དམིགས་བསལ་ཚོགས་ཆེན་སྒང་ལ་ཁྱོན་བསྡོམས་ཚོགས་མི་ ༥༨༡ ཕེབས་ཡོད་པ་དང༌། ཚོགས་མི་ཡོངས་ཚོགས་ཆུང་ ༡༥ ལ་བགོས་ཏེ་ཚོགས་ཆུང་རེ་ལ་མི་གྲངས་ ༣༣ ནས ༣༩ བར་ཡོད་འདུག ཚོགས་ཆུང་ ༡༥ དེ་བོད་གཞུང་སྨན་རྩིས་ཁང་དང༌། བོད་གཞུང་དཔེ་མཛོད་ཁང༌། གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དང་ཚོགས་དྲུང་ལྷན་ཁང་སོགས་སུ་ཚོགས་འདུའི་གྲོས་གཞི་ལ་བགྲོ་གླེང་གི་ཚོགས་འདུ་འཚོགས་འདུག འབྲེལ་ཡོད་མི་སྣ་ཞིག་ལ་ཚོགས་ཆུང་བགོ་སྟངས་ཀྱི་ཐད་ལ་བཀའ་འདྲི་ཞུས་ཏེ་གནས་ཚུལ་རག་པ་ལྟར་ན། ཚོགས་བཅར་བ་ཡོངས་མཉམ་བསྲེས་ཀྱིས་འདེམས་ཤོག་གཡུག་པའི་ཐབས་ལམ་ཐོག་ཚོགས་ཆུང་བགོས་ཡོད་འདུག
དེ་རིང་ཕྱི་དྲོ་ཆུ་ཚོད་ ༣ ཐོག་ང་རང་ལས་གྲོགས་ཤིག་དང་མཉམ་དུ་གངས་སྐྱིད་དུ་འཚོགས་བཞིན་པའི་དམིགས་བསལ་ཚོགས་ཆེན་གྱི་བགྲོ་་གླེང་ཚོགས་འདུའི་རྣམ་པར་ལྟ་ཞིབ་བྱེད་པར་སོང་བ་ཡིན། ཐོག་མར་བོད་གཞུང་སྨན་རྩིས་ཁང་ལ་སོང་དུས་དེ་རུ་ཚོགས་ཆུང་བཞི་ཙམ་འདུག་ལ། ཚོགས་ཆུང་རེ་རེ་ནས་བོད་ལྭ་གཙང་མ་གྱོན་པའི་ཚོགས་མི་མང་པོ་ཞིག་ཚོགས་ཁང་གི་ཕྱི་ལ་ཐོན་ཡོང་གིན་འདུག དེ་ནི་ཏག་ཏག་ཇ་མཚམས་དུས་ཚོད་རེད་འདུག དེ་ནས་གངས་ཅན་སྐྱིད་གཞུང་གི་སྒོ་ཆེན་ལ་ཡོང་ནས་སྒོ་བྱང་ཆེན་པོ་ཞིག་བཀལ་ཡོད་པར་ལྟ་དུས། ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༡༡ ཚེས་ ༡༧ ནས་ཚེས་ ༢༢ བར་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་ཚོགས་བཅར་བ་ཡོངས་ལ་དགའ་བསུའི་འཚམས་འདྲི་དང་འབྲེལ་བོད་ཀྱི་རྩ་དོན་ཐོག་བགྲོ་གླིང་དོན་སྨིན་ཡོང་བའི་ལེགས་སྨོན་དང་བཅས། རྡ་ས་གནས་འཐུས་ཚོགས་དང༌། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་ཐུན་མོང་ནས། ཅེས་རས་གཞི་དཀར་པོ་ཞིག་གི་ཐོག་ཏུ་བྲིས་འདུག དེར་ཡོད་པའི་ཚོགས་བཅར་བ་གཞུང་ཞབས་ཤིག་ལ་ཡི་གེ་དེ་ནོར་འདུག་ཅེས་ཞུས་པ་ན། ཁོང་གིས། རེད། བགྲོ་གླེང་གི་དག་ཆ་ནོར་འདུག་པས་འདིར་བཀལ་ན་སེམས་པ་བདེ་བོ་ཞིག་དང༌། མིག་ལ་མཛེས་པོ་ཞིག་མི་འདུག་ཅེས་ལན་བཏབས་བྱུང༌། ངས་མུ་མཐུད་ནས་ཁོང་ལ། ཁྱེད་རང་ཚོགས་བཅར་བ་ཡིན་པས་ད་ཐེངས་ཀྱི་ཚོགས་འདུ་ལ་རེ་བ་ག་རེ་འཛིན་གྱིན་ཡོད། ཚོགས་ཐོག་ནས་བསམ་ཚུལ་ག་རེ་གསུང་གི་ཡིན་ཅེས་བཀའ་འདྲི་ཞུས་སྐབས༌། ཁོང་གིས། ཚོགས་ཆེན་མ་འཚོགས་པའི་སྔོན་དུ་གངས་སྐྱིད་ཀྱི་གཞུང་ཞབས་ཟུང་དྲུང་ཡན་དང༌། སྡེ་ཚན་སོ་སོའི་འཐུས་མི་རྣམས་སྤྱི་ཐབ་ཚོགས་ཁང་ནས་ཚོགས་འདུ་ཞིག་ཚོགས་ཏེ། ཚོགས་བཅར་བ་གཞུང་ཞབས་ཚོས་ཚོགས་ཐོག་ནས་རང་རང་གི་བསམ་འཆར་བཤད་ཆོག་པ་གསལ་བསྒྲགས་བྱས་སོང་བས། ཚོགས་ཐོག་ནས་ཁ་གྲགས་ན་ཆོག་གི་རེད་དེ། ང་རང་གི་བསམ་ཚུལ་ཡིན་ན་དབུ་མའི་ལམ་ལས་འབབ་ས་ཞིག་རྙེད་གི་མ་རེད་བསམ་གི་འདུག་ཅེས་གསུངས་བྱུང༌། དེ་ལྟར་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དང༌། ཚོགས་དྲུང་ལྷན་ཁང༌། བཀའ་དྲུང་ཡིག་ཚང་གི་ཁང་ཐོག དཔེ་མཛོད་སྒོ་ཡི་ཐང་ཆེན་སོགས་སུ་ཚོགས་བཅར་བ་ཚོས་ཇ་འཐུང་ཞོར་གླེང་མོལ་བྱེད་གིན་འདུག
ཕྱི་དྲོ་ཆུ་ཚོད་ ༥ དང་ཕྱེད་ཀ་ཙམ་ལ་སླར་ཡང་ཚོགས་བཅར་བ་ཚོར་དེ་རིང་གི་གནས་ཚུལ་བཀའ་འདྲི་ཞུ་བར་སོང་བ་ན། ཚོགས་ཆུང་བདུན་པའི་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་བཅར་བ་ཞིག་གིས། ཚོགས་ཆུང་བདུན་པའི་ནང་དུ་མི་གྲངས་ ༣༧ ཡོད་པ་དང༌། དེ་རིང་གི་མཛད་རིམ་གཙོ་བོ་དེ་གཞིས་ཆགས་ཁག་གི་ས་གནས་འཐུས་མི་དང་སྐུ་ཚབ་ཚོས་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་སྒྲོག་སྦྱོང་བྱས་རྗེས། མི་ཁ་ཤས་ཀྱི་བསམ་ཚུལ་ཡང་བྱུང་སོང༌། ད་ལོ་བོད་ནང་བྱུང་བའི་ཞི་བའི་ངོ་རྒོལ་གྱི་འབྱུང་རྐྱེན་དང༌། རྩ་དོན་ལ་ངོས་འཛིན་བྱེད་ཚུལ། རྒྱལ་སྤྱིའི་གནས་བབ་ཐོག་གི་བོད་སོགས་ལ་འགྲེལ་བཤད་སྣ་མང་རྒྱག་གིན་འདུག དེ་ཡིས་ཚོགས་འདུའི་རྨང་གཞི་གང་ལ་གང་འཚམ་ཞིག་འདིང་འགྲོ་གིན་འདུག ཡིན་ན་ཡང་དེ་རིང་བགྲོ་གླེང་མཐིལ་ཕྱིན་པ་དེ་འདྲ་བྱུང་མ་སོང་མོད། ང་རང་གི་རེ་བ་ལ་ད་ཐེངས་ཀྱི་ཚོགས་འདུའི་ཐོག་ནས་བགྲོ་གླེང་མཐིལ་ཕྱིན་པ་ཞིག་བྱས་ཏེ། བགྲོ་གླེང་གི་མཐའ་སྡོམ་དེ་རྨང་གཞི་ལ་བཞག་ནས་་གྲོས་ཚོགས་ནང་དུ་འགྱུར་བ་གཏོང་རྒྱུ་ཞིག་ཡོད་ན་གཏོང་དགོས་པ་རེད་བསམ་གི་ཡོད། ཅེས་གསུངས་བྱུང༌།
ཚོགས་བཅར་བ་མི་སྒེར་ཞིག་ལ་བཀའ་འདྲི་ཞུས་སྐབས། ཁོང་གིས། ང་རང་མི་གྲངས་ ༣༤ ཡོད་པའི་ཚོགས་ཆུང་ ༥ བའི་ནང་དུ་ཡོད། ཆབ་སྲིད་ཀྱི་སྒང་ནས་སྐད་ཆ་བཤད་ན་དེ་རིང་ས་གནས་ནས་སླེབས་པའི་བསམ་ཚུལ་ཁག་ཏག་ཏག་ཅིག་མ་རེད། ༧གོང་ས་མཆོག་གིས་ཉེ་ཆར་གྱི་བཀའ་སློབ་དང༌། སྐུ་ཚབ་རྣམ་པའི་འབྲེལ་མོལ་གྱི་གྲུབ་འབྲས་སོགས་མ་གོ་བའི་སྔོན་ལ་ས་གནས་ནས་བསམ་ཚུལ་བསྡུ་ལེན་བྱས་འདུག