དམིགས་བསལ་ཚོགས་ཆེན་སྒང་ལ་མི་མང་གི་བསམ་ཚུལ་ཇི་ལྟར་ཡོང་གི་ཡོད་པ་དང༌། བོད་པའི་གཞིས་ཆགས་ཁག་གི་མགོ་འཛིན་གྱིས་ཐབས་ལམ་གང་འདྲ་ཞིག་ལ་བརྟེན་ནས་མི་མང་གི་བསམ་ཚུལ་བསྡུ་རུབ་བྱེད་ཀྱིན་ཡོད་པ། མི་མང་གི་བསམ་ཚུལ་གང་འདྲ་སླེབས་ཀྱིན་ཡོད་མེད་སྐོར་ལ་འདི་གའི་གསར་འགོད་པས་ས་གནས་མགོ་འཛིན་ཁག་ཅིག་ལ་འབྲེལ་བཏུགས་ཀྱིས་གནས་ཚུལ་བླངས་པ་ཡིན།
ཨོ་རི་ས་སྤྱི་ཁྱབ་ས་གནས་མགོ་འཛིན་མདའ་ཟུར་ཉི་མ་བཀྲ་ཤིས་ལགས་ཀྱིས། སྤྱི་ཟླ་ ༩ བའི་ཟླ་མཇུག་ལ་ང་ཚོའི་ཨོ་རི་ས་གཞིས་ཆགས་སུ་དམིགས་བསལ་ཚོགས་ཆེན་དང་འབྲེལ་བའི་གཞུང་འབྲེལ་གསལ་བསྒྲགས་འབྱོར་བྱུང༌། དེ་རྗེས་སྤྱི་ཟླ་ ༡༠ ཚེས་ ༨ ཉིན་ཨོ་ར་ས་ཕུན་ཚོགས་གླིང་གི་ས་གནས་མགོ་འཛིན་དང༌། རང་བདེན་ཚོགས་ཆུང་ཁག་གི་མགོ་འཛིན། དགོན་སྡེ་སོ་སོའི་སྐུ་ཚབ། གཞིས་གྲོང་ཁག་གི་འཐུས་མི་བཅས་ཚོགས་འདུ་འཚོགས་ཏེ་མི་མང་གི་བསམ་ཚུལ་གཙོ་བོར་བཟུང་ནས་གཞུང་འབྲེལ་གསལ་བསྒྲགས་དེ་གཞིས་གྲོང་ཁག་གི་མཛད་གཙོ་དང་འཐུས་མི་རྣམ་པར་བཏང་བ་ཡིན། གཞིས་གྲོང་སོ་སོ་ནས་བརྒྱ་ཤོག་བརྒྱ་ཤོག་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་སོ་སོས་ཚོགས་འདུ་འཚོགས་ཏེ་མི་མང་གི་བསམ་ཚུལ་བླངས་པ་ཡིན། ཚེས་ ༡༣ ཉིན་མི་མང་གི་བསམ་ཚུལ་ལེན་མཁན་སྨན་ཁང་དང༌། བཟོ་གྲྭ་སོགས་སྡེ་ཚན་སོ་སོའི་ས་གནས་འཐུས་མི་དང་བརྒྱ་དཔོན། ཆོལ་ཁ་གསུམ་གྱི་སྐུ་ཚབ་གཉིས་རེ། རང་བདེན་ཚོགས་ཆུང་ཁག་གི་མགོ་འཛིན། དགོན་སྡེ་ཁག་དང་མངའ་རིས་སྤྱི་མཐུན་ཚོགས་པ། ས་གནས་གཞོན་ནུ། བུད་མེད་བཅས་ཀྱི་སྐུ་ཚབ་སོགས་མི་སྣ་ ༦༢ མཉམ་དུ་འཛོམས་ཏེ་གཞུང་འབྲེལ་གསལ་བསྒྲགས་དེ་ས་གནས་མགོ་འཛིན་གྱིས་འབྲེལ་བཤད་མཐིལ་ཕྱིན་པ་བྱས་པ་དང༌། ས་གནས་འཐུས་མིའི་ཚོགས་གཙོ་དང་དགོན་སྡེ་ཁག་གི་མཁན་པོ་ཚོས་བཀའ་སྤྱི་གཉིས་ཀྱིས་དམིགས་བསལ་ཚོགས་ཆེན་འདི་བསྡུ་སྐོང་བྱ་དགོས་པའི་དམིགས་ཡུལ་སོགས་ཀྱི་སྒང་ལ་བཀའ་སློབ་གནང་བ་དང༌། ཚོགས་མི་ཁ་ཤས་ལ་རང་རང་གི་དགོངས་ཚུལ་གསུངས་བའི་གོ་སྐབས་སྤྲད་པ་ཡིན། དེ་ནས་ཚོགས་འདུར་ཡོད་པའི་འགན་འཛིན་མི་སྣ་ ༦༢ དེ་ཚོགས་ཆུང་ ༨ ལ་བགོ་བཤའ་བརྒྱབས་ཏེ་ཚོགས་ཆུང་སོ་སོ་ནས་ཚོགས་ཆེན་འདིའི་སྒང་ལ་བསམ་ཚུལ་ག་རེ་ཡོད་མེད། ཆུ་ཚོད་དྲུག་གི་ནང་ཡིག་ཐོག་ལ་ཕབ་ཏུ་བཅུག་པ་ཡིན། ཚོགས་ཆུང་རེ་རེ་ཡི་བསམ་ཚུལ་ཡིག་ཐོག་ལ་ཕབ་ཚར་དུས་ཕྱི་དྲོ་ཆུ་ཚོད ༣ ཟིན་འདུག་ལ། ཉིན་གུང་གི་ཞལ་ལག་ཀྱང་མ་བཟས་པར་ཚོགས་ཆུང་སོ་སོའི་སྐུ་ཚབ་ཀྱིས་ཚོགས་ཆུང་གི་སྙན་ཐོ་ཚོགས་ཐོག་ནས་སྒྲོག་སྦྱོང་བྱས་པ་དང༌། གལ་ཏེ་ཚོགས་ཆུང་གང་ཞིག་གི་བསམ་ཚུལ་ལ་འཐད་པ་མེད་ན་དེ་ལ་དྲི་བ་དྲིས་ལན་བྱས་ཏེ་བགྲོ་གླེང་བྱས་པ་ཡིན། གལ་ཏེ་མི་སྒེར་དང་ཚོགས་པ་གང་རུང་གི་བསམ་ཚུལ་ཆད་ལྷག་ཡོད་ན། སྤྱི་ཟླ་ ༡༡ ཚེས་ ༥ ཉིན་བར་བསམ་ཚུལ་ཕུལ་ཆོག་པའི་གསལ་བསྒྲགས་དང་ཡི་གེ་ཕུལ་ཡོད། མཐའ་མཇུག་མི་མང་གི་བསམ་ཚུལ་ནི་༧གོང་ས་མཆོག་གི་ཐུན་མོང་མ་ཡིན་པའི་མཛད་པར་བརྟེན་ནས་བཙན་བྱོལ་བོད་གཞུང་འདི་རྒྱལ་སྤྱིའི་སྒང་ལ་དམིགས་བསལ་རྒྱབ་སྐྱོར་རག་ཡོད་པ་དང༌། དམིགས་བསལ་གྱིས་རྒྱལ་སྤྱིའི་གནས་བབ་དང་བོད་རང་གི་གནས་སྟངས། རྒྱ་ནག་གི་འགྱུར་བ་སོགས་ལ་གཞིགས་ནས་བཏོན་པའི་དབུ་མའི་ལམ་འདི་ལ་ཤར་སྐྱོད་བྱ་རྒྱུ་དེ་ཡིན་ལ། འདི་ནི་ད་ལྟའི་དུས་སུ་བོད་རང་ལ་ཡོད་པའི་ཆེས་ལེགས་ཤོས་ཀྱི་ལམ་ཀ་ཉག་ཅིག་དེ་རེད། བསམ་ཚུལ་འདིའི་ནང་དུ་ས་གནས་གཞོན་ནུ་དང་ས་གནས་བུད་མེད། ས་གནས་མི་མང་སོགས་མདོར་ན་ཨོ་རི་ས་མི་མང་ཚང་མའི་རེ་བ་དང་བསམ་ཚུལ་སླེབས་ཡོད། འདི་གསལ་བོ་ཞིག་བཀོད་རོགས་གནང༌། ཞེས་གསུངས་བྱུང༌།
ལྭ་དྭགས་སྤྱི་ཁྱབ་ས་གནས་མགོ་འཛིན་འཇིན་གེར་དཔོན་དགྲ་འདུལ་ལགས་ཀྱིས། སྤྱི་ཟླ་ ༡༠ ཚེས་ ༣ ཉིན་ང་ཚོར་གཞུང་འབྲེལ་གསལ་བསྒྲགས་གཉིས་པ་དེ་འབྱོར་བྱུང༌། དེའི་ནང་དུ་དོན་ཚན་བརྒྱད་འདུག ཚེས་ ༨ ཉིན་ས་གནས་མགོ་འཛིན་དབུ་བཞུགས་ཐོག་ས་གནས་གྲོས་ཚོགས་དང༌། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། ས་གནས་རང་བདེན་ཚོགས་ཆུང་སོགས་ཀྱི་འགན་ཁུར་བ། དགོན་སྡེ་ཁག་གི་སྐུ་ཚབ་བཅས་འཛོམས་ཏེ། བསམ་ཚུལ་བསྡུ་ལེན་བྱེད་སྟངས་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱས་པ་ཡིན། ཚེས་ ༩ ནས་ཚེས་ ༡༢ བར་ལྭ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་མི་དམངས་རྣམས་བརྒྱ་ཤོག་ཁག ༡༣ དང༌། ཚེས་ ༢༠ ནས་ ཚེས་ ༢༤ བར་ལྭ་དྭགས་བྱང་ས་ཁུལ་ ༩ དང་བོད་ཁྱིམ་ལས་བྱེད་སོགས་སྡེ་ཚན་སོ་སོ་དང་རང་བདེན་ཚོགས་ཆུང་ཁག་གིཧའགན་འཛིན་བཅས་ངོ་བཅར་གྱིས་བསམ་ཚུལ་བསྡུ་ལེན་བྱས་པ་ཡིན། ལྭ་དྭགས་ལྷོ་བྱང་གཉིས་སུ་བོད་མི་ ༧༠༠༠ ལྷག་ཡོད། བསམ་ཚུལ་ཕྱོགས་སྡོམ་བྱས་ཏེ་ཚོགས་ཆེན་སྒང་ལ་འབུལ་རྒྱུའི་བསམ་ཚུལ་ཡིག་ཐོག་ནས་གྲ་སྒྲིག་བྱས་ཚར་ཏེ། མི་མང་གི་བསམ་ཚུལ་ཕྱོགས་བསྡོམས་བྱས་རྗེས་དོན་ཚན་ ༧ ནང་ལ་འཁོད་ཡོད། གཙོ་བོ་དེ་༧གོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་ལ་བལྟས་ནས་ང་ཚོའི་བོད་མི་སྐྱབས་བཅོལ་བ་ཚོར་གཞུང་ཞིག་དང་སྒྲིག་འཛུགས་ཤིག་ཆགས་ཡོད། རྗེས་སུ་རྒྱལ་སྤྱིའི་སྒང་གི་བོད་དོན་གནས་བབ་དང༌། རྒྱ་ནག་གི་འགྱུར་བ། བོད་ནང་གི་བོད་མིའི་དཀའ་སྡུག་དང་འཕྲོ་བརླག་ལ་འགྲོ་བཞིན་པའི་བོད་ཀྱི་རི་ལུང་དང་རིག་གཞུང་སོགས་ལ་དགོངས་པ་རྒྱ་ཆེར་བཞེས་ཏེ་རླབས་ཆེན་གྱི་དགོངས་པ་ལས་རྙེད་པའི་གཉིས་ཕན་དབུ་མའི་ལམ་ཞེས་པ་འདི་བོད་མི་ཚོས་རང་གི་བླ་མ་དང་རང་གི་དབུ་ཁྲིད་ལ་དམ་ཚིག་བརྟན་པོས་སྐུ་དབང་ཕུལ་བ་ལས་བྱུང་བ་ཡིན་ལ། ད་ལྟའི་བོད་གཞུང་གི་སྲིད་བྱུས་ཀྱང་རེད། སྲིད་བྱུས་འདི་བརྒྱུད་ནས་བོད་དང་རྒྱ་ནག་གི་བར་ལ་ཕན་ཚུན་དོགས་པ་དང་ཐེ་ཚོམ་སེལ་བའི་ཞི་བའི་གྲོས་མོལ་ཡང་མུ་མཐུད་ནས་འགྲོ་བཞིན་པ་རེད། ཇི་སྲིད་༧གོང་ས་མཆོག་གིས་དབུ་མའི་ལམ་ལ་འགྱུར་བ་གཏོང་དགོས་པའི་བཀའ་མ་གནང་བར་དུ་ལྭ་དྭགས་བོད་མི་ཚོ་དེ་སྲིད་དུ་དབུ་མའི་ལམ་ལ་ཤར་སྐྱོད་བྱ་རྒྱུ་ཡིན་པ་དང༌། དབུ་མའི་ལམ་གྱི་གོ་དོན་རྟོགས་མཁན་རྒྱལ་སྤྱིའི་མི་མང་གིས་བོད་དོན་ལ་རྒྱབ་སྐྱོར་གནང་བ་འདི་བཞིན་གཞིས་ལུས་བོད་མི་དང་རྒྱ་མི་རིགས་ལ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་རྒྱུར་གཞུང་སྒེར་མི་རེ་ངོ་རེས་འགན་ལེན་དགོས་པ། ད་ལྟའི་བོད་ཀྱི་གནས་སྟངས་འདི་ཛ་དྲག་གི་དུས་སྐབས་ཤིག་ཏུ་ཁེལ་ཡོད་པས། བོད་མི་ཡོངས་རྫོགས་ཀྱིས་རྡོག་རྩ་གཅིག་སྒྲིལ་གནང་དགོས་པ་འདི་ད་ལྟའི་རང་ཅག་བོད་མི་རྣམས་ཀྱིས་ངེས་པར་དུ་བསམ་གཞིགས་གནང་དགོས་པ་ཞིག་ཡིན་པས། རང་བཙན་དོན་གཉེར་བའི་ཚོགས་སྡེ་ཁག་ནས་ཀྱང་དབུ་མའི་ལམ་གྱི་སྒང་ནས་བོད་དོན་བདེན་མཐའ་སེལ་བར་འཕྱར་གྲུ་མཉམ་འདེགས་གནང་དགོས་པ་མཐོང་གི་འདུག་པ་མ་ཟད། འདི་ག་མི་མང་ལ་ང་ཚོའི་ལྟ་བ་རང་བཙན་ཡིན་དང༌། རང་བཙན་འཐབ་རྩོད་བྱེད་ན་འདི་འདྲ་རེད་ལ་སོགས་པའི་བསམ་ཚུལ་སླེབས་མ་བྱུང༌། དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ལ་གྲོས་ཆོད་བཞག་པ་རྣམས་ལག་ལེན་དུ་བསྟར་དགོས་པར་འབོད་སྐུལ་གནང་རྒྱུ་སོགས་ནི་འདི་གའི་ལྭ་དྭགས་བོད་མིའི་ཐུན་མོང་གི་བསམ་ཚུལ་ཡིན། ཞེས་གསུངས་བྱུང༌།
