ལེ་ཚན་བཞི་པ། རྒྱ་ནག་གཅིག་ལ་དམར་ཤོག་ཚོགས་པ་གཉིས།
ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༡༩ ཉིན་སྤེལ།
རྒྱ་ནག་གི་བྱེད་སྟངས་མི་འདྲ་བ་གཉིས།
རྒྱ་ནག་གི་མཐོ་རིམ་ལས་བྱེད་ཁ་ཤས་ཀྱིས་ཁོང་ཚོའི་བཤད་སྲོལ་ལྟར་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ “སྔ་ཚིག་ཕྱི་འགལ་གྱི་བསྒྲགས་གཏམ་” སྤེལ་གནང་གི་ཡོད་པ་དེ་དག་གཞི་ལ་བཞག་པའི་ཐོག་ནས་ཏཱ་ལའི་བླ་མ་གཉིས་ཡོད་བཟོ་འདུག་ཅེས་སྡུག་སྐད་རྒྱག་གི་ཡོད་པ་རེད། དེ་མཚུངས་ང་ཚོ་ལའང་རྒྱ་ནག་དམར་ཤོག་ཚོགས་པ་གཉིས་ཡོད་བཟོ་འདུག་སྙམ་དུ་ཡ་མཚན་སྐྱེ་གི་ཡོད་པ་འདི་དག་རྒྱ་ནག་རང་ཉིད་ཀྱི་ད་ཡོད་ཆབ་སྲིད་ཀྱི་བཀོད་སྒྲིག་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་དེ་དང་ཕལ་ཆེར་མཐུན་ཤས་ཆེ་བ་ཡོད་ཅིང༌། རྒྱ་ནག་དམར་ཤོག་ཚོགས་པ་གཅིག་ནི། སྲིད་འཛིན་ཧུའུ་ཅིན་ཐའོ་དང༌། སྲིད་བློན་ཝུན་ཅཱ་པའོ་གཉིས་ནས་བར་ལམ་ཟི་ཁྲོན་ ༼ཞིང་ཆེན་༽ ནང་ས་ཡོམ་གྱི་གོད་ཆག་བྱུང་སྐབས་ལམ་འཕྲལ་གདོང་ལེན་བྱེད་བབས་ལ་གཞིགས་ན། བརྩེ་དུང་ཆེ་ལ་ ༼མི་མང་གི་དཀའ་སྡུག་ཞུ་འབོད་ལ་༽ ཡ་ལན་བྱེད་མྱུར་བ་དང༌། ཕྱི་གསལ་ནང་གསལ་ཞིག་ཡིན་བཟོ་འདུག་ཅིང༌། སྐབས་དེར་རྒྱ་ནག་གཞུང་ནས་སྲོག་སྐྱོབ་རོགས་མགོན་གྱི་ལས་འགུལ་སྤེལ་སྒོ་ཁག་འཐུས་ཚང་བྱུང་ཡོད་པ་འདིས་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་གཟུགས་བརྙན་དེ་བས་མཐོར་འདེགས་བྱེད་ཐུབ་པ་བྱུང་ཡོད།
དམར་ཤོག་ཚོགས་པ་གཞན་དེ་ནི་སེར་སྣ་ཅན་དང༌། འཁྲུལ་སྨྱོའི་ནད་ཀྱིས་མནར་བ་གང་ཞིག་དུས་ལས་ཡོལ་ཟིན་པའི་རིག་གནས་གསར་བརྗེ་ཆེན་མོའི་འཆིང་ཐག་གིས་ཡོངས་སུ་བཅིངས་པ་ཞིག་ཡོད་པ་ཡིན། དེ་ལྟར་ཡིན་པ་དཔེ་མཚོན་གྱི་ཐོག་ནས་འགྲེལ་བརྗོད་བྱས་ཚེ། བར་ལམ་རྒྱའི་དབང་འཛིན་པ་ཚོས་བོད་མིའི་ཞི་རྒོལ་གྱེན་ལངས་ཀྱི་ལས་འགུལ་ལ་གདོང་ལེན་བྱེད་ཆེད་ “མི་དམངས་ཀྱི་དམག་འཐབ་” ཅེས་པ་འདྲེན་རྒྱུའི་ཐག་གཅོད་བྱས་ཡོད་པས་ཡིན་ཞིང༌། འཛམ་གླིང་ནང་གི་རྒྱལ་ཁབ་སྟོབས་ཤུགས་ཆེ་གྲས་ཤིག་གི་འགན་ཡོད་སྲིད་གཞུང་ནས་དེ་ལྟར་ “རང་གི་མི་དམངས་” ཐོག་ “དམག་འཐབ་འདྲེན་རྒྱུའི་” ཐག་གཅོད་བྱེད་པ་དེ་ནི་རྒྱལ་ཁབ་གང་དེའམ། གསལ་པོར་བརྗོད་ན་རྒྱ་ནག་རང་ཉིད་ཀྱི་འདས་པའི་གསར་བརྗེའི་བྱུང་རབས་ལོ་རྒྱུས་སྨོས་ཅི། འཇིག་རྟེན་ཡ་རབས་ཀྱི་སྤྱོད་ཚུལ་ཐོག་ནས་བརྗོད་ནའང་ཡོངས་སུ་རྒྱབ་འགལ་དུ་འགྲོ་གི་ཡོད། དེ་ལྟ་ནའང༌། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་གྱི་རབ་ཏུ་བཀྲ་
བའི་འོད་སྣང་སྟེ། དེར་གནས་ཚུལ་ཁྱབ་འགྲེམས་བྱེད་པའི་ནུས་ཤུགས་ཅི་ཆེ་ཡོད་པ་དེའི་ཕ་རོལ་དུ་རྒྱའི་དབང་འཛིན་པ་རྣམས་ཀྱིས་ཡ་ང་བག་ཚ་དང༌། གནོང་འགྱོད་ཀྱི་བསམ་བློ་ཕྲན་ཚེགས་ཀྱང་མེད་པའི་སྒོ་ནས་བོད་མི་ཞི་རྒོལ་བའི་ཐོག་དྲག་གནོན་བྱས་ཡོད་པར་མ་ཟད། ཁོང་ཚོར་རང་གི་བྱས་ཉེས་ངོས་ལེན་བྱེད་དུ་འཇུག་ཆེད་ཉེས་རྡུང་བཏང་བ་དང༌། བཙོན་འཇུག་བཀག་ཉར་བྱས་པ། མནར་གཅོད་བཏང་བ་བཅས་ཀྱི་ཐོག་དུས་རིང་བཙོན་འཇུག་གི་ཁྲིམས་ཆད་ཀྱང་བཏང་ཡོད་པ་རེད། ད་དུང་བར་ལམ་ཟི་ཁྲོན་ ཞིང་ཆེན་ ནང་ས་གཡོས་ཀྱི་རྐྱེན་ངན་བྱུང་སྐབས་བཅིངས་འགྲོལ་དམག་དང༌། དྲག་ཆས་ཉེན་རྟོག་དམག་མི་ཟེར་བས་གནོད་འཚེ་ཕོག་ཡུལ་གྱི་ས་ཁུལ་ནང་སྲོག་སྐྱོབ་ཀྱི་བྱ་བར་རྩེ་གཅིག་ཏུ་གཞོལ་བཞིན་ཡོད་ནའང༌། ཞིང་ཆེན་དེའི་ཁོངས་གཏོགས་ཀྱི་བོད་རིགས་གནས་ཡུལ་ས་ཁུལ་ཁག་ཏུ་ཞི་རྒོལ་སྐད་འབོད་ཀྱི་ལས་འགུལ་ཐོར་བུ་རེ་ད་དུང་ཡང་འབྱུང་བཞིན་ཡོད་པའི་ཆ་ནས། ཁུལ་དེ་དག་ཏུ་ཁོང་ཚོས་སྲོག་སྐྱོབ་ཀྱི་ལས་དོན་བསྒྲུབ་རྒྱུའི་ཚབ་ཏུ་ཞི་རྒོལ་ནང་ཞུགས་མཁན་བོད་མི་རྣམས་འཛིན་བཟུང་བྱ་རྒྱུའི་ཐད་ལ་སེམས་འཚབ་མང་བ་བྱེད་ཀྱི་ཡོད་པ་རེད།
“མི་དམངས་ཀྱི་དམག་འཐབ་” ཅེས་པའི་གདོང་ལེན་རུ་ཁག་གམ། མདུན་བསྐྱོད་དམག་དཔུང་ནི་མི་དམངས་དྲག་ཆས་ཉེན་རྟོག་པ་ཟེར་བ་རྣམས་ཡིན་ཞིང༌། ཁོང་ཚོའི་ལས་འགན་ནི་རྒྱལ་ནང་གི་བདེ་འཇགས་འགན་སྲུང་བྱ་རྒྱུ་དེ་རེད། ༼རྒྱ་ནག་ལ་༽ མི་དམངས་དྲག་ཆས་ཉེན་རྟོག་པ་ཁྱོན་བསྡོམས་གྲངས་ ༨༠༠༠༠༠ ཡོད་པ་དང༌། ཁོང་ཚོ་ནི་འཛམ་གླིང་ཡུལ་གྲུ་གང་དུ་ཨོ་ལམ་པིཀའི་དཔལ་འབར་བསྐོར་བསྐྱོད་བྱས་པ་དེར་མཉམ་བསྐྱོད་བྱེད་མཁན་གྱོན་ཆས་སྔོན་པོ་སྤྲས་པའི་སྲུང་སྐྱོབ་མི་སྣ་ཁག་ཡིན་པར་མ་ཟད། ཉེ་ལམ་ རྒྱ་ནག་གཞུང་ནས་ བོད་མི་ཞི་རྒོལ་བའི་ཐོག་དྲག་གནོན་བྱས་པ་དེའི་འགན་ཡོད་མི་སྣའང་ཁོ་ཚོ་རེད། བོད་དུ་ཞི་རྒོལ་གྱེན་ལངས་ཀྱི་ལས་འགུལ་ཐོན་བཞིན་པའི་སྐབས་ཏེ། འདི་ལོ་ཕྱི་ཟླ་ ༤ པར་མི་དམངས་དྲག་ཆས་ཉེན་རྟོག་པའི་གསར་འཕྲིན་ནང་ ༼བོད་མི་ཞི་རྒོལ་བའི་ཐོག་༽ གོ་མཚོན་བེད་སྤྱོད་བྱེད་དགོས་པའི་སྐུལ་བརྡ་ཞིག་བཏང་ཡོད་པ་སྟེ། དེའི་ནང༌། “དམག་བསུའི་རྔ་སྒྲ་སྒྲོག་བཞིན་འདུག་ལ། ང་ཚོའི་མདུན་དུ་ ༼རྒྱལ་ཕམ་༽ ཐག་གཅོད་བྱེད་པའི་དམག་འཐབ་ཅིག་ལྷགས་ཡོད། ཀྲུང་གོའི་རྒྱལ་ཁབ་ཀྱི་གཟུགས་བརྙན་དང༌། མི་དམངས་དྲག་ཆས་ཉེན་རྟོག་པའི་མིང་མཐོང་གི་ཆེད་དུ་ང་ཚོས་རང་གི་ལས་འགན་བསྒྲུབ་རྒྱུ་ ༼ནམ་ཡང་༽ བརྗེད་རྒྱུ་མེད་” ཅེས་འཁོད་ཡོད་པས་ཡིན།