ཆབ་སྲིད་ཀྱི་གནས་སྟངས་ཧ་གོ་བ་དང་ཧ་མ་གོ་བ་དེ་ཚོར་འགྲེལ་བཤད་བརྒྱབས་རྗེས་གཞི་ནས་བསམ་ཚུལ་ལེན་དགོས་པ་རེད། དེ་བས་ངས་བལྟས་ན་འདི་ཏག་ཏག་ཅིག་མ་རེད་ལ། ཆབ་སྲིད་ཀྱི་འཕོ་འགྱུར་ཆེན་པོ་འདི་ཕལ་བར་བཞག་ནས་མི་མང་གི་བསམ་ཚུལ་བསྡུ་ལེན་བྱས་འདུག་པར་ངོས་འཛིན་མི་བྱ་ཐབས་མེད་དུ་གྱུར་སོང༌། ཅེས་གསུངས་བྱུང༌།
ཡང་ཚོགས་བཅར་བ་གཞན་ཞིག་གིས། ང་རང་ཚོགས་ཆུང་ ༡༣ ནང་དུ་ཡོད་ལ་ཚོགས་ཆུང་འདིའི་ནང་དུ་མི་གྲངས་ ༣༧ འདུག དེ་རིང་གྲོས་གཞིའི་སྒང་ལ་ས་གནས་ནས་ཁུར་ཡོང་བའི་བསམ་ཚུལ་ཀློག་གི་འདུག་ལ། མི་མང་གི་བསམ་ཚུལ་ཕལ་ཆེ་ཤོས་དེ། ༧གོང་ས་མཆོག་གིས་ལམ་སྟོན་གནང་སྟེ་བོད་གཞུང་གིས་ལག་ལེན་བསྟར་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་འདི་ལ་མུ་མཐུད་ནས་བདེན་པའི་ཨུ་ཚུགས་བྱེད་རྒྱུ་དེ་རེད་ལ། ཡང་རྒྱ་ནག་གིས་༧གོང་ས་མཆོག་ལ་བོད་དོན་གླེང་བའི་ཐོབ་ཐང་དང་འགན་དབང་མེད་ཟེར་བ་དེ་ལ་ལན་གསལ་བོ་ཞིག་རྒྱག་པར་བགྲོ་གླེང་གནང་དགོས་པ་གལ་ཆེན་པོ་ཡིན་པ་དེ་གཉིས་རེད་འདུག ཚོད་དཔག་བྱས་ན་གལ་ཏེ་མི་མང་གི་བསམ་ཚུལ་གཞི་རྩར་འཇོག་གི་ཡིན་ན། མུ་མཐུད་ནས་ད་ལྟའི་སྲིད་བྱུས་ལ་འགྱུར་བ་འགྲོ་རྒྱུ་མིན་པར་སྣང༌། ཡིན་ན་ཡང་དེ་རིང་གོ་བསྡུར་ལྷུག་པོ་གནང་རྒྱུ་མ་བྱུང༌། ཅེས་གསུངས་བྱུང༌། གང་ལྟར་དེ་རིང་ནི་ཚོགས་ཆེན་གྱི་ཉིན་དང་པོ་ཡིན་ལ། ངས་གནས་ཚུལ་འདི་དག་བླངས་ཚར་དུས་ཚོགས་བཅར་བ་ཕལ་ཆེ་བ་རང་རང་གི་གནས་སུ་ལོག་ཚར་འདུག་ལ། ནགས་ཚལ་གྱིས་བཀབས་པའི་ངྷ་སའི་རི་ངོགས་འདི་སྔར་ནས་རྒྱང་མིག་ཆད་ཚར་བའི་དུས་སྐབས་རེད་འདུག
གསར་འགོད་པ། ཚེ་རིང་སྐྱིད་ཀྱིས།
ཚོགས་ཐོག་ཏུ་ཕུལ་བའི་བསམ་འཆར།
༄༅། །ལུགས་གཉིས་མཁྱེན་དཔྱོད་ཀྱི་བདག་ཉིད། ལོ་རྒྱུས་རང་བཞིན་ལྡན་པའི་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་གྱི་ཚོགས་ཞུགས་པ་ཡོངས་ཀྱི་མདུན་སར།
ཐོག་མར་ད་ལོ་གཞིས་ལུས་བོད་མི་རྣམས་ཀྱིས་༼བོད་མིའི་སྐྱིད་སྡུག་མཉམ་མྱོང་༽ཞེས་པའི་དོན་སྙིང་ལྡན་པའི་འབོད་ཚིག་འདིས་སྣེ་དྲངས་སྟེ། དེ་རིང་བོད་བསྟན་སྲིད་མི་རིགས་དང་བཅས་པའི་འཇིག་ཉེན་འགག་འཕྲང་གི་དུས་པོ་ཆེ་འདིར་དམིགས་བསལ་ཚོགས་ཆེན་ཐོག་ཐུགས་འགན་ཆེ་བཞེས་ཀྱིས་ཆེད་ཕེབས་གནང་མཁན་རྣམ་པར་འཚམས་འདྲི་དང༌། གཞིས་ལུས་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་སྐབས་དོན་སྙན་གསན་ཞུ་རྒྱུར།
ད་ལན་གྱི་བྱབྱཚོགས་ཆེན་ནང་འདི་ལོ་བོད་ནང་བྱུང་བའི་རླབས་ཆེན་གྱི་ལས་འགུལ་ཁག་དང༌། དེ་འབྲེལ་རྒྱལ་སྤྱིའི་གནས་བབ། ད་ལྟའི་རྒྱ་ནག་གཞུང་གི་བྱེད་ཕྱོགས་བཅས་དངོས་ཡོད་གནས་ཚུལ་རྣམས་གཞི་རྩར་བཞག་སྟེ་འབྱུང༵་འགྱུར༵་བོད༵་མིའི༵་རྩ༵་དོན༵་སྒྲུབ༵་ཕྱོག༵ས་ཁྱོན་ཡོངས་ཀྱི་གནས་ཚུལ་ཐོག་འཕྲལ་ཕུགས་རྒྱང་གསུམ་གྱི་བསམ་བློ་བཏང་སྟེ་ཚོགས་མི་ཚང་མས་བོད་ཀྱི་ཡུལ་མིའམ་སྤྱི་འབངས་གཅིག་གྱུར་ཡིན་པའི་གནས་བབ་ཀྱིས་འདྲ་མཉམ་དང༌། ཕྱར་གྲུ་མཉམ་འདེགས། ཁུར་མཉམ་ལེན་གྱི་སྒོ་ནས་གང་དགའ་ཅི་ལེགས་ཀྱི་གོ་བསྡུར་ལྷུག་པོ་བྱེད་དགོས་པ་དང༌། དེ་ཡང་དེང་རབས་སྲིད་དོན་ཚོགས་པ་ཁག་གི་ཆབ་སྲིད་ལྟ་གྲུབ་མཁྲེགས་འཛིན་གྱིས་རྩོད་གླེང་བྱེད་པ་ལྟ་བུ་མ་ཡིན་པར་མང་ཚོགས་ཀྱི་བསམ་འཆར་ངོ་མ་ལྷད་མེད་ཚོགས་ཆེན་གྱི་སྡིངས་ཆའི་ཐོག་གསལ་འདོན་བྱེད་དགོས། དེའི་ཐད་ཚང་མས་འབད་རྩོལ་བྱ་རྒྱུར་ངས་རེ་སྐུལ་ཆེན་པོ་བྱེད་ཀྱི་ཡོད།
དམིགས་བསལ་ཚོགས་ཆེན་འདི་ནི་གོ་བསྡུར་སྦྱངས་བཤད་ཞིབ་ལྷུག་བྱས་པའི་ལམ་ནས་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་ངོ་མ་ཇི་ཡིན་ཤེས་རྟོགས་ཡོང་ཐབས་ཁོ་ནའི་ཆེད་དུ་ཡིན་པ་ལས་ཆབ་སྲིད་ཀྱི་ཐབས་བྱུས་སམ་ཁག་དཀྲི་བྱེད་ཡུལ་ལྟ་བུའམ། ཡང་ན་ངེས་ཅན་གྱི་གྲུབ་དོན་གཅིག་གི་ཐོག་འབབ་རེ་བྱེད་པའི་མངོན་པར་མི་གསལ་བའི་དམིགས་ཡུལ་ཡོད་པ་ཞིག་གཏན་ནས་མིན་བྱབྱཞེས་བཀའ་གསུང་སྤྱི་ཕེབས་ལྟར་ང་རང་བོད་མི་མང་སྤྱི་འཐུས་ཤིག་ཡིན་པའི་ཆ་ནས་ཚོགས་ཐོག་འདིར་རྒྱ་ཆེའི་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་ཇི་ཡིན་བཤད་པ་ལ་འགོག་རྐྱེན་དང༌། གནོན་ཤུགས། རང་འདོད་ཀྱིས་འགྲེལ་བརྗོད་བྱས་ཏེ་ཉ་ཉུང་མཉམ་བསྲེ་ལྟ་བུའི་གཏམ་བཤད་རིང་པོ་གང་ཡང་བྱ་འཆར་མེད་ཀྱང༌། ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་བཟུང་ན་ཡང་འགྲིག་ཐབས་མེད་པ་སོང༌། དུས་ཚོད་ཆུད་ཟོས་སུ་མི་འགྲོ་བ་དང༌། སྐབས་དོན་གསལ་རྟོགས་ཡོང་ཆེད་རང་ངོས་ནས་བསམ་འཆར་ཇི་ཡོད་ཡིག་ཐོག་ནས་འབུལ་ལམ་ཞུ་བཞིན་ཡོད།