སྤེལ་ཀོབ་ལུགས་བསམ་གླིང་ས་གནས་མགོ་འཛིན་བཀྲ་ཤིས་དབང་འདུས་ལགས་ཀྱིས། ལུགས་བསམ་གླིང་གི་ཁོངས་གཏོགས་གྲོང་སྡེ་བདུན་ཙམ་ཡོད་པ་དང༌། མི་འབོར་ ༧༠༠༠ ལྷག་ཡོད། འདིར་ས་གནས་མགོ་འཛིན་དང་རང་སྡེ་ཚོགས་ཆུང་གི་འཐུས་མི། མི་མང་གི་འཐུས་མི་བཅས་ང་ཚོ་མི་གསུམ་གྲོང་སྡེ་རེ་རེར་སོང་ནས་ཚོགས་ཆེན་སྐོར་གྱི་གྲོས་གཞི་ངོ་སྤྲོད་བྱས་པ་དང༌། གྲོས་གཞི་འདིའི་སྒང་ལ་མི་མང་ལ་བསམ་ཚུལ་གང་ཡོད་པ་དེ་གྲོང་སྡེ་སོ་སོའི་ནང་ནས་བརྒྱ་ཤོག་དང་བཅུ་ཤོག་གི་ཚོགས་ཆུང་བཙུགས་ནས་ཚོགས་ཆུང་རེ་རེ་ཡི་བསམ་ཚུལ་ཡིག་ཐོག་ལ་ཕབ་ཏུ་བཅུག་པ་ཡིན། ཡིག་ཐོག་གི་བསམ་ཚུལ་ང་ཚོར་འབྱོར་བ་དང༌། དེ་ནས་སླར་ཡང་སློབ་གྲྭའི་དགེ་རྒན་དང། འཕྲོད་བསྟེན་ཡན་ལག་ཁག སྡེ་ཚན་སོ་སོའི་ལས་བྱེད་སོགས་ཁྱོན་མི་ ༨༠ ལྷག་ཡོད་པ་འཛོམས་ཏེ་བསམ་ཚུལ་བསྡུས་པ་ཡིན། ང་ཚོས་དེ་དག་ཕྱོགས་སྡོམ་བྱས་ཏེ་ཚོགས་ཐོག་ལ་འབུལ་རྒྱུར་གྲ་སྒྲིག་བྱས་ཡོད། མི་མང་གི་བསམ་ཚུལ་གཙོ་བོ་དང་ཁ་གཅིག་གྲགས་དེ་བར་ལམ་རྒྱ་ནག་གིས་༧གོང་ས་མཆོག་ལ་ཉེས་འཛིགས་དང་མཚན་སྨད་མང་དག་ཅིག་ཞུས་ཡོད་པ་དེ་དག་མཚམས་འཇོག་དང༌། དམིགས་བསལ་གྱིས་༧གོང་ས་མཆོག་ལ་བོད་མི་ས་ཡ་དྲུག་གི་འགན་དབང་ཡོད་པ་མ་རེད་ཟེར་བ་འདི་ཚད་ལས་བརྒལ་ཡོད་པས་ཚོགས་ཐོག་འདི་ནས་༧གོང་ས་མཆོག་ལ་བོད་མི་ས་ཡ་དྲུག་གི་འགན་དབང་དང༌། བོད་ཀྱི་མ་འོངས་བདེན་མཐའ་སེལ་བར་༧གོང་ས་མཆོག་ལ་སྐུ་དབང་ཆ་ཚང་ཡོད་པའི་ཐག་གཅོད་གནང་དགོས་པ་འདི་རེད། ཐུགས་ཀྱི་དགོངས་པ་ནང་བཞིན་བོད་མི་ཡོད་དོ་ཅོག་རྡོག་རྩ་གཅིག་སྒྲིལ་གནང་དགོས་པ་འདི་ད་ལྟའི་གནས་བབ་ལ་ཧ་ཅང་གིས་གལ་ཆེན་པོ་ཡིན་པ་དང༌། ཚོགས་པ་སྐྱིད་སྡུག་རེ་ཟུང་གིས་ལངས་ཕྱོགས་དང་མི་སྒེར་གྱི་བསམ་ཚུལ་དེ་ཏག་ཏག་ཞིག་མིན་པར་བོད་མི་ཚང་མས་ནུས་ཤུགས་གོང་བུ་གཅིག་ཏུ་བསྒྲིལ་ཏེ་ནུས་པ་ཐོན་པ་ཞིག་བྱ་དགོས་པ་དེ་འདིར་གནས་པའི་བོད་མའི་བསམ་ཚུལ་རེད་འདུག ཚོགས་བཅར་བ་ས་གནས་མགོ་འཛིན་དང་མི་མང་གི་འཐུས་མི། རང་བདེན་ཚོགས་ཆུང་གི་འཐུས་མི། སློབ་གྲྭའི་སློབ་སྤྱིའམ་ཡང་ན་སྐུ་ཚབ་བཅས་དང༌། དེ་མིན་དང་སྤྱི་ཟུར་ཚོ་ཕེབས་ཀྱི་ཡོད། ཅེས་གསུངས་བྱུང༌།
