་འཇུག་པ་དང་བོད་རིག་མཁས་པ། བོད་མི་དམངས་ཀྱི་སྡུག་གི་རྨ་ཁའི་ནང་ལ་ཚ་འདེབས་མཁན་གྱི་བོད་རིགས་འགྲིན་ཚབ་པ་ འདི་དག་ནི་ང་ཚོས་ནམ་ཡང་བརྗེད་མི་སྲིད། ཁྱོད་ཚོའི་བོད་མི་རིགས་ཀྱི་མི་དམངས་ཀྱི་ཚབ་བྱས་ཏེ་ནང་སེམས་ཀྱི་སྐད་ཆ་སྦས་ སྐུང་མེད་པར་སྲིད་གཞུང་གི་ཁ་འོག་ལག་འོག་ནས་རང་གི་སྤུན་ཟླར་ཐེག་དཀའ་བའི་ནག་ ཉེས་བཀལ་བར་ང་ཚོ་བུ་རབས་ཚ་རྒྱུད་ཀྱིས་བརྗེད་ག་ལ་སྲིད། ཁྱོད་ཚོའི་རང་གི་སྤུན་ཟླར་བཟོད་དཀའ་བའི་བརྙས་བཅོས་དང་ནག་ཉེས་རྫུན་འགེབས་ བྱས་པར་ལོ་རྒྱུས་ཀྱིས་ནམ་ཡང་བརྗེད་མི་སྲིད།
བདུན།
དེ་རིང་ནི“རྒྱལ་སྤྱིའི་བྱིས་པའི་དུས་ཆེན”རེད། གྲོང་ཁྱེར་གྱི་ས་ཁུལ་སོ་སོ་ནས་རྒྱ་ནག་གི་བྱིས་པ་ཚོའི་ཉིན་སྒུག་ཞག་སྒུག་གནང་བའི“རྒྱལ་སྤྱིའི་བྱིས་པའི་དུས་ཆེན”གྱི“མཛད་སྒོ”སྤེལ་གྱི་འདུག་པ་མ་ཟད། ས་འགུལ་ཁྲོད་ཤི་འདས་བྱུང་བའི་ན་མཉམ་སྤུན་ཟླ་ཚོར“མྱ་ངན”ཞུ་བཞིན་འདུག གྲོང་ཁྱེར་གྱི་བྱིས་པ་ཚོའི་རང་གི་རྣམ་དཔྱོད་ཀྱི་བློ་གྲོས་འཛམ་གླིང་གི་བྱིས་པ་སྤྱི་ལ་དབང་བའི་སྟེགས་བུ་ཆེན་པོའི“རྒྱལ་སྤྱིའི་བྱིས་པའི་དུས་ཆེན”འདིར་ངོམ་གྱི་འདུག དེ་རིང༌།གྲོང་ཁྱེར་གྱི་བྱིས་པ་ཚོའི“རྒྱལ་སྤྱིའི་བྱིས་པའི་དུས་ཆེན”རོལ་བཞིན་ཡོད། དེ་རིང་བདག་གི་ཕ་ཡུལ་གྱི་བྱིས་པ་ཚོའི“རྒྱལ་སྤྱིའི་བྱིས་པའི ་དུས་ཆེན”རོལ་བཞིན་ཡོད་དམ། དེ་རིང་བདག་གི་ཕ་ཡུལ་གྱི་བྱིས་པ་ཚོའི་ལྔ་གཅིག་བཞིའི་ས་འགུལ་ཁྲོད“ཤི་འདས་བྱུང་བའི་ན་མཉམ་སྤུན་ཟླ་ཚོར་མྱ་ངན”ག་འདྲ་ཞུ་བཞིན་ཡོད་དམ། ང་ནི་ནམ་ནམ་ཞར་ཞར་དུ་འཛམ་གླིང་གི་བྱིས་པ་སྤྱི་ལ་དབང་བའི“རྒྱལ་སྤྱིའི་བྱིས་པའི་དུས་ཆེན”འདི་ ས་ཁུལ་གྱི་བྱིས་པ་ཚང་མས་འདྲ་མཉམ་གྱིས་རོལ་ན་དེ་ཙམ་དགའ་བ་ཡོད། བོད་མི་རིགས་ནི་ཚེ་སྲོག་ལ་མཐོང་ཆེན་དང་བརྩི་བཀུར་བླ་མེད་གནང་བའི་མི་རིགས་ ཤིག་ཡིན་ཕྱིན། འཛམ་གླིང་གི་མི་རིགས་གང་དང་རྒྱལ་ཁབ་གང་ཞིག་ཡིན་རུང་རིགས་རུས་ཀྱི་དབྱེ་བ་ མེད་པར་ཚེ་སྲོག་ལ་མཐོང་ཆེན་བྱ་ངེས། དེ་བས་ལྔ་གཅིག་གཉིས་ས་འགུལ་ཁྲོད་ཤི་འདས་བྱུང་བའི་རྒྱ་མི་རིགས་ཀྱི་སྤུན་ཟླ་ རྣམས་ལ་བོད་མི་དམངས་ཀྱིས་སེམས་པ་རྣམ་དག་གིས“མྱ་ངན”བྱས་ཡོད། རྒྱ་བོད་གཉིས་བར་གསུབ་དཀའ་བའི་ལོ་རྒྱུས་ཀྱི་ཞེ་འཁོན་དང་རྨ་ཁ་ཡོད་ན་ཡང༌། དེ་དག་ལ་ཁག་བཀལ་དེ་འགྲོ་བ་མིའི“ཚེ་སྲོག“ལ་རྡོག་བརྫིས་གཏན་ནས་བྱ་མི་སྲིད། དེ་འདྲ་ཞིག་ཡིན་ན་ཡང༌། ཕ་ཡུལ་གྱི་བྱིས་པ་ཚོའི“བྱིས་པའི་དུས་ཆེན”ལ“མྱ་ངན”འཁོར་ནས་འདུག ཕ་ཡུལ་གྱི་བྱིས་པ་ཚོའི་འགྲོ་འདུག་གི“རང་དབང”ལ“བཤུ་གཞོག”བྱས་སོང༌། སྲིད་གཞུང་གིས་ཉམ་ཆུང་བའི་བྱིས་པ་ཚོའང་གཏོང་ས་མ་རེད། “རྡུང་བརླག་འཕྲོག་བསྲེག”གི་དོན་རྐྱེན་དང“རྒྱལ་སྤྱིའི་བྱིས་པའི་དུས་ཆེན”གཉིས་ ཀྱི་བར་དུ་ཡང་སྙིང་ཅི་ཞིག་གི་འབྲེལ་བ་ཡོད་སྲིད་དམ། གྲོང་ཁྱེར་གྱི་བྱིས་པ་ཚོའི་དུས་ཆེན་འདི་རོལ་ཆོག་ཞིང་ཕ་ཡུལ་གྱི་བྱིས་པ་ཚོའི་ རོལ་མི་ཆོག་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ། ཕ་ཡུལ་གྱི་བྱིས་པ་ཚོར“རྒྱལ་སྤྱིའི་བྱིས་པའི་དུས་ཆེན”རོལ་བའི་དབང་ཆ་སྲིད་གཞུང་གིས་མ་ཉེས་ཁ་གཡོགས་ཀྱིས་འཕྲོག་སོང༌། ཕ་ཡུལ་གྱི་བྱིས་པ་ཚོར་བྱིས་པ་གཞན་དང་འདྲ་བའི“ཐོང་ཐང”ཟེར་བ་ཞིག་ཡེ་ནས་མི་འདུག དེ་ལྟར་ན། བོད་མི་མང་གི་བྱིས་པ་ཚོའི“བྱིས་པའི་དུས་ཆེན”ལ“མྱ་ངན”འཁོར་ནས་འདུག བོད་མི་མང་གི་བྱིས་པ་ཚོར་བྱིས་པ་གཞན་དང་འདྲ་བའི“རྒྱལ་སྤྱིའི་བྱིས་པའི་དུས་ཆེན”རོལ་དབང་མི་འདུག་ཨང༌། འཛམ་གླིང་གི་བྱིས་པ་ཡོད་དོ་ཅོག་གིས “རྒྱལ་སྤྱིའི་བྱིས་པའི་དུས་ཆེན”ལ“མྱ་ངན”ཞུས་ན་འགྲིག རྒྱུ་མཚན་ནི་རྒྱ་ནག་སྲིད་གཞུང་གིས“རྒྱལ་སྤྱིའི་བྱིས་པའི་དུས་ཆེན“ལ་མངོན་ལྐོག་གང་རུང་ནས་བཤུ་གཞོག་དང་གཉའ་གནོན། གཏོར་བརླག་བྱེད་བཞིན་ཡོད་པས་སོ།
