བཙན་བྱོལ་བྱི་གཞོན་སྐྱེས་ཚོ་ཨ་རིར་སློབ་སྦྱོང་ལ་གཏོང་བ་དེ། སློབ་ཡོན་སྡེ་ཚན་གྱི་ཐོག་མའི་དམིགས་ཡུལ་བཞིན་ཡོང་གི་མེད་པས་ཨ་རི་གཞུང་ནས་སློབ་གཉེར་བ་ལེན་སྟངས་ལ་འགྱུར་བ་གཏོང་སྲིད་པ་མ་ཟད། སློབ་གཉེར་ལས་རིམ་དེ་ཉིད་ཆ་ཚང་མཚམས་འཇོག་ཀྱང་གནང་སྲིད་པ་རེད།
བོད་མིའི་སློབ་ཡོན་ལས་རིམ་ཐད་ནས་དང་ཐོག་གི་དམིགས་ཡུལ་བཞིན་ཡོང་གི་མེད་པར། སྤྱི་སྐལ་སྒེར་སྤྱོད་བྱེད་བཞིན་པའི་སྐོར་བཙན་བྱོལ་བོད་གཞུང་གི་གསར་འགྱུར་བརྒྱུད་ལམ་དུ་སྤེལ་གྱི་ཡོད་ཅིང༌། གནད་དོན་འདིའི་སྒང་ལ་འདི་གའི་གསར་འགོད་པས་ཤེས་རིག་དྲུང་ཆེ་མཆོག་ལ་གནས་སྟངས་ཞིབ་བརྩད་བྱས་པ་ལྟར་ན། སྤྱི་ལོ་ ༡༩༨༨ ལོར་བོད་མིའི་སློབ་ཡོན་ལས་རིམ་འདི་མགོ་འཛུགས་བྱུང་བ་ནས། ད་བར་གྱི་ལོ་ངོ་ ༢༠ རིང་བཙན་བྱོལ་བོད་གཞུང་གིས་ཨ་རི་གཞུང་གི་སློབ་ཡོན་ལས་རིམ་འོག་ཁྱོན་བསྡོམས་བོད་མི་སློབ་གཉེར་བ་གྲངས་ ༣༤༡ བཏང་འདུག དེའི་ནང་ནས་གན་རྒྱའི་འབྲི་དོན་ལྟར་ཕྱིར་ལོག་པ་ ༢༣༦ དང༌། ཕྱིར་ལོག་མ་བྱས་པར་དངུལ་ཆད་འབུལ་མཁན་ ༢ ། ཕྱིར་ལོག་མ་བྱས་ཤིང་དངུལ་ཆད་ཀྱང་མ་ཕུལ་མཁན་ ༦༦ ། ད་ལྟ་ཨ་རིར་སློབ་སྦྱོང་བྱེད་བཞིན་པ་ ༣༢ ། ཕྱིར་ལོག་བྱས་མཁན་ཁོངས་ནས་གན་རྒྱའི་ཞབས་ལོ་ཚང་རྗེས་སླར་ཨ་རི་སོགས་ལ་ཕྱི་བསྐྱོད་བྱེད་མཁན་ ༦༦ ། ཕྱིར་ལོག་གིས་ད་ལྟ་སྤྱི་ཚོགས་ཞབས་ཞུ་བྱེད་བཞིན་པ་ ༡༦༠ བཅས་ཡིན་འདུག
ཉེ་ལམ་སློབ་ཡོན་སྡེ་ཚན་གྱི་སྐོར་ལ་གསལ་བསྒྲགས་བྱས་པའི་ནང་དུ། སློབ་ཡོན་སྡེ་ཚན་གྱི་ཐོག་མའི་དམིགས་ཡུལ་བཞིན་ཡོང་གི་མེད་པས་བོད་གཞུང་གིས་གན་རྒྱ་འཇོག་སྟངས་སོགས་ཀྱི་ཐད་ལ་དགོངས་འཆར་ཅི་ཡོད་དང༌། ཨ་རི་གཞུང་གིས་ཐོག་མར་བཙན་བྱོལ་བོད་མིའི་སྦྱི་ཚོགས་ཀྱི་ནུས་པ་