ཧོན་སོར་གཞིས་ཆགས་མགོ་འཛིན་བྱམས་པ་ཕུན་ཚོགས་ཀྱིས།
དེ་ནས་༧གོང་ས་མཆོག་གིས་བོད་ཆོས་སྲིད་གཉིས་ཀྱི་ཐུགས་འགན་དེ་མུ་མཐུད་ནས་བཞེས་རོགས་ཞེས་སྐྱབས་འཇུག་ཞུ་དགོས་པ་དང༌། རྒྱལ་སྤྱིའི་ནང་ལ་བོད་དོན་གྱི་ལས་འགུལ་སྤེལ་རྒྱུ་ཇེ་མང་ལ་བཏང་ཏེ་རྒྱལ་སྤྱིའི་ཐོག་གི་བོད་དོན་རྒྱབ་སྐྱོར་གྱི་ནུས་པ་གོང་མཐོར་གཏོང་རྒྱུ། དམིགས་བསལ་གྱིས་དབྱིན་ཇི་དང་ཨེ་ཤ་ཡའི་རྒྱལ་ཁབ་ཁག་སྟེ་བོད་འདི་རང་བཙན་ཡིན་པར་བདེན་དབང་ཡོད་མཁན་དང༌། ཡང་ན་བོད་དང་མཉམ་དུ་ཆིངས་ཡིག་བཞག་མྱོང་མཁན་གྱི་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲོད་པ་དང་ལས་འགུལ་མང་དུ་གཏོང་རྒྱུ་སོགས་རེད་ལ། ཡང་མི་མང་གི་བསམ་ཚུལ་གཙོ་བོ་གཅིག་ནི་༧གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་དང༌། ཧོན་སོར་ས་གནས་མགོ་འཛིན་གྱི་འོག་ཏུ་གྲོང་སྡེ་ ༡༣ དང་ཕྱེད་ཀ་ཡོད་པ་དང༌། མི་འབོར་ ༣༣༠༠ ལྷག་ཡོད། ཡིན་ན་ཡང་ད་ལྟའི་ཆར་མི་མང་པོ་ཞིག་དགུན་ཚོང་ལ་སོང་བས་མི་ ༣༣༠༠ འཛོམས་ཡོད་པ་མ་རེད་དེ་གང་འཚམ་ཞིག་འདུག མི་མང་ཚང་འཛོམས་གནང་སྟེ་དམིགས་བསལ་ཚོགས་ཆེན་གྱི་གྲོས་གཞི་དེ་གསལ་བཤད་བྱས་རྗེས་ཚོགས་ཆུང་བཟོས་ཏེ། གྲོས་གཞི་འདིའི་སྒང་ལ་གོ་བསྡུར་གནང་བ་རེད། དེའི་རྗེས་ཚོགས་ཆུང་སོ་སོས་རང་རང་གི་དགོངས་གཞི་གཙོ་བོ་ཡིག་ཐོག་ལ་ཕབ་ནས་དོ་བདག་སོ་སོ་ནས་རང་རང་གི་དགོངས་ཚུལ་ལ་དམ་ཕྲུག་དང་དཔང་རྟགས་བཀོད་པ་དང༌། ང་ཚོས་ཡིག་ཐོག་གི་བསམ་ཚུལ་དེ་ཚོ་ཕྱོགས་སྒྲིག་གནང་བ་ཡིན་ལ། སླར་ཡང་མི་མང་ལ་བསམ་ཚུལ་ཕྱོགས་བསྡུས་དེ་ཁྱབ་བསྒྲགས་གནང་ཏེ་ད་དུང་དོ་བདག་སོ་སོ་ལ་ཆད་ལྷག་དང་དགོངས་འཆར་ཡོད་ན་ཉིན་གཅིག་གི་གོ་སྐབས་ཕུལ་བ་ཡིན། བསམ་ཚུལ་གཙོ་བོ་དང་སྤྱི་མོས་དེ་ཉེ་ཆར་རྒྱ་ནག་གིས་༧གོང་ས་མཆོག་ལ་བོད་མིའི་ཚབ་བྱེད་ཐུབ་པའི་འགན་དབང་དང་ཐོབ་ཐང་མེད་ཟེར་བའི་སྐྱོན་བརྗོད་འདི་ལ་ཚོགས་ཆེན་ཐོག་གོ་བསྡུར་གནང་ནས་དེ་ལ་ལན་གསལ་བོ་ཞིག་གནང་དགོས་པ་དེ་རེད། ཡིན་ན་ཡང་༧གོང་ས་མཆོག་གི་དགོངས་གཞིའི་འོག་གི་བོད་གཞུང་གི་སྲིད་བྱུས་འདིར་ཡག་པོ་འདུག་གསུངས་མཁན་དང༌། ཡང་དབུ་མའི་ལམ་ལ་གྲུབ་འབྲས་ཐོན་མ་སོང་བས་རང་བཙན་ལ་བསྐྱོད་དགོས་ཀྱིན་འདུག་གསུངས་མཁན་ཡང་ཁ་ཤས་འདུག ཅེས་གསུངས་བྱུང༌།
