མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནུབ་ཕྱོགས་སུ་བོད་ཀྱི་སྐད་ཡིག་གི་གནས་སྟངས།

བོད་ཀྱི་དུས་བབ།
༢༠༠༨/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

 

པདྨ་ཚེ་དབང་ཤཱསྟྲི།

རང་རེའི་བོད་ཕྱི་ནང་གཉིས་ཀའི་བོད་མིའི་སྤྱི་ཚོགས་ཀྱི་ནང་དུ་བསམ་ཡོད་ཚང་མས་དུས་རྒྱུན་དུ་སྨྲ་བརྗོད་གནང་བཞིན་པ་ཞིག་ནི། མི་ལོ་ཉིས་སྟོང་བརྒལ་བའི་བོད་མི་རིགས་ཀྱི་བྱུང་རབས་དང༌། རྩ་ཆེའི་ཆོས་དང་རིག་གཞུང༌། ཡུལ་གོམས་གཤིས་ལུགས། ལེགས་བྱང༌། མདོར་ན། བོད་མིའི་ངོ་བོ་དང་བཅས་པའི་སྲུང་སྐྱོབ་དར་སྤེལ་བྱེད་རྒྱུ་གལ་འགངས་ཆེན་པོ་དང༌། ལྷག་པར་དུ་གོང་གསལ་དེ་དག་མི་ཉམས་རྒྱུན་འཛིན་རྣལ་མ་ཞིག་བྱེད་ཐུབ་པའི་རྨང་གཞིའམ། མེད་དུ་མི་རུང་བའི་གཞི་རྟེན་ནི། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དེ་ཡིན་སྐོར་བརྗོད་བཞིན་ཡོད། དེ་བཞིན་འདུ་འཛོམས་ཀྱི་གཏམ་བཤད་ཇི་འདྲ་ཞིག་གི་ནང་དུའང་བོད་ཀྱི་སྐད་ཡིག་གལ་ཆེན་པོ་མ་རེད་གསུངས་མཁན་ཧ་ལམ་གཅིག་ཀྱང་མེད།

 འོན་ཀྱང་སྟབས་ཉེས་པ་ཞིག་ལ། དེ་ལྟ་བུའི་བོད་གངས་ཅན་པའི་སྐད་ཡིག། ལེགས་སྦྱར་ལྷའི་སྐད་དང་དཔུང་པ་མཉམ་བརྡར་དུ་འགྲོ་ཐུབ་མཁན། ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཚང་ལ་མ་ནོར་བ་སྟོན་ཐུབ་མཁན། བོད་མིའི་ཆོས་དང་ལེགས་བྱང༌། ཡུལ་གོམས་གཤིས་ལུགས། སྤྱི་ཚོགས་ཀྱི་དཔལ་ཡོན། བོད་མིའི་ངོ་བོ་དང་བཅས་པའི་རྨང་གཞི་བྱེད་པའི་བོཊའི་སྐད་ཡིག་དེ་དེང་སང་བོད་ཕྱི་ནང་གཉིས་ཀར་ལོ་རེ་ནས་ལོ་རེ་བཞིན་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་དང༌། གལ་ཏེ་གངས་ཅན་པ་ཡོངས་ཀྱིས་རྒྱལ་ཞེན་ལྷག་བསམ་དང༌། ཆོད་སེམས་བརྟན་པོ། སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས། རང་འགུལ་ཐེག་པ་ཁུར་ལེན་གྱིས་ཐབས་བརྒྱ་བྱུས་སྟོང་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་འདི་མུ་མཐུད་མི་རབས་ནས་མི་རབས་བར་འཚོ་གནས་དང་རྒྱུན་འཛིན་ཡོང་ཐབས་ལ་རྫ་དྲག་གིས་སྒོ་ནས་འབད་བརྩོན་མ་གནང་ཚེ། ད་ལྟའི་གནས་བབ་བཞིན་ལུས་པ་ཡིན་ན། དུས་ཡུན་མི་རིང་བར་བོད་ཀྱི་སྐད་ཡིག་འདི་ཡང་འཆི་ལ་ཉེ་བའི་འཛམ་གླིང་སྐད་རིགས་ཀྱི་ནང་དུ་སླེབས་རྒྱུ་ཡིན་པ་གདོན་མི་ཟ།

 དེ་ཡང་ཇི་སྐད་དུ། གཞི་ཞིང་ས་སྐྱོན་མེད་བཟང་དང་གཅིག། རྒྱུ་ས་བོན་ནུས་པ་ལྡན་དང་གཉིས། རྐྱེན་ཆུ་ལུད་དྲོད་བཤེར་འཛོམས་དང་གསུམ། ཆོས་དེ་གསུམ་ཚོགས་ཤིང་དུས་འབབ་ན། ལོ་ཏོག་ལ་མི་ལེགས་པའི་རང་དབང་མེད། ཨ་ལ་ལ་རྟེན་འབྲེལ་གྱི་ཆོས་ཉིད་མཚར། ཞེས་གསུངས་པ་ལྟར། སྐད་ཡིག་ཅིག་འཚོ་གནས་སྲིངས་གསུམ་ཡོང་བ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་འགའ་ཞིག་ཚང་དགོས་པ་ཡིན། སྐད་ཡིག་ཅིག་འཚོ་བའི་གཞི་མ་ལྟ་བུ་ནི་ཕུན་སུམ་ཚོགས་པའི་ཁོར་ཡུག་ངེས་ཅན་དང༌། རྒྱུ་གཙོ་བོ་ནི་སྐད་ཡིག་དེའི་བཀོལ་སྤྱོད་དང༌། བཀོལ་སྤྱོད་བྱེད་མཁན་གྱི་གྲངས་འབོར་ཡིན། སྐད་ཡིག་དེའི་བཀོལ་སྤྱོད་ནུས་པ་ལྡན་པ་ཞིག་ཡོང་མིན་གྱི་རྐྱེན་ལྟ་བུ་ནི་དུས་དང༌། གནས་སྐབས། སྤྱི་ཚོགས་ཀྱི་གནས་བབ། འཚོ་བའི་མདུན་ལམ། རང་གི་མ་སྐད་ཀྱི་རིན་ཐང་ཤེས་མིན་དང་བཀོལ་སྤྱོད་ལ་སྤྲོ་སྣང་ཡོད་མིན། འགྲུལ་བཞུད་གནས་སྤོ། འཛམ་གླིང་གི་འགྱུར་འགྲོས་སོགས་ཆ་རྐྱེན་དུ་མ་ཞིག་ལ་བརྟེན་དགོས། ལྡོག་ཕྱོགས་ནས་དེང་སྐབས་ཀྱི་སྐད་ཡིག་ཁྱད་མཁས་པ་ཚོས་ཤོད་ཚུལ་ལྟར་ན། སྐད་ཡིག་ཉམས་རྒུད་དུ་འགྲོ་བའི་རྒྱུ་གཙོ་ཆེ་བ་གཉིས་ཡོད་པ་ནི། ༡། ཕྱིའི་བཙན་འཛུལ་བ་ཞིག་གིས་བཙན་ཤེད་ཀྱི་འཆར་གཞི་ལྡན་པའི་སྒོ་ནས་སྐད་ཡིག་ཅིག་ཉམས་རྒུད་དུ་གཏོང་བ་དང༌། ༢། སྐད་ཡིག་བཀོལ་སྤྱོད་པ་དག་གིས་སྣང་མེད་དྭང་བླངས་ཀྱི་ལམ་ནས་ཉམས་རྒུད་དུ་འགྲོར་བཅུག་པ་གཉིས་ཡིན།