མཐོར་འདེགས་ཆེད་བོད་མི་ཚོར་སློབ་ཡོན་ལས་རིམ་ཞིག་གནང་ཡོད་པ་འདི་ཡང་ཐོག་མའི་དམིགས་ཡུལ་བཞིན་ཡོང་གི་མེད་པས་རྗེས་ཕྱོགས་སློབ་མ་ལེན་སྟངས་ཀྱི་ཐད་ནས་འགྱུར་བ་གཏོང་སྲིད་ཀྱི་ཡོད་མེད་དྲིས་པར། སློབ་གཉེར་བ་མང་པོ་ཨ་རི་ནས་ཕྱིར་ལོག་མ་བྱས་པར་ལས་རིམ་གྱི་ཐོག་མའི་དམིགས་ཡུལ་བཞིན་ཡོང་གི་མེད་པ་བདེན་པ་རེད། དེའི་ཐད་བཙན་བྱོལ་བོད་གཞུང་གིས་ ༢༠༠༦ ལོར་གན་ཡིག་འཇོག་ཕྱོགས་ལ་འགྱུར་བ་བཏང་སྟེ། ད་སྐབས་ཁྲིམས་མཐུན་གན་ཡིག་རྒྱ་གར་དུ་མིན་པར་ཨ་རིར་འཇོག་དགོས་པ་བཟོས་ཡོད། རང་ཕྱོགས་ནས་སློབ་གསོ་གོ་སྐོན་གང་གཟབ་བྱས་དང་བྱེད་མུས་ཙམ་ལས་གཞན་འོས་མཐུན་བྱ་ཐབས་མ་རྙེད། ཨ་རི་གཞུང་ནས་སློབ་གཉེར་བ་ལེན་སྟངས་ལ་འགྱུར་བ་གཏོང་སྲིད་པ་ཙམ་དུ་མ་ཟད། རྩ་བའི་དམིགས་ཡུལ་མི་འགྲུབ་པའི་གནས་སྟངས་མུ་མཐུད་ཇེ་སྡུག་ཏུ་སོང་ཚེ་སློབ་གཉེར་ལས་རིམ་དེ་ཉིད་ཆ་ཚང་མཚམས་འཇོག་ཀྱང་གནང་སྲིད་པ་རེད། ཅེས་གསུངས་བྱུང༌། ཤེས་གསལ་ལ་ལོ་རེ་རེར་གན་རྒྱ་རྩིས་མེད་གཏོང་མཁན་ཇེ་མང་ལ་འགྲོ་བཞིན་པ་འདི་བོད་གཞུང་གིས་གནས་ཚུལ་ཚབས་ཆེན་ཞིག་ཏུ་མཐོང་གི་ཡོད་མེད་དང༌། ད་ལོའི་གྲོས་ཚོགས་འཚོགས་སྐབས་བཙན་བྱོལ་བོད་གཞུང་ལ་སྨན་པ་སོགས་སྡེ་ཚན་མང་པོར་ཆེད་ལས་ཀྱི་མི་སྣ་མེད་པའི་དཀའ་ངལ་ཡོད་པའི་གནས་ཚུལ་ཐོན་འདུག དཀའ་ངལ་འདིའི་རིགས་སློབ་ཡོན་ལས་རིམ་ཁྲོད་ཀྱི་སྤྱི་སྐལ་སྒེར་སྤྱོད་པ་དང་འབྲེལ་བ་ཡོད་མེད་སྐོར་དྲིས་པར། ཕྱི་ལོ་ ༡༩༩༦ ལོའི་ཡར་སྔོན་གྱི་ལོ་མང་རིང་ཕྱིར་ལོག་མ་བྱས་པའི་བརྒྱ་ཆ་ ༡༠ ཡས་མས་སུ་གནས་ཡོད་ཀྱང༌། ཕྱི་ལོ་ ༢༠༠༧ བར་ཕྱིར་ལོག་མ་བྱུང་བའི་སྤྱི་ཡོངས་བརྒྱ་ཆ་ ༢༡ ཡིན། དམིགས་བསལ་གྱིས་ ༢༠༠༦ དང་ ༢༠༠༧ ལོ་གཉིས་ལ་ཕྱིར་ལོག་མ་བྱུང་བའི་བརྒྱ་ཆ་ ༤༡ ཡིན། བོད་གཞུང་ནས་གནས་ཚུལ་འདི་ཚབས་ཆེན་དུ་གཟིགས་ཀྱང༌། གོང་དུ་བརྗོད་ཟིན་ལྟར་གནང་ཐབས་ཆེར་མེད་སྙམ། སློབ་གཉེར་ལས་རིམ་དེར་བཙན་བྱོལ་བོད་རིགས་ཤེས་ཚད་བཟང་གྲས་རྣམས་འདེམ་གི་ཡོད་པས། གཞུང་གི་མ་ལག་སྡེ་ཚན་མང་པོར་སྨན་པ་སོགས་ཆེད་ལས་པ་མི་རག་པའི་དཀའ་ངལ་ཡོད་པ་ཨ་རིར་བཏང་བའི་སློབ་གཉེར་བ་མང་པོ་ཕྱིར་ལོག་མ་བྱས་པ་དང་འབྲེལ་བ་ཆེ་ཙམ་ཡོད་སྙམ། ཅེས་གསུངས།
འདིའི་སྐོར་འབྲེལ་ཡོད་མི་སྣ་བཙལ་ཏེ་གནས་ཚུལ་དྲིས་པར། དབུས་གཙང་ཆོལ་ཁའི་སྦྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས། ང་རང་སྤྱི་ལོ་ ༢༠༠༢ ལོར་ལོ་གཅིག་གི་སློབ་ཡོན་ལས་རིམ་ཐོག་ཨ་རིར་སློབ་གཉེར་ལ་སོང་བ་ཡིན། ལོ་དེར་ཁྱོན་བསྡོམས་བོད་མི་ ༡༥ སློབ་ཡོན་ལས་རིམ་ཐོག་ཨ་རིར་སློབ་སྦྱོང་ལ་བསྐྱོད་པ་ཡིན་མོད། རྗེས་ནས་ཤེས་གསལ་ཡིན་ན་མི་གསུམ་གྱིས་གན་རྒྱ་རྩིས་མེད་བཏང་འདུག རང་གི་མི་རིགས་ལ་ཤ་མ་ཚ་བ་དང་སེམས་ཤུགས་མེད་པ། ལ་རྒྱ་མེད་ན་གན་རྒྱ་ཙམ་གྱིས་ཡོང་གི་མ་རེད། གན་རྒྱ་ནང་བཞིན་རྣམ་འགྱུར་སྟོན་པ་ཙམ་གྱིས་འགྲིག་གི་མ་རེད། གཙོ་བོ་རང་གི་ཁེ་བཟང་བློས་བཏང་ནས་མི་རིགས་ལ་བསམ་བློ་གཏོང་ཐུབ་དགོས། དེ་མ་གཏོགས་ཁག་པོ་རེད། ཅེས་གསུངས་བྱུང༌།
སློབ་ཡོན་ལས་རིམ་འདི་ནི་ཕྱི་ལོ་ ༡༩༨༨ ནས་མགོ་འཛུགས་བྱུང་བའི་བོད་མིའི་སློབ་ཡོན་ལས་རིམ་ Tibet scholarship program ཞེས་པ། ཡོངས་གྲགས་སུ་ཕུལ་སྦི་ར་ཡིཌ་སློབ་ཡོན་ Fulbright scholarship