༡༽ རྒྱ་དམར་སྲིད་གཞུང་གིས་ད་བར་མི་ལོ་བཅུ་ཕྲག་ལྔ་མ་ཟིན་ཙམ་གྱི་རིང་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་འདི་ཉིད་ནོར་འཁྲུལ་ཅན་ཞིག་ཡིན་པའི་བདེན་དཔང་ད་ལོ་གཞིས་ལུས་ཆོལ་གསུམ་བོད་མི་རྣམས་ཀྱིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་ནས་གཞི་རྒྱ་ཆེ་ལ་དོན་སྙིང་ལྡན་པའི་རླབས་ཆེན་གྱི་ལས་འགུལ་རྒྱ་ཆེ་སྤེལ་གནང་བ་འདིས་རྒྱལ་སྤྱིའི་ཐོག་ཕྱི་གསལ་ནང་གསལ་བྱས་ཟིན་པ་ཞིག་ཡིན་པས། གཞིས་བྱེས་བོད་མི་ཡོངས་ཀྱི་སྐུ་ཚབ་མཚོན་པའི་བཙན་བྱོལ་བོད་གཞུང་མང་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་གྱིས་ད་ནས་བཟུང་ད་ལྟའི་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏང་དགོས་པའི་གཞི་རྒྱ་ཆེ་བའི་ལས་འགུལ་འདྲ་མིན་སྤེལ་དགོས་རྒྱུ།
༢༽ རྒྱལ་སྤྱིའི་གནས་བབ་དང་དུས་རབས་ཀྱི་འགྱུར་འགྲོས་གང་ལ་ལྟོས་ཀྱང་སྤྱི་ཚོགས་ཕན་ཚུན་གྱི་འགལ་ཟླ་བསལ་ཐབས་ནི་གྲོས་མོལ་བྱས་པ་ལས་ལྷག་མེད་ཀྱང༌། ང་ཚོའི་ཁ་གཏད་དུ་ཡོད་པའི་ངོ་ཚ་ཁྲེལ་གཞུང་མེད་པའི་རྒྱ་དམར་སྲིད་གཞུང་གིས་བྱབྱཀྲུང་དབྱང་གིས་ཏཱ་ལའི་བླ་མར་འཛིན་པའི་སྲིད་ཇུས་ནི་སྔ་ཕྱི་བར་གསུམ་གང་ཞིག་ཡིན་ཡང་འགྱུར་མེད་ཁ་གསལ་ཡིན།བྱབྱ ཞེས་ཐ་ཚིག་ཡང་ཡང་བསྒྲགས་དང་སྒྲོག་བཞིན་པར་བརྟེན། ང་ཚོས་ཀྱང་རྒྱ་ནག་དང་འབྲེལ་གཏུགས་བྱ་རྒྱུའི་གོ་སྐབས་གང་རྙེད་ལ་དེ་དང་བསྟུན་པའི་བརྡ་ལན་ནན་པོ་ཞིག་སྤྲད་དེ། བོད་ཀྱི་གནད་དོན་གཙང་སེལ་མ་བྱུང་བ་འདིའི་ངན་ཁག་རྒྱ་ནག་སྲིད་གཞུང་ལ་ཡོད་པ་དེ་དངོས་འབྲེལ་ལ་སོང༌། རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོའི་མཐོང་ས་དང༌། ཐོས་ས་ལ་སྐྱེལ་ཐུབ་པ་ཞིག་བྱས་ནས་རྒྱལ་སྤྱིའི་ཐོག་ཁ་ཡོད་ལག་ཡོད་ཀྱི་ཁུངས་སྐྱེལ་ར་སྤྲོད་འཕེར་བ་ཞིག་བཟོ་དགོས་རྒྱུ་དང༌། ང་ཚོས་ལྷག་བསམ་རྣམ་དག་ཇི་ལྟར་བྱས་ཀྱང་རྒྱ་གཞུང་གིས་ཚུལ་མཐུན་ཡ་ལན་རྩ་བ་ནས་བྱས་མེད་པ་མ་ཟད། ྋགོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་དང༌། གཞིས་ལུས་བོད་མི་རྣམས་ལ་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་མི་སྤྱོད་ལས་འདས་པའི་གསོད་བརྡུང་མནར་གཅོད་བྱས་དང་བྱེད་བཞིན་པ་ས་རིས་ཐང་གསལ་ཡིན་ནའང༌། ད་དུང་རྒྱལ་སྤྱིའི་ཁྱོན་དུ་སྡིག་པ་མིག་བཙུམ་གྱིས་འཁྱོག་བཤད་མུ་མཐུད་བྱེད་བཞིན་པར་ལྟོས་ཏེ་ང་ཚོས་ཀྱང་རྔ་རྡུང་ལ་དཔག་པའི་འཆམ་ངོ་མ་དེ་རྒྱ་ནག་གི་མདུན་སར་འཁྲབ་དགོས་པས་བོད་རྒྱ་གྲོས་མོལ་གྱི་ཐབས་ལམ་ལ་འགྱུར་བ་ངེས་ཅན་ཞིག་གཏང་དགོས་པར་སྙམ།