དེས་ན། སྤྱིར་བོད་ཕྱི་ནང་གཉིས་ཀ་དང༌། ལྷག་པར་རྒྱ་བལ་འབྲུག་གསུམ། ཡང་སྒོས་ནུབ་ཕྱོགས་བཅས་ཀྱི་བོད་ཀྱི་སྐད་ཡིག་གི་གནས་སྟངས་ལ་གཞིགས་ཚེ། བོད་མི་ཚང་མར་སེམས་འཚབ་དང་འཇིགས་སྣང་སྐྱེ་དགོས་པའི་དུས་སུ་སླེབས་ཡོད། ད་ལྟའི་ཆར་བོད་ནང་གི་མདོ་དབུས་ཁམས་གསུམ་གྱི་འབྲོག་སྡེ་དང༌། གྲོང་གསེབ། དགོན་སྡེ། སློབ་གྲྭ། གྲོང་སྡེ་བཅས་བོད་མི་ཁེ་གཙང་ངམ། ཡང་ན་ཤས་ཆེ་བ་གནས་སྡོད་བྱེད་ས་ཁག་དང༌། རྒྱ་བལ་འབྲུག་གསུམ་ནང་གི་བོད་མིའི་གཞིས་ཆགས་དང༌། དགོན་སྡེ། སློབ་གྲྭ། སྡོད་སྒར་བཅས་ཀྱི་ནང་དུ་བོད་ཀྱི་སྐད་ཡིག་གི་བཀོལ་སྤྱོད་གང་འཚམ་ཞིག་གནས་ཡོད་ཀྱང༌། བོད་ནང་དུ་ཆབ་སྲིད་གནས་བབ་ཀྱི་འོག་ཏུ་རྒྱ་གཞུང་གིས་དྲག་ཤུགས་ཀྱིས་འཆར་གཞི་ལྡན་པའི་སྒོ་ནས་རྩ་གཏོར་བཏང་དང་གཏོང་བཞིན་པའི་འོག་ཏུ་རྒྱ་སྐད་ཀྱི་ཤན་ཞུགས་དང༌། འཚོ་བའི་མདུན་ལམ། སྤྱི་ཚོགས་ཀྱི་འགྱུར་བ། བག་མེད་ལོངས་སྤྱོད་ཀྱི་ཁྲོམ་རྭའི་ལམ་སྲོལ་སོགས་བོད་ཀྱི་སྐད་ཡིག་འཚོ་བའི་དགོས་ངེས་ཀྱི་ཁོར་ཡུག་ཇེ་ཆུང་དུ་འགྲོ་བཞིན་པ་དང༌། བྱེས་སུའང་དགོན་སྡེ་ཁག་ཏུ་གྲྭ་རྒྱུན་གསར་ཞུགས་ཉུང་དུ་འགྲོ་བ། གཞིས་སྒར་ཁག་ཏུ་བོད་མི་གཞོན་སྐྱེས་གཏན་སྡོད་བྱེད་མཁན་ཉུང་དུ་འགྲོ་བ། བོད་སྐད་ཀྱི་བརྒྱུད་ལམ་ལ་བརྟེན་པའི་གཞུང་སྒེར་སློབ་གྲྭ་ཉུང་བ། མི་ཚེའི་འཚོ་བའི་ནང་དུ་བོད་སྐད་དང་བོད་ཡིག་བེད་སྤྱོད་བྱེད་སའི་འཁོར་རྒྱ་ཆུང་བ། བོད་ཀྱི་སྐད་ཡིག་ཁོ་ནའི་ཤེས་ཚད་བྱང་ཆུབ་པ་ཡོད་ཀྱང་འཚོ་བའི་མདུན་ལམ་རྙེད་པ་དཀའ་བ། གནས་ཚང་རྒྱལ་ཁབ་ཀྱི་སྐད་དང་རིག་གཞུང་གི་ཤན་ཤུགས་ཆེ་བ། ན་གཞོན་མགོ་བསྐོར་ཐེབས་པའི་དེང་དུས་འཕྲུལ་ཆའི་ཡོ་ཆས་མང་བ་སོགས་ཀྱིས་རྐྱེན་པས་བཀོལ་སྤྱོད་དང་ཁོར་ཡུག་གཉིས་ཀ་ཉིན་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་པ་ཡིན།