ཞེས་འབོད་པ་དེ་ནི་ཨ་རི་གཞུང་གིས་བཙན་བྱོལ་བོད་མིའི་སྦྱི་ཚོགས་ཀྱི་ནུས་ཤུགས་གོང་མཐོར་སྤེལ་སླད་གནང་བ་ཞིག་ཡིན་ཞིང༌། སློབ་ཡོན་ལས་རིམ་དེར་འདེམ་སྒྲིག་བྱུང་བ་རྣམས་ཀྱིས་ཨ་རིར་སློབ་སྦྱོང་ཟིན་མཚམས་རྒྱ་གར་དུ་ཕྱིར་ལོག་བྱ་རྒྱུ་དང༌། ཕྱིར་ལོག་རྗེས་ཉུང་མཐར་ལོ་གསུམ་མམ་གཉིས་རིང་སྤྱི་ཚོགས་ཞབས་ཞུ་བསྒྲུབ་རྒྱུ། གལ་ཏེ་ཕྱིར་ལོག་མ་བྱས་ཚེ་རང་གི་སློབ་ཡོན་འགྲོ་གྲོན་དང་མཉམ་པའི་གུན་གསབ་དངུལ་ཆད་བསྒྲུབ་རྒྱུ་བཅས་ཁྲིམས་ཤོག་སྟེང་དམ་བཅའི་གན་རྒྱ་བཞག་ཡོད་པ་རེད།
ངས་བསམ་ན་དེ་ལྟར་བྱུང་བ་ནི་ཐོག་མ་ནས་ང་ཚོས་གཞུང་ནས་དགོས་པ་དང་འཆར་གཞི་ངེས་གཏན་གསལ་པོ་བཟོས་མེད་པའི་ལན་པ་ཞིག་ལ་བརྩི་ཡིན་ཡོད།་་གཙོ་བོ་ཐོག་མའི་སློབ་གསོ་སྤྲོད་སྟངས་ལ་ཤུགས་ཆེན་པོ་རག་ལས་ཡོད་པ་ཞིག་ལ་འདོད་ཀྱི་ཡོད།
དྲ་གྲོགས་མི་ནག་ཚང་ལུང་རིགས་རྒྱལ་ལགས། ངས་བཤད་པ་ནི་གཞུང་གི་སྒྲིག་འཛུགས་བེད་སྤྱད་དེ་ཕྱི་རྒྱལ་དུ་སོང་དེ་གཞུང་གི་སྒྲིག་གཞི་མི་འཁུར་བའི་མགོ་སྟོང་དེ་ཚོ་ལ་ཟེར་གྱི་ཡོད་པ་མ་གཏོགས། ཕྱི་རྒྱལ་གང་ཞིག་ཐག་རིང་ཐུང་གི་ཁྱད་པར་དང་ཕྱི་རྒྱལ་གང་ཞིག་དུ་རང་རང་གི་སྒེར་ངོས་ནས་སོང་བའི་རིགས་ལ་བཤད་ཀྱི་མེད། རང་རང་གི་སྒེར་ངོས་ནས་བྲོས་བྱོལ་དུ་འགྲོ་མཁན་དེ་དག་ལ་གཏམ་རྒྱུད་སྣ་ཚོགས་རེ་ཡོད་ཀྱང་། ད་རེབས་ཀྱི་འུ་གཉིས་ཀྱི་གླེང་གཞི་དེ་མ་རེད་སྙམ། ད་དུང་རང་ཉིད་ཀྱིས་དུས་དང་རྣམ་པ་ཐམས་ཅད་དུ་བོད་མི་མང་ཆོགས་ཀྱི་སེམས་དཀྲུག་འདོད་ཀྱི་ཀུན་སློང་ཞིག་རང་གི་སེམས་ནང་དུ་ཤར་མྱོང་མེད་སྟབས། ཉིད་ཀྱིས་དེའི་ཐད་དུ་ཐུགས་འཁུར་གནང་བ་བཀའ་དྲིན་ཆེ།
སྐད་ཆ་འདི་ལྟར་བཤད་ན་གནས་ལུགས་ཡང་དག་ཅིག་མ་རེད། ང་རང་གངས་སྐྱིད་ནས་ཡུན་རིང་བསྡད་པའི་མི་ཞིག་ཡིན། འགྲོ་འདོད་མཁན་རིགས་ངེས་པར་དུ་ཕྱིན་ན་འགྲིག་གི འཕུར་ན་འགྲིག་གི རངརང་གི་ཕུགས་བསམ་དང་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ཡུལ་ལུང་འགྲིམ་བཞིན། སློང་མོ་རྒྱག་བཞིན། ནམ་ཉིན་ཞིག་ཁ་དང་སེམས་གཉིས་ཀ་ཕྱིར་འཁོར་ན་འགྲིག་གི་འདུག