འོན་ཀྱང་ཉེ་ལམ་ཟི་ཁྲོན་ཞིང་ཆེན་ནང་ས་གཡོས་ཀྱི་གོད་ཆག་བྱུང་སྐབས་རྒྱ་ནག་དམར་ཤོག་ཚོགས་པས་རང་གི་གདོང་རིས་བཟང་བ་དེ་རྒྱ་རིགས་མི་མང་ལ་བསྟན་ཡོད་པ་རེད། ཇི་ལྟར་ཞེ་ན། འདི་ལྟར་ཏེ། རང་བྱུང་གི་གནོད་འཚེ་དེར་རྒྱ་ནག་གཞུང་འབྲེལ་གྱི་ཐོག་ནས་འཕྲལ་འཕྲལ་མྱུར་མྱུར་དང༌། ལྷག་བསམ་རྣམ་དག ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་ལན་འདེབས་སམ། གདོང་ལེན་བྱས་ཡོད་པས་ཡིན་ཞིང༌། རྒྱ་གཞུང་དྲིལ་བསྒྲགས་པུའུ་ཡིས་སྐབས་དེར་གསར་འགྱུར་ལས་བྱེད་པ་རྣམས་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་ཐལ་མི་ཆོག་པའི་བཀའ་རྒྱ་ནན་པོ་བཏང་ཡོད་ནའང༌། བཀའ་བརྩི་དང་ལེན་མི་ཞུ་མཁན་གྱི་གསར་འགྱུར་ཚན་ཁག་ལ་ཉེས་ཆད་གཅོད་པའི་རིགས་གང་ཡང་བྱུང་མེད། དེ་ནི་གོང་གསལ་རང་བྱུང་གི་གནོད་འཚེ་དང༌། དེ་འབྲེལ་མྱུར་སྐྱོབ་རོགས་ཕན་གྱི་ལས་འགུལ་རྣམ་གྲངས་ཇི་སྤེལ་བཅས་ཀྱི་སྐོར་གསར་འགྱུར་མཁོ་འདོན་བྱེད་ཆེད་རྒྱ་རིགས་གསར་འགོད་པ་ཚོ་ལམ་འཕྲལ་ཁྲེང་ཏུའུར་ཤར་བསྐྱོད་བྱས་པར་བརྟེན་བཀའ་རྒྱ་ཕྱིར་བསྡུ་མི་བྱ་ཀ་མེད་ལ་ཐུག་པ་རེད། སྐབས་དེར་སྲོག་སྐྱོབ་དང༌། རོགས་སྐྱོར་གྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་བའི་ནང་འགྲོ་བ་མིའི་གཞི་རིམ་གྱི་ཚོགས་སྡེ་ཁག་དང༌། མི་སྒེར་བཅས་ནས་ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་མཉམ་ཞུགས་བྱས་ཡོད་པར་མ་ཟད། སྒེར་གྱི་ཞལ་འདེབས་བསྡུ་སློང་རྒྱག་མཁན་ཚོས་གནོད་འཚེ་ཕོག་པ་རྣམས་ཀྱི་ཆེད་དུ་ཨ་སྒོར་ས་ཡ་བརྒལ་བ་བསྡུ་གསོག་ཀྱང་བྱེད་ཐུབ་པ་བྱུང་ཡོད། ད་དུང་མི་མང་གིས་གནོན་ཤུགས་སྤྲད་པའི་འོག་རྒྱའི་དབང་འཛིན་པ་རྣམས་ཀྱིས་བར་ལམ་གནོད་འཚེ་ཕོག་མཁན་ཚོའི་ཆེད་དུ་ཉིན་གསུམ་རིང་རྒྱལ་ཡོངས་སུ་མྱ་ངན་བྱས་ཡོད་པ་དེ་ནི་མའོ་ལྟ་བུའི་རྒྱ་ནག་གི་དབུ་ཁྲིད་ཆེ་ཁག་ལ་མ་གཏོགས་མྱ་ངན་གུས་འདུད་ཞུ་གི་མེད་པ་དེའི་གནས་ཚད་དང་མཉམ་པར་གྱུར་ཡོད་ཅིང༌། འདི་སྐོར་ནིཀློས་ཀྲིསཊོབ་ཀྱིས་ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༢༢ ཉིན་ནིའུཡོག་ཀྲཡེམས་ཞེས་པའི་ཚགས་ཤོག་ཐོག་རང་གི་བསམ་ཚུལ་མཚོན་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང་འགྲེལ་བརྗོད་བྱས་གསལ། ད་རེས་རྒྱ་ནག་དམར་ཤོག་ཚོགས་པས་རང་གི་ ༼མངའ་ཁོངས་༽ མི་མང་ལ་ “རྒྱལ་དམངས་” ཀྱི་འདུ་ཤེས་བཅངས་ཡོད་པ་ལས་ “མངའ་འབངས་” ཀྱི་འདུ་ཤེས་བཅངས་མེད་ཅེས་བརྗོད་འདུག
བར་ལམ་ཟི་ཁྲོན་ནང་གསར་འགོད་པ་ཚོ་ཡོང་དུ་བཅུག་ཡོད་ཀྱང༌། བོད་ནང་ད་དུང་ཡང་བཀག་རྒྱ་ནན་པོ་བྱེད་ཀྱི་ཡོད་པ་རེད། ཟི་ཁྲོན་སྲིད་གཞུང་གིས་རོགས་རམ་འབོད་སྐུལ་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་ཕྱི་ལོགས་ནས་རོགས་སྐྱོར་གྱི་རྣམ་གྲངས་ཇི་འབྱོར་ལ་ངོས་ལེན་ཡང་བྱེད་ཀྱི་ཡོད་པ་རེད། བོད་ནང་ལ་མཚོན་ན། ྋགོང་ས་ྋསྐྱབས་མགོན་ཆེན་པོས་རེ་འདུན་གནང་མིན་ལ་མ་ལྟོས་པར་རྨས་མ་ཚོར་སྨན་བཅོས་མཐུན་སྦྱོར་བྱེད་མཁན་གྱི་རྒྱལ་སྤྱིའི་ཚོགས་ཆུང་ཁག་ཡོང་དུ་འཇུག་གི་མེད་པ་རེད། ནིའུཡོག་ཀྲཡེམས་ཞེས་པའི་ཚགས་ཤོག་གི་ཕིལིཔ་ཏོབ་མན་ཞུ་བས་དཔྱད་རྩོམ་སྤེལ་བ་ཞིག་ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༢༦ ཉིན་ཀྲཡེམས་ཨོཕ་ཨིནྜིཡ་ཞེས་པའི་ཚགས་ཤོག་ཐོག་བསྐྱར་འདོན་བྱས་འདུག་པ་དེའི་ནང་འཁོད་དོན། ༼རྒྱ་ནག་གཞུང་ནས་དེང་སྐབས་ཁོང་ཚོས་༽ ས་ཡོམ་གྱི་གནོད་འཚེར་གདོང་ལེན་བྱེད་བཞིན་པའི་གནས་ཚུལ་ཁྱབ་བསྒྲགས་ཤུགས་ཆེ་བྱེད་པ་དང་ལྷན་དུ། བོད་ནང་གི་ཞི་བའི་གྱེན་ལངས་ལས་འགུལ་ལ་ཁོང་ཚོས་དྲག་གནོན་བྱས་པའི་གནས་ཚུལ་འགོད་སྤེལ་བྱ་རྒྱུར་ཚོད་འཛིན་དམ་བསྒྲགས་བྱེད་ཀྱི་ཡོད་པ་དེ་དག་ ༼སྤྱི་ཚོགས་༽ བརྟན་ལྷིང་མི་ཡོང་བའི་རྒྱུ་རྐྱེན་དུ་འགྲོ་རྒྱུ་ལས་ལྡོག་སྟེ། རྒྱ་ནག་གི་ ༼སྤྱང་གྲུང་དོད་པོའི་བྱེད་ཕྱོགས་ཤིག་ཏུ་འགྱུར་སྲིད་པ་ཡིན་༽ ཞེས་གསལ་འདུག་པ་འདིས་གོང་གསལ་ང་ཚོའི་བརྗོད་དོན་ལ་བདེན་དཔང་བྱེད་ཀྱི་མི་འདུག་གམ།
འདི་ལྟར་དབྱེ་འབྱེད་བྱེད་དགོས་དོན་གང་ཡིན་ནམ།
དབྱེ་འབྱེད་འདི་དག་གང་ལས་བྱུང་བའི་འབྱུང་ཁུངས་ལྟ་བུ་ནི། རྒྱའི་དབང་འཛིན་པ་ཚོས་བོད་ནང་རྒྱ་ནག་དམར་ཤོག་ཚོགས་པའི་གདོང་རིས་ངན་པ་དེ་སྟོན་གྱི་ཡོད་པའི་དངོས་དོན་དེར་ཐུག་ཡོད་ཅིང༌། རྒྱ་ནག་དམར་ཤོག་ཚོགས་པའི་སྤྱོད་ཚུལ་འདིས་བོད་མི་རྣམས་ལ་ “མངའ་འབངས་” ཀྱི་འདུ་ཤེས་འཆང་གི་ཡོད་པར་མ་ཟད། ཁོང་ཚོས་ལས་དོན་གང་ཞིག་བྱེད་ཆོག་པ་དང༌། གང་ཞིག་མི་ཆོག་པའི་ཐོ་གཞུང་རིང་པོ་ཞིག་ཀྱང་ཟུར་དུ་ཡོད་པ་རེད། རྒྱ་ནག་དམར་ཤོག་ཚོགས་པས་ངོས་འཛིན་ག་རེ་བྱེད་ཀྱི་ཡོད་ཅེ་ན། བོད་མི་ཚོས་ ༼རང་གི་བདེ་དོན་དང་འབྲེལ་བའི་གནད་དོན་ཐོག་༽ བསམ་བློ་གཏོང་ཆོག་གི་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་ཅིང༌། དེར་བརྟེན་བོད་མི་ཚོས་ངོ་རྒོལ་བྱེད་མིན་ལ་མ་ལྟོས་པར་རྒྱའི་དབང་འཛིན་པ་རྣམས་ཀྱིས་ཁོང་ཚོར་གུང་ཁྲན་ཏང་དང་ཀྲུང་གོར་དགའ་ཞེན་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོར་རྒྱབ་གཏོད་བྱེད་དགོས་པའི་བཙན་ཤེད་བྱ་རྒྱུའི་ཆེད་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་མུ་མཐུད་སྤེལ་གྱི་ཡོད་པ་རེད། གསལ་པོར་བརྗོད་ན། རྒྱའི་དབང་འཛིན་པ་ཚོས་ ༼སྔ་ལོ་༽ བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་རྩད་གཅོད་ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་རྒྱ་ནག་གཞུང་ལ་ཡོད་པའི་ཁྲིམས་ཡིག་གཏན་འབེབས་བྱས་པ་ལྟར་ཁོང་ཚོའི་མཁྲེགས་བཟུང་གི་སྲིད་བྱུས་ཁག་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུའི་བློ་སེམས་བརྟན་པོ་འཆང་གི་ཡོད་ཅིང༌། གོང་གསལ་གནས་ཚུལ་ཁག་ནི་བར་ལམ་བོད་མི་ཚོས་ཡོངས་གྲགས་ཀྱི་ལམ་ནས་ངོ་རྒོལ་གྱེན་ལངས་བྱས་པའི་གནས་ཚུལ་འདི་ཡོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཁག་ཡིན།