ལྷག་པར་དུ་ནུབ་ཕྱོགས་སུ་ད་ཡོད་བོད་ཀྱི་སྐད་ཡིག་གི་གནས་བབ་དེ་ལྟག་ཆུ་ཆད་ལ་ཉེ་བའི་རྫིང་བུའི་ནང་གི་ཉ་མོའི་གནས་སྟངས་ལྟ་བུ་ཞིག་ཡོད། ཆུ་མེད་ན་ཉ་མོ་ལས་ཀྱིས་འཆི་རྒྱུ་ཡིན་པ་ངེས། སྤྱིར་ནུབ་གླིང་དང༌། ལྷག་པར་བྱང་ཨ་རིའི་ནང་དུ་བོད་མི་གནས་སྤོ་བྱེད་མཁན་དང༌། གསར་སྐྱེས་ཀྱི་མི་འབོར་ཉིན་རེ་བཞིན་འཕར་བཞིན་ཡོད་ན་ཡང༌། བོད་ཀྱི་སྐད་ཡིག་ལ་སྦྱོང་སྤྱོད་སྤེལ་གསུམ་ཡོང་བའི་ཁོར་ཡུག་གམ། མཐུན་པའི་ཆ་རྐྱེན་ཉིན་མོའི་སྐར་མ་ལྟར་ཆེས་དཀོན་པའི་ཁར་མི་མཐུན་པའི་ཆ་རྐྱེན་གྱིས་གནམ་ས་ཁེངས་ནས་བསྡད་ཡོད། ནུབ་ཕྱོགས་སུ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་སའི་ཁོར་ཡུག་འགའ་ཞིག་ཡོད་པ་ནི། རང་ཁྱིམ་དང༌། བོད་མི་འདུ་འཛོམས་ཀྱི་སྐབས། ཁ་པར་དང་དྲ་རྒྱ་གློག་འཕྲིན་བརྒྱུད་དེ་ཕན་ཚུན་ཁ་བརྡ་བྱེད་པ། དེ་བཞིན་ཨ་རིའི་བོད་སྐད་རླུང་འཕྲིན་དང༌། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལ་ཉན་རྒྱུ་བཅས་རེད། རང་ཁྱིམ་དུ་ཕ་མ་བུ་ཕྲུག་འཛོམས་ཏེ་ལྷོད་ལྷོད་ཁ་བརྡ་བྱེད་པའི་དུས་ཚོད་ཟླ་བ་གཅིག་གི་ནང་དུ་ཐེངས་གཉིས་ཐོབ་ན་ཆེས་སྐལ་པ་བཟང་པོ་རེད། ཕྲུ་གུ་དུས་རྒྱུན་དུ་ཕ་མ་དང་མཉམ་དུ་སྡོད་མཁན་ཞིག་ལ་ཆ་མཚོན་ནའང༌། ཕ་མ་ལངས་དུས་ཕྲུ་གུ་ཉལ་ནས་བསྡད་ཡོད་པ་དང༌། ཕྲུ་གུ་ལངས་དུས་ཕ་མ་ལས་ཀར་བསྐྱོད་ཟིན་ཏེ་མེད་པས་ཕན་ཚུན་ཁ་བརྡ་བྱེད་པའི་དུས་ཚོད་དཀོན། གལ་ཏེ་ཚང་འཛོམས་ཡོད་པ་ཡིན་ནའང་གཟུགས་མཐོང་བརྙན་འཕྲིན་བལྟ་བའམ། ཡང་ན་དྲ་རྒྱར་མགོ་མཐོམ་ནས་སྡོད་པ་ལས་ཕན་ཚུན་ནང་མོལ་བྱས་ཏེ་ལྷོད་ལྷོད་སྡོད་པ་ཤིན་ཏུ་དཀོན། ཨ་རིའི་བོད་སྐད་རླུང་འཕྲིན་དང༌། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཉན་པ་དང༌། བོད་སྐད་དྲ་རྒྱ་ཀློག་མཁན་ནི་བོད་མི་རྒན་གྲས་ཆབ་སྲིད་ལ་དོན་གཉེར་ཡོད་མཁན་འགའ་ཞིག་མ་གཏོགས་མེད། ས་གནས་སོ་སོར་བོད་མིའི་འདུ་འཛོམས་བྱེད་པ་ནི་ལོ་རེར་མང་མཐར་ཐེངས་བཅུ་ཙམ་ཡིན། འདུ་འཛོམས་འདི་དག་གི་སྐབས་སུ་ཕྱི་གླིང་པ་ཡོད་ན་ལྟ་ཅི་སྨོས། བོད་མི་ཁེ་གཙང་གི་འདུ་འཛོམས་ཀྱི་སྐབས་སུའང་གཏམ་བཤད་གནང་མཁན་ཚོས་སྐབས་རེ་དབྱིན་ཇི་སྐྱོན་པ་དང༌། སྐབས་རེ་བོད་སྐད་དེ་སླར་ཡང་དབྱིན་སྒྱུར་བྱེད་པའི་སྲོལ་ངན་གསར་པ་ཞིག་ཡོད། བོད་ཡིག་གི་ཚགས་ཤོག་དང་དེབ་སོགས་ཀློག་མཁན་ནི་རྒན་གྲས་ཁ་ཤས་ཡོད་ན་ལས་གཞོན་སྐྱེས་ཚོས་ནི་ཧ་ལམ་མིག་མི་དགོས་ལྟག་པའང་བལྟ་གི་མེད།

སྐད་ཡིག་རིག་པ་བ་པིཊར། ཨོསཊོན་གྱིས་བཤད་པ་ལྟར་ན། ད་ཡོད་འཛམ་གླིང་ནང་གི་སྐད་རིགས་མི་འདྲ་བ་དྲུག་སྟོང་དགུ་བརྒྱ་ཡོད་པ་ནས་བརྒྱ་ཕྲག་འདིའི་མཇུག་ཙམ་ལ་བརྒྱ་ཆ་ལྔ་བཅུ་ནས་དགུ་བཅུ་བར་ཕལ་ཆེར་རྩ་བརླག་ཏུ་འགྲོ་ངེས་ཚུལ་བཤད་ཡོད། ཁོང་གིས་མུ་མཐུད་དེ་བརྗོད་གསལ་ལ། གལ་ཏེ་ཕ་མ་ངོས་ནས་སྐད་རྙིང་པ་དེ་འཚོ་ཐབས་ཇི་ལྟར་བྱས་ཀྱང་ཁོང་ཚོའི་འབད་རྩོལ་དེ་གློག་བརྙན་དང་ཀམཔུཊར་རྩེད་སྣས་ལམ་ལྷོངས་མེད་པར་བཟོ་གི་རེད། ཅེས་བཤད་ཡོད། དེ་བཞིན་ཁེ་ན་ཌའི་མཁས་པ་མརྐ། ཨབྷེཡར། གྱིས་ཡལ་ལ་ཉེ་བའི་རི་དྭགས་རྩི་ཤིང་གི་སྲུང་སྐྱོབ་དེ་སྐད་རིགས་འཛིན་སྐྱོང་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་ཅེས་བརྗོད་ཡོད། མདོར་ན་ཁོང་གིས་སྐད་རིགས་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དབར་ལ་འབྲེལ་བ་དམ་ཟབ་ཡོད་པ་དང༌། གལ་ཏེ་སྐད་ཡིག་ཅིག་གནས་དགོས་ན་སྐད་ཡིག་དེ་མི་ཚེའི་འཚོ་བའི་ནང་དུ་བཀོལ་སྤྱོད་རྒྱུན་ཆད་མེད་པར་བྱེད་དགོས་པ་བསྟན་ཡོད།

དེས་ན། བོད་ཀྱི་སྐད་ཡིག་ནུབ་ཕྱོགས་སུ་རྒྱུན་རིང་འཚོ་དང་མི་འཚོ་དེ། བོད་ཀྱི་སྐད་ཡིག་གི་སྦྱོང་སྤྱོད་སྤེལ་གསུམ་ཡོད་པའི་ནུས་པ་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་ཐུབ་མིན་ལ་རག་ལས་པ་དང༌། ཇི་སྲིད་བྱང་ཨ་རིའི་ནང་དུ་བོད་ཀྱི་