མ་གཞི་ནས་བོད་གངས་ཅན་གྱི་ཡུལ་ནས་ཕྱི་ལ་བྲོས་ཚར་བའི་མི་ཞིག་ཡིན་དུས་ཡུལ་ལུང་གང་དུ་བྲོས་ནའང་ཁྱད་མི་འདུག ཡིན་གཅིག་མིན་གཅིག་ངྷ་རམ་ས་ལ་ནས་འདུག་དགོས་དོན་མི་འདུག འདི་སྤྱིར་བཏང་གི་གསལ་འདེབས་ཙམ་ཡིན།
མང་ཚོགས་ལ་བསམ་ནས་སྐད་ཆ་བཤད་ན་སྒྲུང་གཞན་པ་ཞིག་རེད། དཔེར་ན། ང་ཚོའི་སྐུ་དྲག་གི་ཁྱིམ་རྒྱུད་ཚོ། སྤྲུལ་སྐུ་རྣམ་པ་ཚོ། ས་སྣེ་སུག་སྣེ་ཟིན་མཁན་གྱི་མཁས་པ་ཟེར་ན་རེད། འབྱོར་ལྡན་ཟེར་ན་རེད། གྲུང་པོ་ཟེར་ན་རེད། ཚང་མའི་ཐུན་མོང་གི་ལམ་ཁ་གཅིག་པ་རེད། ད་ནས་བཟུང་འདིའི་རིགས་གསང་ས་སྦས་ས་ཡོད་མ་རེད། བློ་ཁོག་དང་ལར་ཞེན་ཡོད་ན་དེ་ལ་དཔག་པའི་སྐད་ཆ་བཤད་དགོས་པ་རེད། དེ་མ་གཏོགས་་་་མི་དམངས་དཀྱུས་མ་སྟེ། མང་ཚོགས་ཀྱི་་་་་་སེམས་་་་་ དཀྲུག་་་་་་ན་་་་་་ཡག་་་་་་པོ་་་་ཡོད་་་་་་པ་་་་་་མ་་་་་་རེད།
བོད་གངས་ཅན་ཚང་གི་བདེ་སྡུག་དང་རང་གི་ཁ་ལྟོ་གཉིས་ཀྱི་ནང་ནས་རང་གི་ཁ་ལྟོ་གཙོ་བོ་གཉེར་མཁན་གྱི་མི་སྣ་དེ་དག་བོད་བཙན་བྱོལ་གཞུང་གིས་ཁོང་ཚོ་ཐོག་མར་ཨ་རི་ལ་མ་བཏང་སྔོན་གྱི་ཁོང་ཚོའི་གྲས་ཀྱི་སྡར་མ་སྐྱག་གཟན་དེ་ཚོ་ལ་བཀའ་སློབ་དང་ལམ་སྟོན་ག་རེ་གནང་ཡོད་དམ། སྡར་མ་དེ་ཚོ་གཞུང་གི་འབྲེལ་ལམ་འོག་ནས་ཨ་རི་ལ་སོང་བ་ཡིན་ན་འགན་ལྗིད་པོ་ཞིག་ཡོད་པ་མི་ཤེས་པའི་གནད་དོན་དེ་ནི་ཇི་ལྟར་བྱུང་གི་ཡོད་དམ།
འདི་འདྲའི་གནས་ཚུལ་ཏེ། གཞུང་གི་སྲིད་ཇུས་དང་དེའི་གྲུབ་འབྲས་ལ་ལྟ་རྟོག་མང་ཙམ་གནང་རོགས་ཞུ་རྒྱུ་ཡིན།
རང་གི་མི་རིགས་ལ་ཤ་མ་ཚ་བ་དང་སེམས་ཤུགས་མེད་པ་རང་རེད།
མཚམས་འཇོག་གནང་ན་བསམ་བསམ།