དབྱེ་འབྱེད་འདི་དག་གང་ལས་བྱུང་བའི་འབྱུང་ཁུངས་གཞན་ཞིག་ནི། བོད་ཀྱི་གནད་དོན་ཐད་ནས་བརྗོད་ན། རྒྱ་ནག་གི་དབང་འཛིན་མི་སྣའི་ཁྲོད་ནས་མཁྲེགས་བཟུང་ཅན་ཚོར་རྒྱལ་ཁབ་ཀྱི་བོད་འབྲེལ་སྲིད་བྱུས་ཁག་གཏན་འབེབས་བྱེད་པའི་འགན་དབང་སྤྲད་ཡོད་པ་དེ་ལས་བྱུང་བ་ཡིན་ཞིང༌། འདི་སྐོར་ང་ཚོའི་ལན་འདེབས་སྔོན་སོང་ནང་གསལ་བརྗོད་བྱས་ཟིན་ཡོད་པ་ལྟར། འགོ་ཁྲིད་མི་སྣ་དེ་ཚོའི་གྲས་ཀྱིས་གུ་བཤངས་ཀྱི་བསམ་བློ་དང་ཡོངས་སུ་བྲལ་བའི་གཏམ་བཤད་སྤེལ་གྱི་ཡོད་པ་དེ་དག་ང་ཚོར་དངངས་འཚབ་ཡོང་གཞིའི་གནས་ཚུལ་ཞིག་ཡིན། དཔེར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་གི་མཐོ་རིམ་འགོ་ཁྲིད་ཅིག་གིས་བོད་ནང་ལྷིང་འཇགས་མེད་པའི་གནས་སྟངས་ལ་གདོང་ལེན་བྱ་རྒྱུའི་སྲིད་གཞུང་གི་མཁྲེགས་བཟུང་སྲིད་བྱུས་གཏན་འབེབས་བྱེད་སྐབས་སུ། ༼ང་ཚོས་ལོ་མང་རིང་ཕྱི་ལ་ཡོད་པའི་ང་ཚོའི་མི་མང་༽ སོ་ཉུལ་དང༌། ༼ཁོང་ཚོའི་ཚབ་མཚོན་མི་སྣ་སོགས་༽ ལ་བལྟ་སྐྱོང་བྱས་ཡོད་ཅིང༌། ད་ཆ་ཁོང་ཚོར་ ༼བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཏོར་བཅོམ་བྱེད་པའི་༽ ལས་ཀ་བསྐུལ་རྒྱུའི་དུས་ལ་བབས་ཡོད་༽ ཅེས་བཤད་ཡོད་པ་ནས་གསལ་རྟོགས་ཐུབ་ངེས།
རྒྱ་ནག་ནང་གྲལ་རིམ་འཐབ་རྩོད་མེད་ནའང༌། བོད་དུ་ཡོད་པ་རེད།
ད་ལྟ་བོད་ནང་གྲལ་རིམ་གྱི་འཐབ་རྩོད་གསོན་ཤུགས་ལྡན་པའི་ངང་ནས་གནས་ཡོད་པ་དང༌། དེ་དག་རྒྱ་ནག་དམར་ཤོག་ཚོགས་པས་མཚོ་སྔོན་ཞིང་ཆེན་གྱི་འགོ་བྱེད་ཚོར་ཕྱི་ལོ་ ༡༩༥༨ ཟླ་ ༨ ཚེས་ ༢༧ འཁོད་པའི་བཀའ་རྒྱ་ཞིག་བཏང་ཡོད་པ་དེའི་ནང་དོན་ལ་གཞི་རྟེན་བྱས་ཡོད་པ་ཡིན། བཀའ་རྒྱ་དེ་ནི་ ༼མཚོ་སྔོན་ཁུལ་གྱི་༽ བོད་རིགས་ཚོ་ཤོག་ཁག་གི་ཁྲོད་ནས་ངོ་རྒོལ་གྱེན་ལངས་ཀྱི་གནས་ཚུལ་ཚབས་ཆེ་ཐོན་པ་དེ་དག་ལ་ཇི་ལྟར་གདོང་ལེན་བྱེད་དགོས་པའི་ལམ་སྟོན་ཞིག་ཡིན་པ་དང༌། དེའི་ནང་འཁོད་དོན། “གྲལ་རིམ་གྱི་སྤྱི་ཚོགས་ནང་མི་རིགས་གནད་དོན་གྱི་དོན་དངོས་ནི་གྲལ་རིམ་གྱི་གནད་དོན་ཡིན། གྲལ་རིམ་གྱི་དོན་དངོས་འཛིན་མ་ཐུབ་ན། མི་རིགས་ཀྱི་གནད་དོན་ཐག་གཅོད་དཔྱིས་ཕྱིན་པ་ཞིག་བྱེད་མི་ཐུབ་” ཅེས་གསལ་འདུག
རྒྱ་ནག་ནང་གྲལ་རིམ་འཐབ་རྩོད་དང༌། སྤྱི་ཚོགས་རིང་ལུགས་ ༼གཉིས་ཀ་༽ འདས་ཟིན་པའི་ལོ་རྒྱུས་ཀྱི་གནས་ཚུལ་ཞིག་ཡིན། ཕྱི་ལོ་ ༢༠༠༡ ཟླ་ ༡༠ ཚེས་ ༡༩ ཉིན་སཨུཏ་ཅའེནཱ་མོརྣཱིང་པོསྜ་ཞེས་པའི་ཚགས་ཤོག་ཐོག་གནས་ཚུལ་འགོད་སྤེལ་བྱས་པ་ཞིག་ལྟར་ན། ཐའེ་ཝན་ནས་ཡིན་པའི་གསར་འགོད་པ་ཞིག་གིས་ ༼བཅར་འདྲིའི་སྐབས་༽ སུ་ རྒྱ་ནག་ལ་ “ཀྲུང་གུང་ ༼རྒྱ་ནག་དམར་ཤོག་༽ ཅེས་བརྗོད་པར་སྐབས་དེའི་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཐང་ཅ་ཞོན་ ༼ཁོང་ཁྲོ་མི་བཟད་པ་ལངས་ཏེ་༽ གསར་འགོད་པ་དེར། “འདི་ནི་ཧྲང་ཧའེ་སྟེ། ཀྲུང་གོའི་ས་ཐོག་གི་གྲོང་ཁྱེར་ཆེན་པོ་ཞིག་རེད། ཁྱོད་ཀྱིས་ང་ཚོར་ཀྲུང་གོ་གུང་བྲན་རིང་ལུགས་ཞེས་བརྗོད་ཕོད་པའི་བློ་ཁོག་དེ་གང་ནས་བྱུང་བ་ཡིན་ནམ། གུང་བྲན་རིང་ལུགས་ཀྱི་ཀྲུང་གོ་ནི་འདས་ཟིན་པའི་ལོ་རྒྱུས་ཀྱི་གནས་ཚུལ་ཞིག་ཡིན་པ་དང༌། ད་ཆ་དེ་ལྟ་བུའི་བརྗོད་ཚིག་ བེད་སྤྱོད་བྱེད་མཁན་ ཡོད་པ་མ་རེད་” ཅེས་གཤེ་གཤེ་བཏང་ཡོད་འདུག
དེ་དང་ཕྱོགས་མཚུངས་པར་ ༼དེང་སང་༽ རྒྱ་ནག་ནང་གྲལ་རིམ་འཐབ་རྩོད་ཅེས་པའི་ཐ་སྙད་འདི་ཡང་ ༼བཀོལ་བྱེད་མཁན་༽ མེད་པར་གྱུར་ཡོད། དོན་དངོས་ཐོག་དེང་ཆར་རྒྱ་ནག་གཞུང་ནས་སྲིད་ཟུར་ཅང་ཙེ་རྨིན་གྱིས་བཏོན་པའི་མཚོན་བྱེད་གསུམ་གྱི་རིགས་པའི་གཞུང་ལུགས་ཀྱི་དར་ཆ་དེ་བས་མཐོན་པོར་སྒྲེང་ཐབས་འབད་བརྩོན་བྱེད་བཞིན་པའི་ཁྲོད་དུ་ཚོང་གཉེར་བ་དང༌། ཁེ་ལས་བདག་པོ་སོགས་དམར་ཤོག་ཚོགས་པའི་སྒྲིག་ཁོངས་སུ་ཞུགས་ན་དགའ་བསུ་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་བོད་ནང་མཚོན་ན། “ཏཱ་ལའི་རུ་ཚོགས་” ལ་ངོ་རྒོལ་བྱེད་པའི་རྒྱ་ནག་གཞུང་གི་འཐབ་རྩོད་ནི་གྲལ་རིམ་འཐབ་རྩོད་ཀྱི་ངོ་བོའམ། རྣམ་པ་ཅན་དུ་གནས་ཡོད་པ་དེའི་ནང་ཕ་རོལ་པོར་གུ་བཤངས་དང༌། ཕྱིར་བཤིག བཟོད་ཡངས་བཅས་ནམ་ཡང་བྱེད་ཀྱི་མེད་ལ། ཚུར་ཡང་དེ་ལྟར་ཡོང་རེ་བྱེད་ཀྱི་མེད་པ་རེད། གྲལ་རིམ་གྱི་འཐབ་རྩོད་ནི་འཐབ་རྩོད་ཀྱི་རྣམ་པ་མཐོ་ཤོས་དེ་ཡིན་ཞིང༌། འབྱུང་འགྱུར་ རྒྱ་ནག་དམར་ཤོག་ཚོགས་པ་འདི་ཉིད་འཚོ་གནས་ཐུབ་མིན་གྱི་གནད་དོན་ཡང་འཐབ་རྩོད་དེའི་ཐོག་བརྟེན་ཡོད་པ་ཡིན། དེས་ན་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་ཕྱོགས་ནས་བརྗོད་ཚེ། གོང་གསལ་འཐབ་རྩོད་ནི་འཆི་གསོན་གྱི་འཐབ་རྩོད་ཅིག་ཡིན་པ་གང་ཞིག་རང་ཉིད་འཚོ་དགོས་ན། ཕ་རོལ་པོ་འཆི་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་རེད།
རྒྱུ་མཚན་འདི་ལྟར་ལ་བརྟེན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་པོའི་འགོ་གཙོ་ཀྲང་ཆིང་ལི་ཡིས། “ད་ལྟ་ང་ཚོས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་དྲག་པོ་བྱེད་སྒང་ཡིན་པ་དེ་ནི་དགྲ་དང་རང་ཕྱོགས་བར་གྱི་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཅིག་ཡིན་” ཞེས་བརྗོད་ཡོད་པར་མ་ཟད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་ “ལུག་ལྤགས་གྱོན་པའི་འཕར་སྤྱང་དང༌། མིའི་གདོང་ལ་གཅན་གཟན་གྱི་སེམས་དང་ལྡན་པའི་གདོན་འདྲེ་ཞིག་རེད་” ཅེས་སོགས་ཀྱི་མཚན་སྨད་སྐུར་འདེབས་ཀྱང་ཞུས་ཡོད་པ་རེད།
ད་ལྟའི་ཆར་བོད་མི་མང་ཐོག་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་བཞིན་པ་དེའི་རྒྱབ་ཏུ་སུ་ཡོད་དམ་ཞེ་ན། རྒྱ་ནག་གི་འགོ་ཁྲིད་མི་སྣའི་ཁྲོད་ནས་མཁྲེགས་བཟུང་ཅན་ཚོ་ཡོད་པ་དང༌། ཁོང་ཚོས་གྲངས་ཉུང་མི་རིགས་སྤྱི་དང༌། ལྷག་པར་དུ་བོད་མི་རྣམས་ “རྒྱ་ནག་གི་སྤྱི་ཚོགས་ཆེན་མོའི་ནང་སིམ་ཡལ་འཇུག་རྒྱུའི་དཀའ་གནད་” ཀྱི་ཁ་སྣོན་ལྟ་བུར་རྒྱ་རིགས་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་ཤིག་ལག་བསྟར་བྱེད་དགོས་པའི་གྲོས་འདོན་བྱས་ཡོད་པ་རེད། དེ་མཚུངས་སྔ་ལོ་རྒྱ་ནག་དམར་ཤོག་ཚོགས་པས་ད་ནས་བཟུང་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ཁོང་ཚོས་ངོས་འཛིན་བྱ་རྒྱུའི་སྲིད་བྱུས་ཤིག་ཁྱབ་བསྒྲགས་བྱས་པའི་འོག བོད་མི་མང་གི་ཆོས་ལུགས་དད་མོས་ཀྱི་ལམ་སྲོལ་ལ་དོ་ཕོག་ཤུགས་ཆེ་བཏང་ཡོད་པ་དེའི་རྒྱབ་ཏུའང་གོང་གསལ་མཁྲེགས་བཟུང་ཅན་གྱི་འགོ་ཁྲིད་ཚོ་ཡོད་ཅིང༌། འགོ་ཁྲིད་འདི་ཚོའི་བསམ་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གྲས་སུ་ཉེ་དུས་བོད་ནང་ངོ་རྒོལ་གྱེན་ལངས་ཀྱི་ལས་འགུལ་བྱུང་བ་དེར་དྲག་གནོན་བྱེད་སྐབས་ལྟ་སྐུལ་བྱེད་དུ་འབྱོར་བ་རྒྱ་ནག་གི་སྤྱི་བདེ་བློན་ཆེན་མེང་ཅན་ཀྲུའུ་དང༌། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་པོའི་འགོ་གཙོ་ཀྲང་ཆིང་ལི། བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་གི་འགོ་གཙོའི་གྲས་བྱམས་པ་ཕུན་ཚོགས་སོགས་ཡོད་པ་རེད།
རྒྱ་ནག་གཞུང་གི་དབུ་ཁྲིད་ནང་ཁུལ་དུ་བོད་ཀྱི་གནད་དོན་ཇི་ལྟར་འཛིན་སྐྱོང་བྱེད་དགོས་པའི་ཐད་ལ་བསམ་ཚུལ་མི་མཐུན་པ་སྣ་ཚོགས་ཡོང་གི་ཡོད་ཅིང༌། འདི་སྐོར་མརཀ་མཇིནཱར་གྱིས་ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༥ ཉིན་ ལཱོས་ཨེནྗིལིས་ཀྲཡེམས་ཞེས་པའི་ཚགས་ཤོག་ཐོག་གསར་གནས་ཤིག་སྤེལ་ཡོད་པ་དེའི་ནང་འཁོད་དོན། “པེ་ཅིང་ གཞུང་ གིས་ཞི་དྲག་འཇམ་རྩུབ་ཀྱི་ཐབས་ལམ་གཉིས་ཀ་བེད་སྤྱོད་བྱེད་བཞིན་ཡོད་པ་རེད། བོད་ཀྱི་གནད་དོན་ལ་མཚོན་ན། རྒྱ་ནག་ སྲིད་གཞུང་གི་སྡེ་ཚན་ཁ་ཤས་ཀྱིས་བཙན་བྱོལ་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མར་སྐྱོན་བརྗོད་ དྲག་པོ་ བྱེད་བཞིན་ཡོད་ནའང༌། སྲིད་གཞུང་དེའི་སྡེ་ཚན་གཞན་དག་གིས་ཁོང་ལྷན་གྲོས་མོལ་བྱེད་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད་” ཅེས་གསལ་འདུག
རྒྱ་ནག་དབུས་གཞུང་གི་ནང་བོད་དོན་འཛིན་སྐྱོང་བྱེད་ཕྱོགས་དང་འབྲེལ་བའི་བསམ་ཚུལ་མི་འདྲ་བ་གཉིས་ཡོང་གི་ཡོད་པ་ནི་ཁོང་ཚོའི་གཞུང་འཛིན་གྱི་གསར་འགྱུར་བརྒྱུད་ལམ་ནས་ངོས་ལེན་བྱས་ཡོད་པ་རེད། དཔེར་ན། རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་ཚན་པ་ཤིན་ཧྭའི་ནང་དབྱི་ཡན་ཞུ་བའི་མིང་ཅན་གྱིས་དཔྱད་གཏམ་འགོ་བརྗོད་དུ་ “ཏཱ་ལའི་བླ་མར་གདམ་ག” ཞེས་འཁོད་པ་ཞིག་སྤེལ་བ་དེ་ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༡ ཉིན་ www.chinaview.cn ཞེས་པའི་དྲ་གནས་ཐོག་སླར་ཡང་འདོན་སྤེལ་བྱས་འདུག་པ་དེའི་ནང་འཁོད་དོན། “གལ་ཏེ་ཏཱ་ལའི་བླ་མས་ནུབ་ཕྱོགས་ རྒྱལ་ཁབ་ཁག་ ནས་ཁོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེར་ནོར་འཁྲུལ་གྱི་ཚོད་རྩིས་བྱེད་པ་དང༌། དབུས་གཞུང་གི་བསམ་འདུན་བཟང་པོ་ལ་ རིན་ཐང་མི་བརྩི་བར་ ཡིན་ཤག་ཤག་གི་འདུ་ཤེས་བཅངས་པ། དེ་བཞིན་རྒྱུ་མཚན་མེད་པར་གནོད་འགེལ་བྱེད་ཡུལ་ཞིག་འཚོལ་ཐབས་བྱེད་པའམ། ཡང་ན་གང་གི་རྗེས་འཇུག་ཐལ་བསྐྱོད་རིང་ལུགས་པ་ཚོར་དྲག་ལས་སྤེལ་རྒྱུའི་སྐུལ་སློང་དང༌། བྱུས་འགོད་བྱེད་པ་བཅས་བགྱིས་ན། སླར་ཡང་པེ་ཅིང་ གཞུང་ གི་ཁོང་ཁྲོ་སློང་རྒྱུ་ཉག་ཅིག་རེད། དེ་ལྟ་བུའི་གནས་སྟངས་འོག་དབུས་གཞུང་ནས་ཁོང་ལ་ རེ་བ་བཅོལ་རྒྱུ་ ཡོངས་སུ་མཚམས་འཇོག་བྱ་དགོས་པ་ཆགས་རྒྱུ་ཡིན་ཞིང༌། ད་ལྟའི་ཆར་དབུས་གཞུང་གི་ནང་དེ་འདྲའི་བསམ་ཚུལ་འདོན་མཁན་ཡོད་པ་རེད་” ཅེས་གསལ་འདུག
འདི་ནི་རྒྱ་ནག་གཞུང་གིས་ངོས་ལེན་བྱས་པའི་གནས་ཚུལ་ཁྱད་པར་བ་ཞིག་ཡིན། གང་ཡིན་ཞེ་ན། དེ་སྔ་ཕྱི་ལོ་ ༡༩༨༩ ལོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་གི་ཞི་རྒོལ་བྱུང་སྐབས་སྲིད་བློན་ཀྲོའུ་ཙི་དབྱང་ལས་གནས་ནས་བཙན་ཕུད་བཏང་ཡོད་པའི་རྒྱུ་མཚན་ཐུག་ས་སྐབས་དེར་ཁོང་གིས་ངོ་རྒོལ་བྱེད་མཁན་གྱི་སློབ་ཕྲུག་ཚོར་ཇི་ལྟར་གདོང་ལེན་བྱེད་དགོས་པའི་ཐད་ལ་ ༼རྒྱ་ནག་གི་༽ འགོ་ཁྲིད་ཚན་ཁག་ནང་བསམ་གཞི་མི་འདྲ་བ་གཉིས་ཡོད་པའི་བསམ་ཚུལ་ལྷུག་བཤད་བགྱིས་པ་དེ་རེད།
རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་ནང་ཁུལ་དུ་བོད་འབྲེལ་སྲིད་བྱུས་འཛིན་ཕྱོགས་ཐད་བསམ་ཚུལ་མི་མཐུན་པའམ། བསམ་ཚུལ་ལ་ཁྱད་པར་འདི་ལྟར་ཡོང་གི་ཡོད་པ་ནི་ ༼རྒྱལ་སྤྱིའི་༽ གསར་ལམ་ཁག་ཏུ་གནས་ཚུལ་ཕྱི་གྱར་བྱུང་བ་ཁག་ནས་ཀྱང་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ་ཅིང༌། མཡེཁཱལ་ཤེརྡིའན་ཞུ་བས་འདི་ལོ་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་སཱནྜེ་ཀྲཡེམས་ཞེས་པའི་ཚགས་ཤོག་ཐོག་གནས་ཚུལ་སྤེལ་གསལ། བོད་ཀྱི་གནད་དོན་ཐད་སྔར་བས་མཁྲེགས་བཟུང་གི་བྱ་ཐབས་འཛིན་དགོས་པའི་སྐོར་བོད་ཀྱི་གསར་འཕྲིན་ཏེ། གུང་ཁྲན་ཏང་མི་ཚོས་མ་གཏོགས་སྤྱོད་དབང་མེད་པའི་ཆེས་གསང་བའི་དཔར་སྐྲུན་ཞིག་ཡོད་པ་དེའི་ཕྱི་ཟླ་ ༤ དང་ ༥ པའི་འདོན་ཐེངས་སོ་སོར་འདོན་སྤེལ་བྱས་འདུག ༼དཔར་སྐྲུན་༽ འདི་དག་གི་དབྱིན་སྒྱུར་མ་དཔེ་རེ་ཧོང་ཀོང་དུ་ང་ཚོའི་ཚགས་ཤོག་ ༼ཁང་༽ ལ་སྤྲད་བྱུང་ཞེས་བྲིས་འདུག་པ་དང༌།
ད་དུང་ཁོ་པས་མུ་མཐུད་བརྗོད་དོན། “གུང་ཁྲན་ཏང་གི་ནང་ཁུལ་ཡིག་ཆ་ཁག་ནས་རྒྱ་ནག་གིས་ཟླ་བ་རྗེས་མར་ ༼པེ་ཅིང་དུ་༽ ཨོ་ལམ་པིཀ་རྩེད་འགྲན་མ་འཚོག་གོང་འཛམ་གླིང་གི་བློ་ཁ་རང་ཕྱོགས་སུ་འགུགས་པའི་ཆེད་དུ་ གུ་ཡངས་ ཞི་ཐབས་ཀྱི་རྣམ་འགྱུར་ཞིག་སྟོན་བཞིན་ཡོད་པ་དེ་ལྟར་ཡང༌། བོད་དུ་གདུག་རྩུབ་ཆེ་བའི་ཆབ་སྲིད་ཀྱི་དྲག་གནོན་བྱ་རྒྱུའི་ལས་རིམ་འཆར་འགོད་བྱེད་བཞིན་ཡོད་པའི་གསལ་སྟོན་བྱེད་ཀྱི་ཡོད་” ཅེས་དང༌།
“བོད་ལྗོངས་དམར་པོའི་དྲུང་ཆེ་མཁྲེགས་བཟུང་ཅན་ཀྲང་ཆིང་ལིས་གུང་ཁྲན་ཏང་གི་ཚོགས་འདུ་རིམ་པའི་ནང་གདེང་སྤོབས་ལྡན་པའི་གཏམ་བཤད་བྱས་པ་ཁག་གི་ནང་ ‘སློབ་གསོའི་’ ལས་འགུལ་གྱི་གཙོ་གནད་ དོན་ཚན་རྣམས་ འགྲེལ་བཤད་བྱས་ཡོད་ ་་་་་་་་་་” ཅེས་དང༌།
ཡང༌། “ཀྲང་གིས་གསང་སྒོའི་རྒྱབ་རོལ་ཏེ། གསང་བའི་ཚོགས་འདུ་ཁག་གི་ནང་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་རྒྱའི་དབང་འཛིན་པ་ཚོས་ ‘མཐའ་ཡོངས་ནས་འཕྱུར་བའི་རྦ་རླབས་ཤིག་’ གི་གདོང་ལེན་བྱེད་བཞིན་ཡོད་པ་དང༌། འདི་ལོ་ ཕྱི་ཟླ་ ༣ པར་བྱུང་བའི་རྒྱ་ནག་ལ་ངོ་རྒོལ་གྱི་དྲག་པོའི་ལས་འགུལ་དེས་ ‘སྤྱི་ཚོགས་ཀྱི་བརྟན་ལྷིང་’ གཏོར་བརླག་བཏང་ཡོད་པའི་ངོས་ལེན་བྱས་པས་མ་ཚད། ད་དུང་ ༼ཁོ་པས་༽ ༼ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེར་༽ ‘མཐའ་མའི་རྒྱལ་ཁ་ལོན་རྒྱུ་’ གཞི་ནས་བསྡད་ཡོད་པའི་ཉེན་བརྡའང་བཏང་ཡོད་པ་རེད་” ཅེས་གསལ་འདུག
དེས་ན་ ༼ད་ཕན་༽ རྒྱ་ནག་གི་བོད་འབྲེལ་སྲིད་བྱུས་ཁག་ཁོང་ཚོའི་འགོ་ཁྲིད་མི་སྣའི་ཁྲོད་ནས་མཁྲེགས་བཟུང་ཅན་རྣམས་ཀྱིས་གཏན་འབེབས་བྱེད་ཐུབ་པ་ལས། གུ་ཡངས་ཅན་ཚོས་བྱེད་མ་ཐུབ་པ་དེ་གང་ཡིན་ནམ་སྙམ་དུ་དྲི་བ་ཞིག་སླེབས་ཀྱི་མི་འདུག་གམ།
བོད་ཀྱི་གནད་དོན་དང༌། ཏཱ་ལའི་བླ་མའི་ཐད་རྒྱ་ནག་གི་དབུ་ཁྲིད་མཐོ་ཤོས་ ༼སྲིད་འཛིན་དང༌། སྲིད་བློན་༽ གཉིས་ཀྱི་དགོངས་ཕྱོགས་ནི་འགོ་ཁྲིད་མཁྲེགས་བཟུང་ཅན་དེ་ཚོའི་བསམ་ཚུལ་དང་ཡོངས་སུ་ཐ་དད་ཡིན། དཔེར་ན། སྐབས་གཞན་ཞིག་ཏུ་གསལ་བརྗོད་བྱས་ཟིན་པ་ལྟར། སྲིད་བློན་ཝུན་ཅཱ་པའོས་འདི་ལོ་ཕྱི་ཟླ་ ༣ པའི་སྨད་མཇུག་ཏུ་ལའོསེར་འཚམས་འདྲིར་བསྐྱོད་སྐབས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་བརྗོད་དོན། “ཅི་སྟེ་ཏཱ་ལའི་བླ་མས་རང་བཙན་རྩོད་ལེན་བྱེད་མཚམས་བཞག་པ་དང༌། ད་ལྟ་བོད་ནང་དྲག་ལས་སྤེལ་བཞིན་པ་དེ་དག་མཚམས་འཇོག་ཡོང་ཆེད་ཁོང་གི་ཤུགས་རྐྱེན་བེད་སྤྱོད་བྱས་པ། དེ་བཞིན་ཐའེ་ཝན་དང་བོད་གཉིས་ཀྲུང་གོའི་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཡིན་པའི་ཁས་ལེན་བཅས་བྱས་ཚེ། ང་ཚོས་ཁོང་དང་འབྲེལ་མོལ་མུ་མཐུད་བྱེད་ཆོག་གི་རེད་” ཅེས་བཤད་ཡོད་པ་དང༌།
དེ་བཞིན་སྲིད་འཛིན་ཧུའུ་ཅིན་ཐའོས་ཀྱང་ཕྱི་ཟླ་ ༣ པའི་སྨད་ཆར་ཨ་རིའི་སྲིད་འཛིན་བཱུཤུ་མཆོག་ལ་ཁ་དཔར་ཞིག་བཏང་བའི་ནང་བརྗོད་དོན། “གལ་ཏེ་ཏཱ་ལའི་བླ་མས་དོན་དམ་གྱི་ཐོག་ནས་བོད་རང་བཙན་རྩོད་མཚམས་བཞག་པ་དང༌། མེས་རྒྱལ་ཁ་བྲལ་དུ་གཏོང་མཚམས་བཞག་པ། ལྷག་པར་དུ་བོད་ནང་ཁྲིམས་འགལ་དྲག་སྤྱོད་རིགས་སྤེལ་རྒྱུའི་ངན་སྐུལ་དང༌། བྱུས་འགོད་བྱས་པ་བརྒྱུད་ རིང་མིན་ རྒྱ་ནག་ཏུ་འཚོག་རྒྱུའི་ཨོ་ལམ་པིཀ་རྩེད་འགྲན་ལ་དོ་ཕོག་གཏོང་མཚམས་བཞག་པ། དེ་བཞིན་བོད་དང་ཐའེ་ཝན་གཉིས་ཀྲུང་གོའི་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཡིན་པའི་ཁས་ལེན་བཅས་བྱས་ཚེ། ང་ཚོས་ཁོང་ལྷན་མུ་མཐུད་དེ་འབྲེལ་མོལ་བྱེད་པར་མོས་མཐུན་བྱ་རྒྱུ་ཡིན་” ཞེས་བཤད་ཡོད་པ་རེད།
ད་དུང་སྲིད་འཛིན་ཧུའུ་ཅིན་ཐའོ་ཉེ་སྔོན་ཉི་འོང་དུ་ཕེབས་སྐབས་ཤིག་ཏུ་ག་རེ་བརྗོད་ཡོད་ཅེ་ན། ཁོང་གི་སྲིད་གཞུང་ནས་ཏཱ་ལའི་བླ་མའི་སྐུ་ཚབ་རྣམས་དང་ལྷན་དུ་འབྲེལ་མོལ་བྱ་རྒྱུའི་ཐད་རྣམ་འགྱུར་འདོན་ཕྱོགས་ནི་ལྷག་བསམ་རྣམ་དག་ཡིན་པའི་གསལ་བརྗོད་བྱས་ཡོད་པ་རེད། དེ་ཡང་རོཀྲརས་གསར་འགྱུར་ཚན་པས་ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༧ ཉིན་གནས་ཚུལ་སྤེལ་གསལ་ལྟར་ན། སྲིད་འཛིན་ཧུའུས་ཉི་འོང་གི་སྲིད་བློན་ཡཱསཱུ་ཕུཀུདཱ་དང་ཆེས་མཐོའི་ལྷན་ཚོགས་ཤིག་གནང་གྲུབ་པའི་རྗེས་སུ་གཏམ་བཤད་སྤེལ་བའི་ནང༌། ཉེ་དུས་རྒྱ་ནག་གིས་ཏཱ་ལའི་བླ་མའི་སྐུ་ཚབ་རྣམས་དང་གླེང་མོལ་བྱས་པ་དེ་དག ༼ཁོང་ཚོའི་ངོས་ནས་བཤད་ན་༽ “རྣམ་འབྱེད་བློ་གྲོས་ཀྱི་རྗེས་སུ་འབྲངས་པའི་བསམ་པ་རྣམ་དག་” ཡིན་པར་མ་ཟད། ༼སྐབས་དེ་དག་ཏུ་༽ ཕྱོགས་གཉིས་དབར་འབྲེལ་བ་མུ་མཐུད་བྱ་རྒྱུའི་མོས་མཐུན་ཡང་བྱུང་བ་རེད་ཅེས་བཤད་ཡོད་འདུག
གོང་གསལ་རྒྱ་ནག་གི་གཙོ་བོའི་དབུ་ཁྲིད་གཉིས་ནས་བོད་ཀྱི་གནད་དོན་ཐོག་རྣམ་འགྱུར་འདོན་ཕྱོགས་ལ་ཚའོ་ཞིན་ཞུ་བའི་སྲིད་དོན་ཉམས་ཞིབ་པ་ཞིག་གིས་དཔྱད་གླེང་བྱས་དོན། “རྒྱ་ནག་གི་དབུ་ཁྲིད་མཐོ་ཤོས་གཉིས་ཀྱི་ལན་འདེབས་བྱེད་ཕྱོགས་ནས་བོད་བརྒྱུད་ནང་བསྟན་ལ་བོད་མིའི་ཐོག་ཤུགས་རྐྱེན་གཏན་འཇགས་སུ་སྤྲོད་ཐུབ་པའི་ནུས་སྟོབས་ཆེན་པོ་ལྡན་ཡོད་པའི་དངོས་དོན་དེ་གསལ་སྟོན་བྱེད་ཀྱི་ཡོད་ལ། ཏཱ་ལའི་བླ་མ་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་དབུ་ཁྲིད་ བླ་ན་མེད་པ་དེ་ ཡིན་པའི་ཆ་ནས། ཁོང་གིས་བོད་མིའི་ཐོག་བསམ་གྱིས་མི་ཁྱབ་པའི་ཤུགས་རྐྱེན་སྤྲོད་ཐུབ་ཀྱི་ཡོད་པ་དེ་ཡང་དངོས་དོན་ཞིག་རེད་” ཅེས་དང༌།
ཡང༌། “གོང་གསལ་དངོས་དོན་ཁག་གཞི་རྩར་བཟུང་བའི་ཐོག་ནས་ང་ཚོས་ཁ་ཡོད་ལག་ཡོད་ཀྱི་སྲིད་བྱུས་འགྱུར་བ་བྱ་སྒོ་ཁག་ཁ་ཤས་ཐོག་བསམ་གཞིགས་བྱེད་དགོས་པ་ཡིན། དེ་ཡང་དང་ཐོག་བོད་མི་ཆོས་དད་ཡོད་མཁན་བྱིངས་དང༌། སྲིད་གཞུང་ནས་ ‘ཏཱ་ལའི་རུ་ཚོགས་’ སུ་འབོད་པ་རྣམས་ཀྱི་བར་དབྱེ་བ་གསལ་པོ་འབྱེད་དགོས་ཤིང༌། ཏཱ་ལའི་བླ་མ་ནི་དད་ལྡན་བོད་མི་ཡོངས་ཀྱིས་ངོས་འཛིན་བྱེད་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་གཅིག་ཉིད་དེ་ཡིན་པའི་ཆ་ནས། ཁོང་ལ་ཡིད་ཆེས་དད་མོས་དང༌། བཀུར་སྟི་ཞུ་བའི་གནས་ཚུལ་འདི་ཆབ་སྲིད་ཀྱི་གནད་དོན་རྐྱང་པ་ཞིག་ལ་བརྩིས་ཏེ་གདོང་ལེན་བྱས་ན་མ་འགྲིགས་པར་བརྟེན། ཁོང་ཚོར་མེས་རྒྱལ་ཁ་བྲལ་དུ་གཏོང་གི་འདུག་ཅེས་མིང་འདོགས་བྱ་རྒྱུ་ཡོད་པ་མ་རེད། བོད་མི་ཚོས་ཁོང་ལ་དད་མོས་བྱེད་པ་ འདི་ནི་ས་ཁོངས་རང་སྐྱོང་གི་སྲིད་བྱུས་དང་སྒོ་ཀུན་ནས་མཐུན་གྱི་ཡོད་སྟབས། ང་ཚོས་འདི་དག་རྩ་དོན་གལ་ཆེ་ཤོས་སུ་བརྩིས་ཏེ་སྲུང་བརྩི་རྒྱུན་འཁྱོངས་བྱེད་དགོས་པ་ཡིན་” ཞེས་བྲིས་འདུག
ཚའོ་ཞིན་གྱིས་བྲིས་པའི་དཔྱད་གཏམ་འདི་རྒྱ་ནག་གི་ཞིང་ཆེན་འཁྲུག་ཆ་དོད་ཤོས་ཀོང་ཏུང་ནས་འདོན་སྤེལ་བྱེད་པའི་ཚགས་ཤོག་སའུདཱན་ཝིཀེནྜ་ཞེས་པའི་ནང་འདི་ལོ་ཕྱི་ཟླ་ ༤ ཚེས་ ༢ ཉིན་འདོན་སྤེལ་བྱས་འདུག
རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོའི་གུ་བཤངས་ལྡན་པའི་བསམ་ཚུལ་ཁག་དང༌། དེ་དག་ལ་བསམ་ཞིབ་ནན་བགྱིས་པའི་ཉམས་ཞིབ་ཀྱི་གྲུབ་དོན་བཅས་གོང་དུ་གསལ་བརྗོད་བྱས་པ་རྣམས་ཤིན་ཧྭའི་གསར་འགྱུར་ཚན་པ་ནས་འདི་ཕྱོགས་བཙན་ཤེད་དང༌། འུར་ཤོབ་ཆེ་བའི་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་པའི་ཆུ་ཆེན་ནང་ཡོངས་སུ་སིམས་ཏེ་གར་སོང་ཆ་མི་རྟོགས་པར་འགྱུར་བཞིན་ཡོད་པ་ནི་ཆེས་བློ་ཕམ་གྱི་རང་བཞིན་ལས་མ་འདས་ཤིང༌། ཅི་སྟེ་མིང་འདོགས་འདྲ་མིན་བྱ་རྒྱུ་དེས་ཡང་དག་པའི་སྲིད་བྱུས་ཀྱི་ཚབ་བྱེད་ཐུབ་ཀྱི་ཡོད་ན། མིང་འདོགས་རེས་བྱེད་པའི་རྩེད་མོའི་རྣམ་གྲངས་འདིའི་ཐོག་ བོད་རང་སྐྱོང་ལྗོངས་ཟེར་བའི་དམར་པོའི་འགོ་གཙོ་ ཀྲང་ཆིང་ལིར་ཨོ་ལམ་པིཀའི་བྱ་དགའ་ཨང་དང་པོ་གསེར་གྱི་རྟགས་མ་དེ་བཞིན་སྤྲོད་དགོས་པ་ཆགས་རྒྱུ་རེད། དེས་ན་ཀྲང་དང༌། ཁོང་གི་རྗེས་མཐུན་འགོ་ཁྲིད་མི་སྣ་ཚོས་མངའ་ཁུལ་མི་མང་གི་སེམས་འཚབ་ཁག་ལ་ཉན་ཞིབ་དང་འབྲེལ་དེ་དག་སེལ་ཐབས་བྱ་རྒྱུའི་ཚབ་ཏུ། དབང་ཤུགས་ཁོ་ན་སྤྱད་པ་བརྒྱུད་ཁོང་ཚོའི་མགོ་གནོན་བྱ་རྒྱུ་འདི་རྒྱ་ནག་གི་བོད་དོན་དཀའ་རྙོག་གཙང་སེལ་བྱ་རྒྱུའི་ཐབས་ལམ་ཡང་དག་པ་དེ་ཡིན་པར་བསམ་གྱི་ཡོད་ཚེ། ཀྲང་དང༌། ཁོང་དང་ཆ་འདྲ་བའི་འགོ་ཁྲིད་མི་སྣ་ཚོས་རང་གི་རྒྱལ་ཁབ་ལ་ཞབས་འདེགས་སྒྲུབ་ཀྱི་མེད་པར་མ་ཟད། གང་གི་བཀོད་བྱུས་འོག་ཁོང་ཚོས་ལས་དོན་བྱེད་ཀྱི་ཡོད་པ་དེ་དག་ལའང་ཞབས་འདེགས་སྒྲུབ་ཀྱི་མེད་པ་ཡིན། རྒྱ་ནག་གཞུང་ནས་ ས་ཁུལ་གཞན་དུ་མངོན་གསལ་ཆེན་པོས་ལམ་ལྷོང་མ་བྱུང་བའི་སྲིད་བྱུས་ནོར་འཁྲུལ་ཅན་རྣམས་བོད་ནང་དཔེ་འགེབས་བྱས་ཏེ་ལག་བསྟར་བྱེད་པ་འདི་ནི་རྙོག་དྲའམ། ཆག་སྒོ་གང་ཞིག་བསུ་བར་བྱེད་པའི་གཡབ་མོ་ཡིན།
“ཁ་བྲལ་རིང་ལུགས་” ཀྱི་དར་ཆ་ཞེས་པའི་དྲི་གནད།
ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༣༡ ཉིན་ཤིན་ཧྭ་གསར་ཁང་ནས་ཁོང་ཚོའི་རྩོམ་བྲིས་པ་ཚའོ་ཁའེ་ཟེར་བ་ཞིག་གིས་བྲིས་པའི་དཔྱད་གཏམ་འགོ་བརྗོད་དུ་ “ཏཱ་ལའི་བླ་མ་ནི་སྲིད་དོན་པ་ཞིག་ཡིན་པ་ལས་དགེ་འདུན་པ་མིན་” ཞེས་འཁོད་པ་ཞིག་འདོན་སྤེལ་བྱས་འདུག དེའི་ནང་གོང་གསལ་རྩོམ་བྲིས་པས་རྒྱ་ནག་གཞུང་ནས་འདི་ཕྱོགས་འཆར་ཅན་སྐྱོན་འཛུགས་བྱེད་གཞི་ཁག་བསྐྱར་ཟློས་བྱས་པའི་ཐོག “ཡུལ་གྱར་སྲིད་གཞུང་གི་གནས་བབ་དེ་བས་ཚད་འཕེར་ཡོང་བ་བྱེད་ཆེད་ཏཱ་ལའི་བླ་མ་དང༌། ཁོང་གི་རྒྱབ་སྐྱོར་བ་ཚོས་ ‘བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་’ དང༌། ‘བོད་རྒྱལ་ཁབ་ཀྱི་རྒྱལ་དར་’ ཟེར་བ་དེ་སྔ་ཕྱི་ལོ་ ༡༩༥༩ གོང་བྱུང་མྱོང་མེད་པ་ཞིག་བཟོ་བསྐྲུན་བྱས་ཡོད་” ཅེས་བྲིས་འདུག
དེང་སྐབས་རྒྱའི་དབང་འཛིན་པ་ཚོས་བོད་ཀྱི་རྒྱལ་དར་ལ་མིང་འདོགས་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པ་རེད། དེ་ཡང་བོད་ཀྱི་རྒྱལ་དར་ནི་ “ལོག་སྤྱོད་པ” འམ། “ཁ་བྲལ་རིང་ལུགས་པའི་” དར་ཆ་རེད་ཟེར་བ་དང༌། “བོད་མིའི་ཡུལ་གྱར་སྲིད་གཞུང་གི་དར་ཆ་” རེད་ཟེར་བ། “བོད་རང་བཙན་གྱི་དར་ཆ་” རེད་ཟེར་བ་སོགས་སྐྱོན་བརྗོད་མང་དུ་བྱེད་པས་མ་ཚད། རྒྱའི་དབང་འཛིན་མི་སྣ་ཁ་ཤས་ཀྱིས་སྐབས་རེ་བོད་ཀྱི་རྒྱལ་དར་ལ་ “གངས་སེང་དར་ཆ་” ཞེས་འགྲེལ་བརྗོད་ཀྱང་བྱེད་ཀྱི་ཡོད་འདུག