ཁྱིམ་སྡེ་ལྟ་བུ་གཏན་འཇགས་ཀྱི་སློབ་གྲྭ་ཞིག་འཛུགས་མ་ཐུབ་ཀྱི་བར་དུ་བོད་ཀྱི་སྐད་ཡིག་གིས་མཚོན་པའི་ཆོས་དང་ལེགས་བྱང་འདོད་བློ་ཁེངས་པ་ཞིག་ཉར་ཚགས་མི་ཐུབ་པ་ཆོས་ཉིད་དུ་ཟད། ཕྲན་རང་གིས་ཤེས་རྟོགས་ལ་དགེ་རྒན་དང༌། ཕ་མ་སློབ་ཕྲུག་ཚང་མས་དོ་ཁུར་དང་འབད་རྩོལ་ཇི་ལྟར་བྱས་རུང༌། ད་ཡོད་བདུན་མཐའི་བོད་ཡིག་འཛིན་གྲྭ་དེར་འབྲས་བུ་སྨིན་པའི་རེ་བ་ཆེར་མི་མངོན། རྒྱུ་མཚན་ནི། ཕྲན་གྱིས་ལོ་དྲུག་བདུན་རིང་མུ་མཐུད་དེ་བདུན་མཐའི་བོད་ཡིག་འཛིན་གྲྭར་བསྐྱོད་མྱོང་མཁན་གྱི་བོད་རིགས་གཞོན་སྐྱེས་གང་མང་ཞིག་ལ་དྲི་བརྩད་བྱས་འབྲས་སུ། དམིགས་བསལ་དོ་སྣང་ཅན་རེ་ཟུང་ཙམ་མ་གཏོགས་ཚང་མས། སྔོན་མ་བོད་ཡིག་ཕྲན་བུ་ཀློག་ཤེས་ཀྱི་ཡོད་ཀྱང༌། སློབ་འབྲིང་དང་མཐོ་སློབ་ཏུ་བསྐྱོད་སྐབས་བེད་སྤྱོད་གཏོང་ས་རྩ་བ་ནས་མེད་པ་སོང་ཙང༌། ད་ཆ་ཚང་མ་བརྗེད་ཚར་འདུག་ཟེར། ཡང་འགའ་རེས་བོད་ཡིག་དེ་རང་གི་མི་ཚེའི་འཚོ་བའི་ནང་དུ་དེང་སང་བེད་སྤྱོད་དེ་ཙམ་མི་འདུག བོད་དོན་གྱི་ཐད་ལ་གནས་ཚུལ་མང་ཆེ་བ་ནི་དབྱིན་སྐད་བརྒྱུད་ལམ་ནས་ཤེས་ཀྱི་འདུག་ཟེར། ཐ་ན་བོད་མི་རྒན་གྲས་འགའ་ཞིག་གིས་ལུང་པ་འདིར་ལོ་མང་བསྡད་པའི་རྗེས་སུ་ད་ཆ་བོད་སྐད་ཀྱི་ཐ་སྙད་མང་པོ་ག་ལེར་བརྗེད་འགྲོ་གིན་འདུག་ཟེར། ཡིད་སྐྱོ་བའི་གནས་སྟངས་འདི་ནི་ནུབ་ཕྱོགས་རྒྱལ་ཁབ་དུ་མའི་ནང་དུ་ཡོད་པའི་བོད་རིགས་ཕལ་མོ་ཆེ་ལ་རིགས་སྒྲེས་ཐུབ། དེས་ན་ནུབ་ཕྱོགས་སུ་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོས་གལ་ཏེ་བོད་སྐད་དང་བོད་ཡིག་གང་འཚམ་ཞིག་ཤེས་འདོད་པ་དང་ཤེས་དགོས་ཀྱི་ཡོད་ན། མཐོ་སློབ་མཐར་ཕྱིན་པའི་རྗེས་སུ་དུས་ཡུན་ལོ་གཅིག་གམ། ཡང་ན་ཟླ་བ་དྲུག་ཙམ་གྱི་རིང་ལ་དམིགས་བསལ་གྱི་ཟབ་སྦྱོང་ལྟ་བུ་ཞིག་བྱུང་ནའམ། དེ་མིན་དྷ་ས་སཱ་རཱ་མཐོ་སློབ་ལྟ་བུ་ཞིག་ཏུ་ཕྱིན་ཏེ་དམིགས་བཀར་སྦྱོང་བདར་བྱས་ན་མ་གཏོགས་ཐབས་ཤེས་མེད།