མན་ཏི་ས་གནས་མགོ་འཛིན་ཀརྨ་དར་རྒྱས་ལགས་ཀྱིས། མན་ཏི་ས་གནས་མགོ་འཛིན་གྱི་ཁྱབ་ཁོངས་སུ་སྤོན་དྲོ་བཀྲ་ཤིས་གླིང་དང༌། མཚོ་པདྨ། སུན་རྡར་ན་སྐར། མན་ཏི་བཅས་ཀྱི་ས་གནས་བཞི་ཡི་གཞིས་ཆགས་ཁག་ཡོད། སྤོན་དྲོ་བཀྲ་ཤིས་གླིང་ལ་མཚོན་ན་ས་གནས་གཅིག་ཡིན་ཡང༌། གཞིས་ཆགས་གཞན་པ་ཁག་ཁ་ཐོར་གྱི་རྣམ་པར་ཡོད། གཞིས་ཆགས་ཁག་གི་མི་འབོར་སྡོམ་ཚེ་ ༨༠༠ ལྷག་ཡོད། སྤྱི་ཟླ་ ༡༠ ཚེས་ ༧ དང་ ཚེས་ ༢༢ ཀྱི་ཉིན་གཉིས་ལ་བསམ་ཚུལ་བསྡུ་རུབ་བྱས་པ་ཡིན་ལ། ཁ་ཐོར་ས་གནས་གསུམ་དེ་མཚོ་པདྨར་འཛོམས་ནས་ས་གནས་མགོ་འཛིན་དང་ས་གནས་གྲོས་ཚོགས་འཐུས་མི། རང་བདེན་ཚོགས་ཆུང་གི་མགོ་འཛིན་བཅས་ཀྱིས་ཞོགས་པ་ནས་ཕྱི་དྲོ་ཆུ་ཚོད་ ༥ བར་མི་མང་གི་བསམ་ཚུལ་བསྡུ་རུབ་གང་ཐུབ་གནང་བ་ཡིན་ལ། མི་མང་ཚོ་ལ་ཡང་རྩ་དོན་ཞིག་གི་སྒང་ལ་སླེབས་ཡོད་དུས་མ་ཡོང་ན་འགྲིག་གི་མ་རེད་ཟེར་ནས་མི་མང་གང་མང་འཛོམས་བྱུང༌། ཡིན་ན་ཡང་མི་མང་པོ་ཞིག་དགུན་ཚོང་ལ་སོང་འདུག བསམ་ཚུལ་བསྡུ་སྐབས་མི་མང་གིས་དམིགས་བསམ་ཚོགས་ཆེན་དང་འབྲེལ་བའི་གྲོས་གཞི་དེར་གྲོས་གཞི་གསལ་བོ་ཞིག་མི་འདུག་པའི་བསམ་ཚུལ་ཤུགས་ཆེན་པོ་སླེབས་བྱུང༌། དེ་ནས་བོད་ཀྱི་རྩ་དོན་ཟེར་བ་དེ་གང་ལྟར་བོད་མི་གཞིས་བྱེས་གཉིས་ལྷན་འཛོམས་གནང་རྒྱུ་དང༌། ༧གོང་ས་མཆོག་བོད་ལ་གདན་འདྲེན་གནང་དགོས་པ་ཡིན་དུས། གལ་ཏེ་ང་ཚོས་དབུ་མའི་ལམ་གྱི་འཐབ་རྩོད་མཚམས་བཞག་ནས། ལངས་ཕྱོགས་གཞན་པའི་སྒང་ནས་འཐབ་རྩོད་མགོ་འཛུགས་དགོས་ན་དེ་ང་ཚོའི་དམིགས་ཡུལ་དང་ཐག་ཇེ་རིང་ལ་བུད་འགྲོ་བས། ༧གོང་ས་མཆོག་གི་དགོངས་གཞི་དང་ད་ལྟའི་བོད་གཞུང་གི་སྲིད་བྱུས་ལམ་དབུ་མ་འདི་དུས་ལ་རན་པའི་ལམ་ཀ་ཞིག་རེད་ཟེར་ནས་མི་མང་བརྒྱ་ཆ་ ༩༩ ཡིས་མཚན་རྟགས་གནང་སོང༌། ཁག་གཅིག་གཉིས་ཤིག་གིས་༧གོང་ས་མཆོག་གིས་ཀྱང་དབུ་མའི་ལམ་ལ་གྲུབ་འབྲས་མེད་པར་གསུངས་པ་བཞིན་དབུ་མའི་ལམ་ལ་འབྲས་བུ་འཐོན་གི་མེད་ན། རང་བཙན་གཙང་མར་འཐབ་རྩོད་གནང་དགོས་གསུངས་ནས་དགོངས་ཚུལ་རིགས་གཉིས་སླེབས་བྱུང༌། དེ་ནས་ད་ལྟའི་འབྲེལ་མོལ་གནང་ཕྱོགས་ལ་སྐུ་ཚབ་ཚོས་རྒྱ་ནག་གི་དུས་ཚོད་འགོར་འགྱངས་གནང་བའི་གྲོས་མོལ་ཐབས་ལམ་དེར་མགོ་མི་གཡེང་བར་བཀའ་མོལ་དེ་ཚོ་གང་ཐུབ་དོན་ཐོག་ལ་འཁྱོལ་བ་གནང་དགོས་པའི་སྐོར་དང༌། ཡང་རྒྱལ་སྤྱིའི་ནང་ལ་བོད་དོན་ལས་འགུལ་ཤུགས་ཆེ་རུ་སྤེལ་ནས་རྒྱལ་སྤྱིའི་མི་མང་ལ་བོད་དོན་གྱི་གོ་རྟོགས་ཤུགས་ཆེར་སྤེལ་དགོས་པའི་བསམ་ཚུལ་ཁ་ཤས་ཀྱང་འདུག ཅེས་གསུངས་བྱུང༌།