༣༽ ༡༩༧༩ ནས་བཟུང་ཏིང་ཞའོ་ཕིང་གིས་བྱབྱྋགོང་སྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་རང་བཙན་རྩོད་གླེང་མ་གནང་ན། དེ་མིན་གྱི་གནད་དོན་ཐམས་ཅད་གྲོས་མོལ་གྱི་ལམ་ནས་ཐག་གཅོད་གནང་ཆོག་བྱབྱཅེས་གྲོས་འགོ་བཏོན་པ་དེ་ཉིད་ཕྱིས་སུ་རྒྱ་གཞུང་འབྲེལ་ཡོད་ཁག་འགའ་ནས་བེད་སྤྱོད་བཏང་མྱོང་ཡོད་ལ། ང་ཚོས་ཀྱང་འདེང་འཇོག་ཆེན་པོ་བྱས་ཏེ་ད་བར་ཞལ་འདོན་སྐྱོར་སྐྱོར་བྱེད་བཞིན་ཡོད་ཀྱང༌། ཉེ་ཆར་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་རྗེས་ཕྱི་ཟླ་ ༡༡ ཚེས་ ༡༠ ཉིན་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་སྡེ་ཚན་ནས་ཆེད་དུ་གཉེར་བའི་གསར་འགོད་ལྷན་ཚོགས་ཐོག རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུན་ལས་གཙོ་འཛིན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་ཏིང་ཞའོ་ཕིང་གིས་སྐད་ཆ་དེ་འདྲ་ཞིག་བཤད་མྱོང་མེད་ལ། དེ་ནི་ཏིང་ཞའོ་ཕིང་གི་གསུང་བཤད་ལ་འཁྱོད་བརྗོད་དང༌། གལ་སྲིད་སུས་རླབས་ཆེན་གྱི་རྒྱལ་གཅེས་པ་ཏིང་ཞའོ་ཕིང་གི་གསུང་བཤད་ཁྲོད་ཁ་བྲལ་རིང་ལུགས་ཀྱི་ལས་འགུལ་སྤེལ་བར་མཁོ་བའི་ཚིག་རེ་གཉིས་བསྒྲུབ་ཐབས་བྱས་ན། དེ་ནི་ལྐུགས་པ་ལྐུགས་རྐྱང་རེད། ཅེས་བཤད་འདུག་པ་མ་ཟད། ༢༠༠༦ ལོར་ཁོས་ཏིང་ཞའོ་ཕིང་གིས་བཤད་པ་རྣམས་ཤེས་རྟོགས་མེད་ཚུལ་ཞིག་ཀྱང་བཤད་ཡོད་འདུག་པས་ང་ཚོས་ཀྱང་མ་ཐོས་མ་ཚོར་ཁུལ་མིན་པར་ཤ་ཡིན་ན་ཟ་ཐག་ཆོད་པ་ཞིག་དང༌། རུས་པ་ཡིན་ན་གཡུག་ཐག་ཆོད་པ་ཞིག་བྱས་ཏེ་མུ་མཐུད་ནས་ཚིག་གཞི་འདི་ཉིད་བེད་སྤྱོད་གཏང་ས་ཡོད་མེད་ཀྱི་འཁྲུན་ཐག་ཆོད་པ་ཞིག་དགོས་འདུག
༤༽ ད་བར་མི་ལོ་སུམ་ཅུ་མ་ཟིན་ཙམ་གྱི་རིང་རང་ཕྱོགས་ནས་སྐུ་ཚབ་སྔ་ཕྱི་མངགས་བཏང་གིས་མ་ལན་མ་འགྱོད་མེད་པའི་ཚུལ་གྱིས་རྒྱ་གཞུང་དང་འབྲེལ་ལམ་བྱས་ཀྱང༌། དོན་དམ་གྱི་གྲུབ་འབྲས་གང་ཡང་སོན་མེད་པ་སོང༌། གཞིས་བྱེས་བོད་མི་ཡོངས་ཀྱི་རེ་འདོད་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཆིབས་བསྒྱུར་གནང་ནས་གཞིས་བྱེས་མཉམ་འཛོམས་ཡོང་ཐབས་ཉག་ཅིག་ཡིན་པ་སུས་ཀྱང་བསྙོན་དུ་མེད་པ་ཞིག་ཡིན་པས་ད་ནི་སྐུ་ཚབ་དང་གསུང་ཚབ་པ་སོགས་མིན་པར་ྋགོང་ས་མཆོག་སྐུ་དངོས་རབ་བྱུང་ན་བོད་ནང་དང༌། དེ་མིན་རྒྱ་ནག་ལ་གདན་འདྲེན་ཞུས་ནས་རྒྱ་ནག་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་དང་ཐད་ཀར་བཀའ་མོལ་གནང་ཐུབ་པའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་དགོས་པ་གལ་ཆེའི་ནང་གི་དོན་ཆེ་རུ་མཐོང༌།