བརྒྱད།
“རྒྱལ་སྤྱིའི་ཨའོ་ལིན་ཕིས་ཁུ་ལས་རྩལ་འགྲན་ཚོགས”ཀྱི་ མགོ་རྩོམ་ལ་ཉེ་བའི་ཉིན་འདི་དག་གི་རིང་འཛམ་གླིང་གི་ཡུལ་གྲུ་སོ་སོའི་ལུས་རྩལ་ འགྲན་བཞུགས་མི་སྣ་དང་ས་གནས་སོ་སོའི་དམངས་ཚོགས་རྣམས་ཀྱིས་ངོ་མཚར་བའི་ལྟད་ མོར་མཐོང་བར་སེམས་བསམ་པས་དགའ་བསུ་བྱེད་བཞིན་འདུག་ཞིང༌། རིགས་སོ་སོའི་མི་མང་གིས་རེ་བའི་ཡིད་ཆེས་ཀྱི་སྨོན་ལམ་ཡང་ཡང་འདེབས་བཞིན་འདུག “རྒྱལ་སྤྱིའི་ཨའོ་ལིན་ཕིས་ཁུ་ལས་རྩལ་འགྲན་ཚོགས”ནི་ འགྲོ་བ་མི་སྤྱི་ལ་དབང་བའི་ཐོབ་ཐང་དང་རང་དབང༌། དམངས་གཙོ། ཞི་བདེ། འཆམ་མཐུན། འདྲ་མཉམ་སོགས་འགྲོ་བ་མིའི་རྣམ་དཔྱོད་ཀྱི་ཉིང་བཅུད་དུ་འདས་པའི་ཕུགས་བསམ་དང་ ཚེ་སྲོག བསམ་བློ། ལོ་རྒྱུས་ཀྱི་བདེན་པ་འཚོལ་སྙེགས་བྱེད་སའི “ཐུན་མོང་གི་སྟེགས་བུ”ཞིག་ཡིན་ཟེར་བ་མ་ཡིན་ནམ།
ཀྲུང་གོའི་གཉའ་གནོན་འོག་གི་བོད་པ་བྲན་གཡོག་རྣམས་ལ་མཚོན་ན“རྒྱལ་སྤྱིའི་ཨའོ་ལིན་ཕིས་ཁུ་ལུས་རྩལ་འགྲན་ཚོགས”ནི་མིང་ཤི་བོ་ཞིག་རེད། རི་མཐོ་ས་གཙང་གི་ང་ཚོའི་བོད་མི་དམངས་ཚོགས་ལ་མཚོན་ན“ཨའོ་ལིན་ཕིས་ཁུ་ལུས་རྩལ་འགྲན་ཚོགས”ནི་ཐག་རིང་ཐག་རིང་ཞིག་རེད། “རྒྱལ་སྤྱིའི་ཨའོ་ལིན་ཕིས་ཁུ་ལུས་རྩལ་འགྲན་ཚོགས”མགོ་ རྩོམ་ལ་ཉེ་བའི་ཉིན་འདི་དག་གི་རིང་ང་རང་ཚོ་སྔར་བཞིན་རྡུང་རྡེག་དང་བརྙས་བཅོས། ན་ཟུག་མྱོང་བཞིན་པ་ལས་ཁྱེད་རང་ཚོའི་ལྟད་མོ་དེ་དག་ཡེ་ནས་མཐོང་གི་མ་རེད། བོད་མི་དམངས་ཀྱིས་ཁྱོད་ཚོར་དགོངས་དག་ཞུ། བོད་མི་དམངས་ཀྱིས་གཉིས་སྟོང་བརྒྱད“ལོའི་རྒྱལ་སྤྱིའི་ཨའོ་ལིན་ཕིས་ཁུ་ལུས་རྩལ་འགྲན་ཚོགས”མཐོང་ གི་མ་རེད། བོད་མི་དམངས་ཀྱིས་ཁྱོད་ཚོར་དགོངས་དག་ཞུ། བོད་མི་དམངས་ཀྱི་ཁྱོད་ཚོའི་དཀའ་སྡུག་དང་རྔུལ་ཆུའི་གྲུབ་འབྲས་ཀྱི་རྣམ་དཔྱོད་ ཀྱི་ལྟད་མོ་དེ་དག་མཐོང་གི་མ་རེད། ང་ཚོའི་མཐོང་གིན་པ་ནི་གདུག་རྩུབ་ཀྱི་མནར་གཅོད་དང་ཡ་ང་བའི་རྡུང་རྡེག་གི“ལྟད་མོ”ལས“རྒྱལ་སྤྱིའི་ཨའོ་ལིན་ཕིས་ཁུ་ལུས་རྩལ་འགྲན་ཚོགས”ཞེས་ པ་དེ་མཐོང་གི་མ་རེད། ང་རང་ཚོའི་ས་ཆ་རྒྱ་དམག་གིས་སྐོར་འདུག་ཞིང་ང་རང་ཚོའི་མདུན་ན་འཇིགས་ཆེ ་བའི་མེ་དམའ་དང་མེ་སྒྱོགས་ཀྱི་འཇིགས་སྐུལ། འཛིན་བཟུང་དང་དམར་གསོད་སོགས་ལས“རྒྱལ་སྤྱིའི་ཨའོ་ལིན་ཕིས་ཁུ་ལས་རྩལ་འགྲན་ཚོགས”ཟེར་བ་ཞིག་ཡེ་ནས་མི་འདུག (“བོད་ཞི་བའི་ངོ་རྒོལ་ལས་འགུལ”མཇུག་ རྫོགས་པ་ནས་བཟུང་ང་ཚོའི་ས་ཆར་ཀྲུང་དབྱང་གི་དམག་དང་གྲོང་ཁྱེར་སོ་སོའི་མི་ དམངས་བཅིངས་གྲོལ་དམག་བོད་ཡུལ་གྱི་ས་གནས་ཁག་ལ་གནས་སྤོས་ཤིང“ཁྲིམས་འགལ་བ་ལ་རྡུང་རྡེག་བྱེད་པ། མི་དམངས་ཀྱི་བདེ་འཇགས་ལ་བརྩི་སྲུང་བྱེད་པ”ཞེས་ མིང་སྙན་མོ་རེ་བཏགས་ཡོད་མོད་དོན་དངོས་སུ་ཁོ་ཚོའི་མི་དམངས་ཀྱི་བདེ་འཇགས་ བརྩི་སྲུང་བྱེད་ཅེས་པ་ནི་ཉེས་མེད་ཀྱི་མི་རྣམས་རྡུང་རྡེག་ད་འཛིན་བཟུང་བྱེད་ པ་ཁོ་ན་རེད། མཚོ་སྔོན་ས་ཁུལ་གྱི་མགོ་ལོག རེབ་གོང༌། གཅན་ཙ། ཀན་སུའུ་ས་ཁུལ་གྱི་བླ་བྲང་དང་གཙོད། ཨ་མཆོག ཀླུ་ཆུ་རྫོང༌། སི་ཁྲོན་ས་ཁུལ་གྱི་རྔ་བ་རྫོང༌། ཁྱུང་མཆུ་རྫོང༌། མཛོད་དགེ་རྫོང༌། སྟག་ཚང་ལྷ་མོ་བཅས་སུ་རྒྱ་དམག་གིས་བཀང་འདུག་པ་དང༌། བོད་མི་སེར་སྐྱ་མང ་ཚོགས་ཀྱི་འགྲོ་འདུག་ལ་ཁོ་པ་ཚང་གི་ལྟ་ཞིབ་ནན་ཏན་བྱེད་བཞིན་པ་མ་ཟད་བོད་མི་ དག་རྫོང་དང་གྲོང་ཁྱེར་སོགས་སུ་འགྲོ་བར་བཀག་འགོག་ནན་མོ་བྱེད་བཞིན་ཡོད། ལྷག་ཏུ་གྲྭ་བ་ཞིག་ཡིན་ན་རྫོང་དང་ཞང་གི་མཆོག་མཆན་མ་ཐོབ་ན་སོང་མི་ཆོག་པ་རེད། ལྷག་ཏུ་ཅ་དངོས་ཟ་ཆས་ཀྱི་་རིན་གོང་སྔར་ལས་ཇེ་མཐོ་སོང་བ་བཅས་ཀྱི་དབང་གིས་བོད་ མི་དམངས་ཀྱི་འཚོ་བར་དཀའ་སྡུག་ཆེན་པོ་བྱུང༌། བོད་རང་གི་གོམས་སྲོལ་ལྟར་ན་ལོ་རེའི་དབྱར་ཁའི་ཚེས་བཅོ་ལྔ་ཉིན་གྱི་ཉིན་ལྔ་ནས་ དྲུག་བར་ལ་རྩེ་བསྟོད་པ་དང་ཞོར་དུ་རྟ་རྒྱུགས་འགྲན་བསྡུར་དང་ཤེད་རྩལ་འགྲན་ བསྡུར་སོགས་བྱེད་ཀྱིན་ཡོད་མོད་དོ་ཚིགས་ཀྱི་ལོ་འདིར་མཚོ་སྔོན་ྱི་ས་ཁུལ་ཁ་ཤས་ མ་གཏོགས་དེ་དག་ལ་བཀག་འགོག་བྱས་པ་དང༌། ད་དུང་རྫོང་སོ་སོ་དང་ཞང་སོ་སོར་་སྤྱི་བདེ་མི་དམངས་སྲིད་གཞུང་ཁང་མང་པོ་ བཙུགས་ཏེ་དམག་མི་ཇེ་མང་བཏང་ཞིང༌། རྫོང་དང་ཞང་སོགས་སུ་ལྟ་ཞིབ་དོ་དམ་འཕྲུལ་ཆས་སོགས་མང་པོ་བཞག་ནས་བོད་མི་ཚོའི་ འགྲོ་འདུག་ལ་ཐེར་དོགས་བྱེད་བཞིན་ཡོད། འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་རྫོགས་ནས་ད་ལྟའི་བར་དམག་མི་ཆེས་མང་པོའི་ས་ ཆ་ནི་བོད་ཡུལ་ཡིན་པ་འཛམ་གླིང་མི་དམངས་ཀྱིས་ཤེས་མེད་པ་འདྲ། དེ་འདྲ་ཞིག་ཡིན་དགོས་དོན་ནི་མའོ་ཙེ་ཏུང་གིས“སྲིད་དབང་ནི་མེ་མདའི་ཁ་ནས་ཐོན་པ་ཡིན”ཟེར་ བའི་ཀྲུང་གོའི་ལམ་ལུགས་ངོ་མ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ ལུགས་ཀྱི་ངོ་གདོང་དངོས་མ་དེ་ཡིན་ལ། ཀྲུང་གོའི་སྲིད་གོའི་སྲིད་གཞུང་གིས“རང་སྐྱོང་ལྗོངས”དྲུག་ལ“བྲན་གཡོག་ལམ་ལུགས”ལག་བསྟར་བྱེད་པའི་མཐར་ཐུག་གི་དམིགས་ཡུལ་དང་འཆར་གཞི་ཡིན། ) ཀྲུང་གོའི་སྲིད་གཞུང་གིས་བོད་ཀྱི་རིག་གནས་ལའང་གནམ་གྱིས་མི་ཁེབས་པའི་བཤུ་གཞོག་བྱེད་ཀྱི་ཡོད་པ་དང༌། “བོད་ཡིག”བཀོལ་ སྤྱོད་ཀྱི་རང་དབང་ལ་གསའ་དང་གསེང་ནས་གཉའ་གནོན་བྱེད་ཀྱི་ཡོད། བོད་ནང་ཁུལ་གྱི་སྲིད་འཛིན་པའི་སྡེ་ཡི་མགོ་ཁྲིད་མང་ཆེ་བ་ཞིག་གིས་བོད་ཡིག་ སྦྱོང་ན་དགོས་པ་མེད་པ་དང༌། དུས་རབས་འདིའི་ནང་དུ་བོད་ཡིག་སྦྱོང་ན་བཀོལ་སྤྱོད་མེད་པའི་ལྟ་ཚུལ་འདུག བོད་མི་དམངས་ཚོགས་ལ་དེ་ལྟ་བུའི་ལྟ་ཚུལ་སྐྱེས་པར་ཁག་ཡེ་ནས་མི་འདུག