བོད་མི་བཙན་བྱོལ་བ་རྣམས་ཀྱིས་བོད་ཀྱི་རྒྱལ་དར་བེད་སྤྱོད་བྱེད་ཀྱི་ཡོད་པའི་ཐད་རྒྱ་ནག་གི་དབང་འཛིན་པ་ཚོས་སྐྱོན་བརྗོད་བྱེད་གཞི་ཡ་མཚན་ཤོས་ཤིག་ནི། རྒྱལ་དར་ནང་གངས་རི་དང༌། གངས་སེང་གི་དཔེ་རིས་འཁོད་ཡོད་པ་དེ་དག་བེད་སྤྱོད་བྱེད་ཆོག་པའི་བཀའ་འཁྲོལ་ཁོང་ཚོར་ཞུས་མ་སོང་ཞེས་ཤོད་ཀྱི་ཡོད་པ་དེ་ཡིན་ཞིང༌། སྐྱོན་བརྗོད་འདི་དང་འབྲེལ་ཆགས་གནས་ཚུལ་ཞིག་འདི་ལོ་ཕྱི་ཟླ་ ༤ ཚེས་ ༡༡ ཉིན་རྒྱ་ནག་ཉིན་རེའི་གསར་ཤོག་ཐོག་ཐོན་ཡོད་པ་དེ་དག་ཉིན་རྗེས་མ་སྟེ། ཕྱི་ཟླ་ ༤ ཚེས་ ༡༢ ཉིན་ www.xinhuanet.com ཞེས་ཤིན་ཧྭའི་དྲ་གནས་ཐོག་བསྐྱར་འདོན་བྱས་འདུག་པ་དེའི་ནང་འཁོད་དོན། “ཁོང་ཚོས་ ‘གངས་སེང་དར་ཆ་’ ཞེས་འབོད་པ་དེ་བཟོ་བསྐྲུན་བྱ་རྒྱུར་ང་ཚོའི་དྭངས་ཤིང་གཙང་བའི་གངས་རི་དང༌། མི་འཇིགས་སེང་གེའི་འདྲ་རིས་ཀྱང་བེད་སྤྱོད་བྱས་ཡོད་པ་དེ་ནི་སེམས་བཟང་ཅན་གྱི་མི་རྣམས་བསླུ་བར་བྱེད་པའི་ཐབས་བྱུས་ཤིན་ཏུ་གནག་པ་ཞིག་ཡིན་” ཞེས་གསལ་འདུག
བོད་ཀྱི་རྒྱལ་དར་གྱི་འབྱུང་ཁུངས།
བོད་ཀྱི་རྒྱལ་དར་ནི་བཙན་བྱོལ་ནང་གི་བོད་མི་ཚོས་གསར་དུ་བཟོས་པ་ཞིག་མ་ཡིན་པར། དུས་རབས་མང་པོའི་རིང་རྣམ་པ་འདྲ་མིན་སྣ་ཚོགས་ཤིག་བརྒྱུད་དེ་འཕེལ་རྒྱས་བྱུང་ཡོད་པ་གང་ཞིག་བོད་མི་རིགས་ཀྱི་ངོས་འཛིན་གྱི་ཆ་ཤས་སུ་གྱུར་ཡོད་པ་ཡིན། གངས་རི་དང༌། སེང་གེ་གཉིས་ཀྱི་འདྲ་རིས་འཁོད་པའི་བོད་ཀྱི་རྒྱལ་དར་འདི་བཞིན་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཧམ་ཟོས་མ་བྱས་གོང་ནས་ཡོད་པ་དང༌། དེའི་འབྱུང་ཁུངས་ཐད་ཕྱི་ལོའི་བརྒྱ་ཕྲག་བདུན་པའི་ནང་སྟེ། བོད་ཀྱི་ རྒྱལ་ཐོག་སོ་གསུམ་པ་ ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཐོག་མར་དར་བའི་ལོ་རྒྱུས་ཤོད་རྒྱུ་ཡོད་པ་རེད། སྐབས་དེར་བོད་ཀྱི་དམག་དཔུང་གི་ནང་ཚན་གཡོན་རུ་སྟོད་ཀྱི་རུ་དར་སེང་གེ་ཁ་སྤྲོད་དང༌། གཡས་རུ་སྨད་ཀྱི་རུ་དར་སེང་གེ་གོང་བཀྲ གཙང་རུ་ལག་གི་རུ་དར་སེང་གེ་གནམ་སྒྲེང༌། དབུ་རུ་སྟོད་ཀྱི་རུ་དར་གཞི་དམར་པོ་ལ་མེ་ལྕེ་དཀར་པོ་གསལ་བ་སོགས་དམག་རུ་སོ་སོར་རུ་དར་རྣམ་པ་མི་འདྲ་བ་རེ་རེ་ཡོད་པའི་གནའ་སྲོལ་རིམ་བརྒྱུད་ཀྱིས་ལོ་རབས་ཉི་ཤུ་པ་འདིའི་འགོ་སྟོད་བར། བོད་དམག་ཚོའི་རུ་དར་གཞི་དམར་པོའི་ངོས་སུ་སེང་གེ་ཁ་སྤྲོད་དང༌། སེང་གེ་གནམ་མཆོངས་ཀྱི་རི་མོས་བརྒྱན་པ་ཅི་རིགས་ཡོད་ཅིང༌། ཕྱིས་གངས་ལྗོངས་ཆོས་སྲིད་ཡོངས་ཀྱི་དབུ་ཁྲིད་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་དུས་བསྟུན་འཛམ་གླིང་རྒྱལ་ཁབ་སྤྱི་སྲོལ་འགྲོ་ལུགས་ཡར་རྒྱས་ཀྱི་ལེགས་ཆ་བཏུས་པའི་ཆབ་སྲིད་འཛིན་སྐྱོང་བཀྲིན་ཆེ་སྐབས། ད་ལྟའི་བོད་ཀྱི་རྒྱལ་དར་འདིའི་རིས་བཀོད་ཀྱང་རྩ་བ་སྔར་ཡོད་ལ་གཞི་བཅོལ་གྱིས་རྒྱས་སྤྲོས་གཏན་འབེབས་མཛད་པ་དང༌། དུས་དེ་ནས་བཟུང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་རྒྱལ་དར་འདི་ཉིད་གཅིག་གྱུར་དུ་བེད་སྤྱོད་བྱེད་བཞིན་པ་ཡིན།
རྒྱལ་སྤྱིའི་གར་སྟེགས་ཐོག་བོད་ཀྱི་རྒྱལ་དར་འཕྱར་སྒྲེང༌།
ཕྱི་ལོ་ ༡༩༣༤ ཟླ་ ༩ པའི་འདོན་ཐེངས་ཀྱི་དུས་དེབ་དཱི་ནེཤེནཱལ་ཇཱོགྲཕིཀ་མེགྫིན་ཞེས་པའི་ནང་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གི་རྒྱལ་དར་སྐོར་དམིགས་བསལ་ལེ་ཚན་ཞིག་བཀོད་སྒྲིག་བྱས་ཡོད་ཅིང༌། དེའི་ནང་གསལ་བའི་རྒྱལ་དར་གྱི་འདྲ་རིས་གཅིག་ནི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་རེད་འདུག་ན། འདི་གཤམ་ང་ཚོས་གོང་གསལ་དུས་དེབ་ཀྱི་རྒྱབ་ཤའི་དཔར་བཤུས་ཤིག་མཁོ་འདོན་བྱས་ཡོད།
གོང་གསལ་དུས་དེབ་ནང་བོད་ཀྱི་རྒྱལ་དར་སྐོར་འགྲེལ་བརྗོད་ཇི་ལྟར་བྱས་ཡོད་དམ་ཞེ་ན། “ཁ་བའི་རྡུལ་བརྩེགས་བླ་ན་འཕགས་པའི་མདུན་ངོས་གངས་སེང་གཉིས་ཀྱིས་ནོར་བུ་མེ་འབར་དགུང་དུ་འདེགས་བཞིན་ཡོད་པའི་བོད་ཀྱི་རྒྱལ་དར་འདི་ནི་ཤར་གླིང་ ཡུལ་གྲུ་ཁག་གི་ནང་ནས་ ཟུར་དོད་ཀྱི་རྣམ་པ་ཆེ་ཤོས་ཡོད་པའི་ རྒྱལ་དར་གྱི་ གྲས་ཤིག་ཡིན་” ཞེས་བརྗོད་དུམ་ཞིག་བཀོད་འདུག
ང་ཚོའི་ཤེས་ཚོད་དྲན་ཚོད་ལ། རྒྱལ་སྤྱིའི་འདུ་འཛོམས་ཤིག་གི་ཐོག་བོད་ཀྱི་རྒྱལ་དར་འཕྱར་སྒྲེང་བྱས་པའི་ཐོག་མ་ནི་ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོགས་པའི་ཨེ་ཤ་ཡའི་རྒྱལ་འདུས་ཚོགས་ཆེན་དེ་ཡིན་ཞིང༌། ཚོགས་འདུ་དེ་མ་འཚོགས་པའི་གོང་གི་དུས་སྐབས་ཤིག་ན་ རྒྱ་གར་རང་བཙན་རྒྱལ་ཁབ་ཀྱི་སྲིད་བློན་ཐོག་མ་ནེཧྲུས་བདག་ཉིད་ཆེན་པོ་གཱནྡཱི་མཆོག་ལ་གནས་འཕྲིན་ཞིག་ཕུལ་བའི་ནང་འཁོད་དོན། “སྐུ་ཉིད་ནས་མཁྱེན་ཆུབ་ཡིན་མུས་ལྟར་ཕྱི་ཟླ་ ༣ པའི་བདུན་ཐ་མར་ཨེ་ཤ་ཡའི་རྒྱལ་ཁབ་ནང་ཁུལ་གྱི་འབྲེལ་མཐུད་ཚོགས་འདུ་ཞིག་ལྡི་ལིར་འཚོག་རྒྱུ་རེད། ཚོགས་འདུ་འདི་ནི་སྤྱིར་བཏང་དང་མི་འདྲ་བར་གལ་ཆེའི་གནས་བབ་བཟུང་ཡོད་པའི་ཆ་ནས། ངེས་པར་དུ་ ཨེ་ཤ་ཡའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ ངོ་ཚབ་མཚོན་པ་ཞིག་ཡོང་རྒྱུ་ཡིན་ཞིང༌། སྐབས་དེར་ཨ་རབ་རྒྱལ་ཁབ་ཁག་ཐེ་བའི་ནུབ་ཨེ་ཤ་ཡ་ནས་ཤར་ཨེ་ཤ་ཡ་དང༌། དེ་ནས་ལྷོ་ཨེ་ཤ་ཡའི་བར་གྱི་རྒྱལ་ཁབ་ཕལ་ཆེ་བ་དང༌། བོད། སོག་པོ། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག དེ་བཞིན་ཨུ་རུ་སུའི་མངའ་འོག་ཨེ་ཤ་ཡའི་མནའ་འབྲེལ་རྒྱལ་ཁབ་ཁག་གི་འགོ་བྱེད་མི་སྣ་ཚོས་རང་རང་གི་རྒྱལ་ཁབ་སོ་སོའི་ངོ་ཚབ་མཚོན་པར་བྱ་རྒྱུ་རེད་” ཅེས་གསལ་འདུག