༥༽ རྒྱལ་ཁབ་གཅིག་དང་མི་རིགས་ཤིག་གི་རང་དབང་འཐབ་རྩོད་ནི་ལོ་རྡོག་རེ་ཟུང་ནང་སེལ་ཐུབ་པ་ཞིག་མིན་ཞིང༌། གཞིས་ལུས་བོད་མི་རྣམས་ཀྱིས་རེ་བའི་མིག་འབུར་གཏོད་ས་ནི་རང་དབང་ལུང་པའི་ནང་གནས་འཁོད་བཙན་བྱོལ་བོད་མི་རྣམས་ཡིན་པས་ང་ཚོས་རང་གིས་རང་ལ་རྩིས་ཤིག་བརྒྱབ་ནས། མ་འོངས་པར་རང་ཡུལ་རང་བདག་བྱུང་ཚེ་མི་རེའི་འགན་རེ་ཁུར་ཐུབ་པའི་དམ་བཅའ་བརྟན་བཟུང་གིས་ཉེ་ཆར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བུ་ཁྱིམ་མཛད་སྒོར་ཤེས་ཡོན་སྐོར་བཀའ་སློབ་བསྩལ་གནང་མཛད་པ་བཞིན། བོད་གངས་ཅན་པའི་ཐུན་མིན་གྱི་ཁྱད་ནོར་སྤྱི་དང༌། བྱེ་བྲག་བོད་རྒྱ་གཉིས་ཀྱི་ཆབ་སྲིད་ཀྱི་གནད་དོན་སོགས་དེང་རབས་ཀྱི་དགོས་མཁོ་དང་བསྟུན་པའི་ཆེད་མཁས་མི་སྣ་ན་གཞོན་འདབ་གཤོག་གཉིས་ལྡན་ཁ་ཡོད་ལག་ཡོད་ཅན་གང་མང་བདག་སྐྱོང་ཐུབ་པའི་འབད་བརྩོན་དགོས་རྒྱུ།
༦༽ ད་བར་གཞིས་བྱེས་བོད་མི་རྣམས་ཀྱི་བློ་སེམས་གཅིག་ཏུ་སྒྲིལ་ཐུབ་པའི་འགག་རྩ་དང༌། བོད་དོན་གྱི་ཚེ་སྲོག་གསོ་བའི་ནུས་པ་རླབས་ཆེ་ཤོས་ཤིག་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ཆོས་བརྒྱུད་ཆེན་པོ་བཞི་དང༌། གཡུང་དྲུང་བོན་བཅས་པའི་དབུ་ཁྲིད་བླ་ཆེན་དང༌། མཁན་བླ་འདུས་མང་རྣམས་ཀྱིས་འདོན་ཐུབ་ཡོད་པ་ཉི་ཤར་སྦར་མོས་འགེབས་ཐབས་མེད་པ་ཞིག་ལ་སོང༌། རྒྱ་དམར་ཆོས་མེད་རིང་ལུགས་པས་སྤེལ་བའི་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ཟེར་བ་སོགས་ནི་དོན་དངོས་ཆོས་ལུགས་དང༌། མི་རིགས་ཁ་བྲལ་གཏོང་བའི་ལག་ཆ་ཡོད་ན་མེད་ན་ཞིག་ཡིན་པས་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཆོས་རིག་གསོན་གནས་ཐུབ་པའི་དམ་བཅའ་བརྟན་བཟུང་དགོས་རྒྱུ།
༧༽ ཚོགས་ལ་ཉེ་བའི་ཡོ་རོབ་གྲོས་ཚོགས་ཀྱིས་གཙོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་སུ་ད་བོད་རྒྱ་འབྲེལ་མོལ་ལ་དོན་དམ་གྱི་གྲུབ་འབྲས་སོན་མེད་པ་གསལ་སྟོན་གྱི་གང་མགྱོགས་ྋགོང་ས་མཆོག་བོད་དང༌། རྒྱ་ནག་ལ་ཕེབས་ཐུབ་པའི་མཐུན་འགྱུར་རྒྱབ་སྐྱོར་དང༌། རྒྱ་གཞུང་ལ་གནོན་ཤུགས་ཡོང་བའི་རེ་སྐུལ་ཚོགས་ཐོག་འདི་ནས་ཞུ་ཐུབ་པ་དགོས་རྒྱུ་མ་ཟད། དེ་དོན་དང་འབྲེལ་བའི་ལངས་ཕྱོགས་བརྟན་བཟུང་གིས་ལས་འགུལ་སྤེལ་དགོས་རྒྱུ།