རྒྱུ་མཚན་ནི་སྲིད་གཞུང་གིས་མི་རིགས་རང་གི་སྐད་ཆ་ཡི་གེ་བཀོལ་སྤྱོད་བྱེད་པའི་ དབང་ཆ་ཡོད་ཅེས་བཤད་ཀྱི་འདུག་མོད། དོན་དངོས་སུ་ཁོ་པ་ཚང་གི་སྐད་ཆ་དེ་ནི་ཕྱིའི་མི་རིགས་ལ་ཁ་གཡར ་ས་ཙམ་ལས་བོད་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་བའི་དབང་ཆ་རྦད་དེ་འཕྲོག་ཡོད། དེ་བཞིན་མི་རིགས་གཞན་ལའང་རང་གི་ཡི་གེ་བཀོལ་སྤྱོད་བྱེད་པའི་དབང་ཆ་ཐོབ་ཀྱི་ མེད།གནར་གཅོད་དང་བཤུ་གཞོག་ཇི་ལྟར་བྱས་རུང་བོད་མི་དམངས་ཀྱི་གཞོམ་གཞིག་བྲལ་ བའི་སྙིང་སྟོབས་ལ་ནམ་ཡང་ཞུམ་པ་ཡོད་མི་སྲིད། མུན་ནག་གིས་ང་ཚོ་ལ་མིག་ཟུང་ནག་པོ་ཞིག་སྦྱིན་བྱུང་བས་ང་ཚོ་བོད་མི་དམངས་ཚོགས་ ཀྱིས་དེ་ལ་བརྟེན་ནས་འོད་སྣང་གི་སྐར་ཁུང་འཚོལ་ཐུབ་ངེས། ཀྱེ་ཀྱེ། བདག་གི་རྒྱལ་སྤྱིའི་མི་དམངས་ལགས། མདུན་དུ་སྐྱོད། རང་དབང་དང་དམངས་གཙོ། འདྲ་མཉམ་གྱི་བདག་པོ་ནི་ང་ཚོ་ཡིན་སྲིད་པས། བཤུ་གཞོག་དང་གཉའ་གནོན་གྱི་མུན་པ་ཇི་འདྲའི་སྟུག་རུང༌། མདུན་དུ་སྐྱོད། མདུན་དུ་སྐྱོད། རེ་བ་ཡི་འོད་སྣང་གི་དཔའ་འབར་ང་ཚོ་ལས་གཞན་སུས་ཀྱང་སྒྲོན་མི་ནུས་སོ།
བདག་གི་རྒྱལ་སྤྱིའི་མི་ དམངས་ལགས། ཀྱེ་ཀྱེ། བདག་གི་གདོང་དམར་བ། ཡར་ལ་ལོངས། བདེན་དོན་དང་ཞི་བདེ། འཆམ་མཐུན་གྱི་དོན་དུ་གཅེས་པའི་ཚེ་སྲོག་གིས་དམར་མཆོད་བྱེད་དགོས་རུང༌། ཡར་ལ་ལོངས། ཡར་ལ་ལོངས། མུན་ནག་མདུན་གྱི་སྐྱ་རེངས་བསུ་བའི་འགྲོ་བ་མིའི་མི་སེར་དེ་ང་ཚོ་ཡིན། ང་ཚོ་ཡིན། བདག་གི་གདོང་དམར་བ།
2008 7 26ཉིན་ཕུལ་བ་དགེ་གྱུར་ཅིག
མཆན།
སྙན་ཞུ་འདི་ནི3.14བོད་ ཞི་བའི་འོས་ལངས་སྐབས་དང༌། དེ་ཕྱིས་ཀྱི་ཟླ་ངོ་གཉིས་ཙམ་གྱི་རིང་ལ་བོད་ནང་ཁུལ་གྱི་གནས་ཚུལ་དངོས་མཐོང་ ཐོས་མྱོང་གསུམ་ལྷད་མ་འདྲེས་པར་བཀོད་ཡོད་ལ། དགྱ་ནག་སྲིད་གཞུང་གིས་ཟླ་གཉིས་ཀྱི་རིང་ལ་དྲག་པོའི་གཉའ་གནོན་དང་འཇིག་སྐུལ། བཀག་སྐྱིལ། གསར་འགྱུར་རྫུན་བཟོ། བྲན་བསྒྱུར་སློབ་གསོ་སོགས་ཕྱོགས་མང་པོའི་ཐད་ནས་བོད་རིགས་དམངས་ཚོགས་ཀྱི་ཐོབ་ ཐང་ལ་ལོ་རྒྱུས་སུ་སྔར་ན་མེད་པའི་རྡོག་བརྫིས་དང་རྡུང་རྡེག མི་ལུས་རང་དབང་ལ་བཙན་འཛུལ་གང་མང་བྱས་པ། སྙན་ཞུ་འདིར་ཁ་གསལ་དང་མདོར་བསྡུས་ཀྱིས་བཀོད་ཡོད་ལ། བཀག་སྡོམ་གྱི་དབང་གིས་ས་ཆ་ལ་ལར་དངོས་སུ་འགྲོ་མ་ཐུབ་ལ། དེའི་སྐོར་གྱི་གསར་འགྱུར་ཀྱང་ལག་སོན་མ་བྱུང་ད་དུང་རྐྱེན་དུ་མས་དུས་ཐོག་ཕྱི་ ལ་བསྐུར་མ་ཐུབ་པར་འགོར་ཙམ་བྱུང་ཡང་ ཕྲན་གྱི་རེ་བར་ཚང་མས་ དེ་ཕྱོགས་ནས་རབ་བྱུང་ན་འདི་དབྱིན་ཡིག་ལ་བསྒྱུར་ནས་ནམ་ཡང་བདེན་དོན་སྐྱོང་ བཞིན་པའི་རྒྱ་ཆེའི་རྒྱལ་སྤྱིའི་ཚོགས་སྡེ་དང༌། མཉམ་འབྲེལ་རྒྱལ་ཚོགས། བོད་གྱི་གྲོགས་པོ་སྒོས་སུ་གཞིས་བྱེས་པ་རྣམ་པས་ཐུགས་གཟོད་གནང་རོགས་ཞུ། ཞེས་བོད་ནང་ཁུལ་དུ་ཙི་གུ་བཞིན་ངང་ཆུང་གིས་འཚོ་ཞིང་སྡོད་པའི་སློབ་མ་གཟོར་རུ་ འབོད་པའི་སྦྱར་བ་ཐམས་ཅད་དགེ་བའི་ངོ་བོར་གྱུར་ཅིག་གུ།།
རྩོམ་སྒྲིག་པའི་གསལ་བཤད།
རྩོམ་ཡིག་འདི་ཀླུ་འབུམ་གྱི་དུས་བབ་ཟིན་བྲིས་ནང་རྩོམ་ཆ་ཚང་མ་ཤོངས་པ་ལྟར། དགེ་འདུན་རབ་གསལ་ལགས་ཀྱིས་ཁ་བརྡ་དྲ་རྒྱའི་ནང་ཕབ་པ་འདིར་འདྲེན་འགོད་བྱས་པ་ཡིན། འཕྲིན་གཏོང་མཁན་གྱི་མིང་ལ་རོ་ལངས་ཞེས་པའི་སྨྱུག་མིང་འགོད་རྒྱུ་ནི་སློབ་མ་ཁོ་རང་གི་རེ་བ་རེད་ཅེས་ཀླུ་འབུམ་ལགས་ཀྱིས་འདི་གར་བརྗོད་བྱུང་།
ལས་ཀ་འདིའི་རིགས་ཚེ་སྲོག་འབེན་ལ་བཞག་ནས་སྒྲུབ་ཀྱི་ཡོད་པས། དབྱིན་བསྒྱུར་གནང་རྒྱུ་ཧ་ཅང་གལ་ཆེན་དུ་ཡིན། གལ་སྲིད་ཁྱབ་བསྒྲགས་ཡག་པོ་ཞིག་སོང་བ་ཡིན་ན། བོད་ནང་གི་མི་རྣམས་ཀྱི་སེམས་ཤུགས་སྤར་ཐུབ་ལ། གནས་ཚུལ་འདི་ལས་ལྷག་པའང་འབྱོར་སྲིད། ཡིན་ནའི། རྩོམ་ཡིག་འདིའི་ནང་དུ་བརྗོད་ཀྱིན་པའི་མང་གཙོ་དང་རང་དབང་སོགས་ལ་འགྱུར་བ་གཏོང་རུང་གི་མ་རེད་དཱ།