ཨེ་ཤ་ཡའི་རྒྱལ་འདུས་ཚོགས་ཆེན་ནང་བོད་མཉམ་ཞུགས་བྱས་ཡོད་པའི་སྐོར་ཀོལོཊ་ཨརྦི་ཡིས་རྩོམ་བྲིས་གནང་བའི་ཕྱག་དེབ་གསར་པ་བོད་དེ། མིང་གི་ལྷག་མར་གྱུར་ཟིན་པའི་མཐའ་སྲུང་ས་ཁུལ་ཞེས་པ་དེའི་ནང་དུའང་རྒྱས་བཤད་བྱས་འདུག དེབ་དེའི་ནང་འཁོད་དོན། “གོང་གསལ་ ཚོགས་འདུའི་ནང་མཉམ་ཞུགས་ཡོང་བའི་རྒྱ་གར་གཞུང་གི་མགྲོན་ཤོག་འབྱོར་བསྟུན། ཕྱི་ལོ་ ༡༩༤༧ ཟླ་ ༣ པའི་འགོ་སྟོད་ཙམ་དུ་བོད་ཀྱི་སྐུ་ཚབ་འཐུས་མི་རྣམས་ལྷ་ས་ནས་རྡོག་ཐོན་གྱིས་ཐོག་མར་གྲོ་མོ་གཡའ་གྲོང་དུ་ཕེབས་པ་དང༌། དེར་བོད་གཞུང་བཀའ་ཤག་གི་ཕོ་ཉ་ཞིག་སྐུ་ཚབ་རྣམ་པ་མཇལ་ཞུར་བཅར་བ་དེས་བོད་ཀྱི་རྒྱལ་དར་ཞིག་འཁྱེར་ཡོད་པ་དེ་དག་ཚོགས་འདུའི་ཐོག་སྒྲེང་འཕྱར་ཡོང་བའི་རེ་སྐུལ་ཞུས་ཡོད་པ་རེད་” ཅེས་དང༌།
ཡང༌། “ཚོགས་ཆེན་གྱི་གྲོས་བསྡུར་ལས་རིམ་རྣམས་བསྐྱངས་ཡུལ་པུརཱནཱ་ཀིལླ་སྟེ། མཁར་རྫོང་རྙིང་པ་ཡིན་པ་དང༌། ཚོགས་ཕེབས་རྒྱལ་ཁབ་ ༣༢ ཀྱི་སྐུ་ཚབ་ཚོགས་པ་རེ་རེའི་ངོ་འཐུས་རྣམ་པ་སྟེ། དབུ་ཁྲིད་གཙོ་བོ་རྣམས་སྡིང་ཆའི་སྟེང་རང་རང་གི་རྒྱལ་ཁབ་སོ་སོའི་མིང་དང༌། རྒྱལ་དར་བཅས་འཁོད་པའི་གླེགས་བུ་རེའི་རྒྱབ་རོལ་བཞུགས་གྲལ་དུ་འཁོད་ཅིང༌། བོད་ལ་ཁོང་ཚོ་རང་ངོས་ཀྱི་རྒྱལ་དར་གངས་རིས་བཀླུབས་པའི་རི་བོ་དང༌། ཏཱ་ལའི་བླ་མའི་ལུགས་ཟུང་གི་དབང་ཆ་མཚོན་པར་བྱེད་པའི་སེང་གེ་གཉིས་བཅས་ལྡན་པ་ཞིག་ཡོད་འདུག་པར་མ་ཟད། སྐུ་ཚབ་རྣམ་པ་བཞུགས་གྲལ་དུ་འཁོད་ཡུལ་གྱི་རྒྱབ་ངོས་ རྩིག་གྱང་སྟེང་ ཨེ་ཤ་ཡའི་ས་ཁྲ་ཆེན་པོ་ཞིག་སྦྱར་འགྲེམས་བྱས་འདུག་པའི་ནང་བོད་དེ་ཉིད་རྒྱལ་ཁབ་ཐ་དད་ཅིག་ཡིན་པར་གསལ་སྟོན་ཡང་བྱས་ཡོད་པ་རེད་” ཅེས་གསལ་འདུག
སྐབས་དེར་ ༼སྐུ་ཚབ་གཙོ་བོ་བསམ་ཕོ་༽ ཡབ་ ཐའི་ཇི་ཚེ་དབང་རིག་འཛིན་དང༌། ཕྱག་རོགས་མཁན་ཆུང་བློ་བཟང་དབང་རྒྱལ་གཉིས་ཀྱིས་སྣེ་ཁྲིད་གནང་བའི་བོད་ཀྱི་སྐུ་ཚབ་ཚོགས་ཆུང་ནང་ཁྱོན་བསྡོམས་འཐུས་མི་བརྒྱད་ཡོད་འདུག ཁོང་རྣམས་ཀྱིས་བདག་ཉིད་ཆེན་པོ་གཱནྡཱི་མཆོག་མཇལ་འཕྲད་ཞུས་ཏེ་རྟེན་འབྲེལ་མཇལ་དར་དང༌། ལེགས་སྐྱེས་བཅས་བསྟར་བར་གཱནྡཱིས་ཡི་རངས་བསྔགས་བརྗོད་དང་བཅས་གྲུའུ་ཙེ་སྤུས་ལེགས་འདི་གང་ནས་བཟོ་བསྐྲུན་བགྱིས་པ་ཡིན་ནམ་ཞེས་བཀའ་རྩད་གནང་ཞིང༌། དེ་ལ་སྐུ་ཚབ་ཚོས་རྒྱ་ནག་ནས་བཟོས་པ་རེད་ཅེས་ལན་ཞུས་པར། གཱནྡཱིས་ཐུགས་ཤ་ཚ་ཆེན་པོའི་སྒོ་ནས་བོད་འཐུས་རྣམས་ལ་བཀའ་སློབ་ཕེབས་གསལ། བོད་ཀྱིས་སོ་སོ་རང་ཉིད་ཀྱི་གྲུའུ་ཙེ་བཟོ་བསྐྲུན་བྱེད་འགོ་འཛུགས་དགོས་ཞེས་གསུངས་ཡོད་པ་རེད།
དེ་བཞིན་བསམ་ཕོ་སྲས་བསྟན་འཛིན་དོན་གྲུབ་ཀྱིས་བརྩམས་བྲིས་གནང་བའི་ཕྱག་དེབ། མི་ཚེའི་རྦ་རླབས་འཁྲུགས་པོ་ཞེས་པའི་ནང་དུའང་འཁོད་དོན། “དངོས་གཞིའི་ཚོགས་འདུ་ཚུགས་སྐབས་བོད་གཞུང་སྐུ་ཚབ་ངོ་མ་གཉིས་སྡིང་ཆའི་སྟེང་ཞབས་སྟེགས་དང༌། སོ་སོའི་མདུན་ལྕོག་གི་ངོས་སུ་སོ་སོའི་རྒྱལ་དར་ཆ་ཚང་བརྒྱབ་པའི་པར་རིས་བརྒྱབ་འདུག རང་གཞུང་སྐུ་ཚབ་རྣམ་གཉིས་ཀྱི་མདུན་ལྕོག་ངོས་སུའང་རང་རེའི་རྒྱལ་དར་གངས་རི་དང༌། སེང་གེ་ཁ་འཕྲོད་ཀྱི་རི་མོ་བརྒྱབ་པའི་ཐོག མདུན་ལྕོག་གི་སྟེང་དུ་དབྱིན་ཡིག་ཀྲི་སྦད་ཀྲི་ཞེས་ཡིག་ཆེན་བྲིས་པའི་ཤིང་ལེབ་ཅིག་ཀྱང་བཞག་འདུག་” ཅེས་གསལ་ཞིང༌། འདིར་གོང་གསལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གནས་ཚུལ་དང་འབྲེལ་ཆགས་འདྲ་དཔར་གཉིས་ཀྱི་དཔར་བཤུས་མཁོ་འདོན་བྱས་ཡོད།
མའོ་དང༌། བོད་ཀྱི་རྒྱལ་དར།
མའོ་ཙེ་ཏུང་གིས་ཀྱང་བོད་ལ་རྒྱལ་དར་ཡོད་པའི་གནས་ཚུལ་ དེ་སྔ་ནས་ གོ་ཐོས་བྱུང་ཡོད་ཅིང༌། དེ་དག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༢༠༠༥ ཟླ་ ༡༡ ཚེས་ ༡༨ ནས་ ༡༩ བར་སིཀོཊལེནཌའི་རྒྱལ་ས་ཨིཌིནྦརག་ཏུ་འཚོགས་པའི་འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པའི་ཐོག་སྩལ་བའི་གསུང་བཤད་ནང་གསལ་པོ་ཡོད་པ་སྟེ། གསུང་བཤད་དེའི་ནང༌། “དེ་ནས་བོད་ཀྱི་རྒྱལ་དར་སྐོར་བཤད་ན། རྒྱ་ནག་གི་ད་ཡོད་ལས་བྱེད་ཁ་ཤས་ཀྱིས་རྒྱལ་དར་ བོད་ཀྱི་རྒྱལ་དར་ལ་ཕྱག་མཛུབ་ཀེར་ཏེ་ འདི་མཐོང་སྐབས་ཁོང་ཁྲོ་ མི་བཟད་པ་ ལངས་ཀྱི་ཡོད་པ་རེད། གང་ཡིན་ཞེ་ན། ཁོང་ཚོས་འདི་ནི་ཁ་བྲལ་རིང་ལུགས་པའི་མཚོན་རྟགས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པས་ཡིན་ཞིང༌། དེ་སྔ་ངོས་རང་རྒྱ་ནག་ཏུ་ཡོད་པའི་དུས་སྐབས་ཤིག་ཏུ་མའོས་ངོས་ལ་ཁྱེད་ཚོར་རྒྱལ་དར་ཡོད་དམ་ཞེས་སྐད་ཆ་དྲིས་བྱུང་བར། ངོས་ནས་ཅུང་ཐེ་ཚོམ་དང་སྦྲགས་ ‘ཡོད་’ ཅེས་ལན་བཏབ་པ་ཡིན། དེ་ནས་མའོས་ཁྱེད་ཚོས་བོད་ཀྱི་རྒྱལ་དར་དེ་བཞིན་དར་དམར་དང་མཉམ་དུ་ཉར་ཚགས་བྱེད་དགོས་ཞེས་ངོས་ལ་སྐུལ་མ་བྱས་བྱུང་” ཞེས་བཀའ་གནང་ཡོད་པས་ཡིན།
གོང་གསལ་བོད་རྒྱའི་དབུ་ཁྲིད་གཉིས་བར་གྱི་མཇལ་མོལ་སྐོར་བོད་མིའི་དམར་ཤོག་ཚོགས་པ་ཐོག་མར་འཛུགས་མཁན་གྱི་གང་ཟག་དེའི་ལོ་རྒྱུས་བོད་མི་གསར་བརྗེ་བ་ཞིག་སྟེ། འབའ་པ་ཕུན་ཚོགས་དབང་རྒྱལ་གྱི་སྲིད་དོན་མི་ཚེ་དང་དུས་སྐབས་ཞེས་པའི་དཔེ་དེབ་ནང་དུའང་གླེང་སློང་བྱས་འདུག དཔེ་དེབ་དེའི་ནང་ཕུན་དབང་གིས་དྲན་གསོ་བྱེད་གཞིར། “མའོས་རང་གི་ རྒྱལ་དར་སྐོར་ དྲི་བར་ཏཱ་ལའི་བླ་མས་ཐུགས་འཚབ་གནང་བ་ཤེས་ཚོར་བྱུང་བ་དང༌། དེ་འཕྲལ་ཁོང་ལ། ‘དེ་ནི་དཀའ་ངལ་ གང་ཡང་ མ་རེད། ཁྱེད་ཚོས་རང་གི་རྒྱལ་དར་ཉར་ཚགས་བྱས་ན་འགྲིགས་ཀྱི་རེད་’ ཅེས་ཞུས་སོང་” ཞེས་གསལ་འདུག་པ་བཅས་སོ།།