ཀོ་ལིས་གཱར་དོན་ལྡན་གླིང་ས་གནས་མགོ་འཛིན་གྱི་ལས་དྲུང་བསོད་ནམས་ལགས་ཀྱིས། ང་ཚོའི་ས་གནས་མགོ་འཛིན་གྱི་ཁྱབ་ཁོངས་སུ་གྲོང་སྡེ་ ༢༢ ཡོད། གཞུང་འབྲེལ་གསལ་བསྒྲགས་དེ་འབྱོར་བ་དང༌། ས་གནས་མགོ་འཛིན་དང་ས་གནས་འཐུས་མི། རང་བདེན་ཚོགས་ཆུང་གི་མགོ་འཛིན་བཅས་འཛོམས་ནས་མི་མང་གི་བསམ་ཚུལ་གང་འདྲ་བྱས་ཏེ་བསྡུ་དགོས་པར་གོ་བསྡུར་གནང་བ་དང༌། དེ་ནས་བརྒྱ་དཔོན་དང་སྡེ་ཚན་སོ་སོའི་འགན་འཛིན་སོགས་གནད་ཡོད་མི་སྣ་ཚོ་འཛོམས་ཏེ་གོ་བསྡུར་ཞིག་གནང་རྗེས། མི་མང་རྣམས་ཚོགས་འདུ་འཚོགས་ཏེ། ཚོགས་ཆེན་གྱི་གྲོས་གཞི་གསལ་བསྒྲགས་དང་འགྲེལ་བཤད་གནང་བ་དང༌། གྲོང་སྡེ་སོ་སོའི་བརྒྱ་དཔོན་གྱིས་ཐུགས་འགན་བཞེས་ནས་བསམ་ཚུལ་བསྡུ་ལེན་གནང་བ་དང༌། དེ་ནས་ས་གནས་ལས་ཁུངས་ལ་ཕུལ་བ་རེད། ས་གནས་ལས་ཁུངས་ནས་མི་མང་གི་བསམ་ཚུལ་ཕྱོགས་སྡོམ་གནང་ཏེ་བོད་གཞུང་ཚོགས་དྲུང་ལས་ཁུངས་ལ་ཕུུལ་ཡོད༌། དེ་དང་མཉམ་དུ་མི་མང་གི་བསམ་ཚུལ་ཡིག་ཐོག་ལ་ཕབ་ཡོད་པ་དེ་དག་ཀྱང་བདེན་དཔང་དང་བཅས་ཕུལ་ཚར་ཡོད། བསམ་ཚུལ་གཙོ་བོ་དེ་བོད་དོན་ཐོག་ལས་འགུལ་ག་རེ་སྤེལ་ཡང་དཔལ་འབྱོར་གྱི་དཀའ་ངལ་ཡོད་པ་བཞིན། བོད་མི་ཡོད་དོ་ཅོག་གིས་རྒྱལ་གཅེས་མ་དངུལ་དུས་ལྟར་སྤྲོད་དགོས་པ་དང༌། དེ་ནས་༧གོང་ས་མཆོག་དང་རྒྱ་ནག་དམར་ཤོག་གི་དཔོན་རིགས་ཐད་ཀར་གྲོས་མོལ་གནང་རྒྱུའི་ཁོར་ཡུལ་བསྐྲུན་ཐབས་ལ་ལས་འགུལ་སྤེལ་དགོས་པ་གལ་ཆེན་པོ་ཡིན་པ། དམངས་གཙོའི་རང་དབང་ལོངས་སུ་སྤྱད་ནས་བོད་མིའི་ནང་དུ་ལྟ་གྲུབ་མ་འདྲ་བའི་ཐོག་ལངས་ཕྱོགས་འདྲ་མིན་ཡོད་པ་རེད། ཡིན་ན་ཡང་རྒྱལ་ཁབ་དང་ཕ་ཡུལ་མེད་པའི་བོད་མི་ཚོའི་འཐབ་རྩོད་ཀྱི་ནུས་པ་གཅིག་ལ་ཡོང་ཆེད། གཞུང་གི་ལངས་ཕྱོགས་ལ་ཤར་སྐྱོད་བྱས་ཏེ་བསྒྲུབ་བྱ་གཅིག་དང༌། ཐབས་ལམ་གཅིག འབྲས་བུ་གཅིག་བཅས་ཡོང་ཐབས་ལ་འབད་བརྩོན་གནང་དགོས་པ་གལ་ཆེན་ཡིན་པ་བཅས་ནི་འདི་གར་ཡོད་པའི་མི་མང་གི་བསམ་ཚུལ་གཙོ་བོ་ཁག་རེད། ཅེས་གསུངས་བྱུང༌།