༨༽ རྒྱ་བོད་གཉིས་སྨན་དབུ་མའི་ལམ་གྱི་དགོངས་དོན་ཇི་ཡིན་ད་ཚོད་རྒྱ་གཞུང་གིས་ཤེས་ཚོད་ཡིན་ལ། དོན་དངོས་ཤེས་རྟོགས་ཡོད་མེད་ཅི་ལྟར་ཡང༌། བོད་རང་བཙན་དང༌། ཕྱེད་རང་བཙན། རྣམ་པ་འགྱུར་བའི་རང་བཙན་སོགས་ཀྱི་མིང་འདོགས་འདྲ་མིན་ལ་ཁག་དཀྲིས་ཏེ་ཉི་མ་ཕུད་ཐབས་ཁོ་ན་ལས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་ལྷག་བསམ་རྣམ་དག་མེད་པ་དངོས་འབྲེལ་ལགས་ན། མ་འོངས་པར་རང་སྲིད་རང་སྐྱོང་དང༌། རང་ཐག་རང་གཅོད། རང་བཙན་གཙང་མ། དེ་ལས་གཞན་པ་སོགས་གང་གི་ཐོག་ནས་བསྐྱོད་དགོས་ཀྱང་ཁ་ཡོད་ལག་ཡོད་ཀྱི་འབབ་ས་ཡོད་པའི་འཆར་གཞི་འདི་རེད་བསམ་པ་ཞིག་ཚོགས་ཞུགས་མཁན་སུ་ལ་བཤད་རྒྱུ་ཡོད་ན་གསལ་སྟོན་གནང་རོགས་ཞུ་རྒྱུ་དང༌། བཙན་བྱོལ་བོད་མིའི་མང་གཙོའི་སྤྱི་ཚོགས་ཁྲོད་ཀྱི་ཕན་ཚུན་ཆབ་སྲིད་ཀྱི་ལངས་ཕྱོགས་མཐུན་མིན་ཙམ་ལ་བསྙད་དེ། རང་རིགས་བོད་མི་སྲིད་དོན་པ་ཁག་ཅིག་གི་གོ་སྐབས་གང་རེག་ལ་ཁ་སུ་བདེ་དང་ལྕེ་སུ་རྣོ། གཞུང་མང་ཕན་ཚུན་དབར་སྐྱོན་བརྗོད་བྱས་ནས་བསྡད་པས་ཕན་ཐོགས་གང་ཡང་མེད་ལ། ནང་ཁུལ་འགལ་ཟླ་དང་འཐབ་རྩོད་བྱེད་པའི་དུས་ཚོད་ཤིག་མིན་ཅིང༌། གཞུང་མང་རྡོག་རྩ་གཅིག་སྒྲིལ་གྱིས་འཐབ་རྩོད་བྱེད་ཡུལ་ནི་རྒྱ་ནག་གཞུང་ཡིན་པ་ཀུན་ལ་གསལ་འདེབས་ཞུ་རྒྱུ་བཅས།
མཐའ་དོན་གཞིས་བྱེས་བོད་མི་ཡོངས་ཀྱི་རེ་དོན་ཚོགས་ཆེན་འདི་ལ་བཅོལ་ཡོད་པས་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་སོན་པ་ཞིག་མ་བྱུང་ཚེ་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པའི་གཞིས་ལུས་བོད་མི་རྣམས་ཀྱི་མདུན་སར་ངོ་གནོང་དགོས་པ་ཞིག་དང༌། རྒྱ་དམར་སྲིད་གཞུང་གི་རེ་ཐོག་ལ་རྟ་རྒྱུག་པ་ལྟ་བུ་ཆགས་ཉེན་ཡོད་པས་ཚོགས་ཞུགས་བ་ཡོངས་གྱིས་དེ་དོན་ལ་དགོངས་དཀྱེལ་ཆེ་བཞེས་གནང་སྐྱོང་ཡོང་བའི་རེ་སྐུལ་མི་ཆུང་སེམས་དཀར་གྱི་ཚུལ་དུ་ཞུ་བཞིན་ལགས་པས་དགོངས་དབྱིངས་ནས་ཐུགས་འགལ་མེད་པ་ཞུ།
སྐབས་བཅུ་བཞི་པའི་བོད་མི་མང་གཡུང་དྲུང་བོན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་པས་
ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༧ ཉིན་གུས་ཕུལ།།