ལྡི་ལི་ས་གནས་མགོ་འཛིན་རྟ་མགྲིན་ཆོས་འཕེལ་ལགས་ཀྱིས། ལྡི་ལི་ས་གནས་བོད་མི་རྣམས་ཐེངས་གཉིས་ལ་ཚོགས་འདུ་འཚོགས་ཏེ་བསམ་ཚུལ་བསྡུ་ལེན་བྱས་པ་ཡིན་མོད། མི་མང་ཁ་ཤས་ཀྱིས་བསམ་ཚུལ་གང་ཡོད་པ་དེ་ཡིག་ཐོག་ལ་ཕུལ་གི་ཡིན་གསུང་གི་འདུག ད་ལྟའི་ཆར་ད་དུང་ས་གནས་མགོ་འཛིན་ལ་མི་མང་གི་བསམ་ཚུལ་ག་རེ་ཡིན་མིན་དེ་རག་མ་བྱུང༌། བསམ་ཚུལ་བསྡུ་བའི་ཚོགས་འདུ་ཐེངས་གསུམ་པ་དེ་ཚེས་ ༨ ཉིན་འཚོགས་གི་ཡོད་ལ་དེ་དུས་གཞི་ནས་ང་ཚོས་མི་མང་གི་བསམ་ཚུལ་ཕྱོགས་སྡོམ་བྱས་ཏེ། ཚོགས་ཐོག་ལ་འཁྱེར་ཡོང་གི་ཡིན། ཅེས་གསུངས་བྱུང༌།
རྡེ་ར་རྡུན་གྱི་ས་གནས་མགོ་འཛིན་རྒྱལ་མཚན་ལགས་ཀྱིས། རྡེ་ར་རྡུན་ས་གནས་མགོ་འཛིན་འོག་ལ་བདེ་སྐྱིད་གླིང་སོགས་གཞིས་ཆགས་ཆེ་ཁག་གསུམ་ཡོད་པ་དང༌། དེ་ནས་ཁ་འཐོར་གྱི་རྣམ་པར་ར་ཇུ་པུར་སོགས་ས་གནས་དགུ་ཡོད་པ་རེད། ཡིན་ན་ཡང་ད་ལྟའི་ཆར་བདེ་སྐྱིད་གླིང་གཞིས་ཆགས་མ་གཏོགས་བསམ་ཚུལ་རག་མེད་པ་དང༌། ཚེས་ ༩ དང་ ༡༠ ལ་བསམ་ཚུལ་མཐའ་མ་བསྡུ་རྒྱུཡིན། བདེ་སྐྱིད་གླིང་གཞིས་ཆགས་ཀྱི་སྔོན་འགྲོའི་བསམ་ཚུལ་ནང་དུ། མི་མང་ཕལ་ཆེ་ཤོས་ཀྱིས་ད་ལྟའི་བོད་གཞུང་གི་སྲིད་བྱུས་དེ་བོད་ཀྱི་རྩ་དོན་འཐབ་རྩོད་ཐད་རན་པོ་ཡོད་པའི་དགོངས་ཚུལ་འདུག ད་དུང་གཞིས་ཆགས་ཁག་གཞན་པའི་བསམ་ཚུལ་ག་རེ་ཡིན་མིན་བཤད་ཐུབ་ཀྱིན་མི་འདུག ཅེས་གསུངས་བྱུང༌།
གཞན་རྒྱ་གར་ནང་ལོགས་ཀྱི་ས་གནས་ཁ་ཤས་ལ་ད་དུང་གྲ་སྒྲིག་མེད་པ་དང་ཡང་ཁ་ཤས་ཀྱིས་བསམ་ཚུལ་བསྡུ་ལེན་བྱེད་མཁན་གཞན་པ་ཡོད་པར་སྨྲ་བ། ཡང་ཁ་ཤས་ཀྱིས་སྐུ་གཟུགས་བདེ་བོ་མི་འདུག་སོགས་བརྗོད་དེ་གོང་གི་ས་གནས་དེ་དག་ལས་གཞན་གནས་ཚུལ་རག་ཐབས་མ་བྱུང༌།
དགོངས་དྭགས་ཡིན་པ་གཞན་ཞིག་ལ་གཏོང་འདོད་པ་དེ་ནོར་ནས་འདིར་ཤོར་བཞག
ལགས་ཤེས་སོང་གནས་ཚང་ལགས། དེ་ལྟར་ཡིན་ཚེ་གཞིས་ལུས་བོད་མི་མང་གི་བསམ་པའི་དམིགས་འདུན་གཙོ་བོ་ནི་རང་བཙན་དང་དེ་ཁུར་ཡོང་མཁན་ནི་ཏཱ་ལའི་བླ་མ་རང་ཡིན་པ་ལས་ང་ཚོས་དེ་ལས་ཆ་ཤས་གང་ཡང་ལེན་མ་དགོས་པའམ་མི་ལེན་པར་ཏྰ་ལའི་བླ་མ་གཅིག་བུར་ཁེགས་འཁྲི་དགོས་ཟེར་བ་ཡིན་ནམ། ད་དུང་ཡང་བོད་མི་ཚོས་ཏྰ་ལའི་བླ་མ་ནི་རང་བཙན་གྱི་བདག་པོར་འབོད་གྱིན་ཡོད་པ་ལས་ང་ཚོ་ལ་དེས་ཆ་ཤས་གང་ཡང་མ་གནང་ཟེར་རྒྱུ་ཡིན་ནམ། ཏྰ་ལའི་བླ་མའི་ལམ་དབུ་མ་ལ་རང་བཙན་ཞེས་འབོད་དགོས་པ་རེད་དམ།