འོན་ཀྱང་ཁོར་ཡུག་མེད་པར་བསྙད་དེ་དེ་མུར་བཞག་ན་འགྲིགས་ཐབས་མེད་པས། ད་ཡོད་ས་གནས་ཁག་གི་བདུན་མཐའི་བོད་ཡིག་འཛིན་གྲྭ་དེ་དག་ལམ་ལྷོངས་ལྡན་པ་ཡོང་རྒྱུར་སློབ་ཁྲིད་གནང་མཁན་དགེ་རྒན་གྱིས་དུས་བསྟུན་སློབ་ཚན་འཆར་འགོད་ལྡན་པ་དང༌། སློབ་ཁྲིད་ཀྱི་ཐབས་ལམ་ཡང་སློབ་ཕྲུག་ཚོར་རང་འགུལ་གྱིས་སྤྲོ་བ་དང་དོན་གཉེར་སྤེལ་བའི་གསར་གཏོད་ཀྱི་རང་བཞིན་ཅན། འཛིན་གྲྭའི་དུས་ཡུན་གྱི་རིང་ལ་དགེ་རྒན་དང་སློབ་ཕྲུག་ཚང་མས་ཤེས་མིན་ལ་མ་ལྟོས་པར་བོད་སྐད་ཁོ་ན་བཀོལ་སྤྱོད་བྱེད་པ། དམའ་རིམ་འཛིན་གྲྭ་དག་ལ་བོད་སྐད་སྦྱོང་སྤྱོད་སྤེལ་གསུམ་གྱི་ཐོག་ལ་ཤུགས་གནོན་བྱེད་པ་ལས། འབྲི་ཀློག་དང་སུམ་རྟགས་དག་གསུམ་གྱི་ཐད་ལ་དེ་ཙམ་གྱི་ཤུགས་གནོན་མ་སྐྱོན་ན་ལེགས། དགེ་རྒན་རྣམས་ལའང་དྭངས་བླངས་ཡིན་པར་བསྙད་དེ་ཁྲལ་འཁྱོལ་ཙམ་གྱིས་ལོ་རེའི་རྗེས་སུ་ཐུགས་རྗེ་ཆེ་ཞུས་ནས་འཐུས་པ་ཙམ་མ་ཡིན་པར་ལས་དོད་གྱོང་གུན་མེད་པར་ཕུལ་བའི་ཐོག་ནས་འགན་འཁུར་ཡོད་པ་བཟོ་ཐབས་གནང་གལ་ཆེ་བར་མངོན། དེ་བཞིན་བོད་རིགས་ཁེ་གཙང་འདུ་འཛོམས་ཀྱི་སྐབས་སུ་བོད་སྐད་ཁོ་ན་བཀོལ་སྤྱོད་བྱེད་པ་དང༌། འདུ་འཛོམས་ཀྱི་ཁོར་ཡུག་དེ་ཡང༌། ཚོགས་ཞུགས་པ་ཚོ་བླ་ཆགས་པོ་དང༌། བག་བྲོ་བོ། སྣང་སོས་དལ་པོ། སྤྲོ་བ་འཕེལ་བ། མི་སྨོན་རང་སྐྱིད་ལྡན་པའི་བོད་མིའི་ལེགས་བྱང་གི་རྣམ་པ་དྲི་མ་བྲལ་བ་ཞིག་ཡོང་ཐབས་བྱེད་པ་ལས། མི་གྲངས་འདུ་འཛོམས་མང་བ་དང༌། གཞན་ངོ་སྟབས་བསྟུན། དཔལ་འབྱོར་བསྡུ་འགོད་ཁོ་ནར་དམིགས་ཏེ། རྣ་མཆོག་དབྲལ་གྲབས་བྱེད་པའི་རོལ་དབྱངས་ར་མ་ལུག་དེ་འདྲ་བཏང་སྟེ་དུས་ཚོད་ཆུད་ཟོས་སུ་བཏང་ན་འོས་ཤིང་འཚམས་པ་མ་ཡིན་སྙམ།

ད་ལྟའི་ཆར་ནུབ་ཕྱོགས་སུ་བོད་སྐད་རླུང་འཕྲིན་ཁང་ཁག་དང༌། མཐོ་རིམ་སློབ་གྲྭ་ཁག་གི་བོད་སྐད་སྡེ་ཚན་གྱི་ནང་དུ་ཕྱག་ལས་གནང་མཁན། བོད་གནས་ཉམས་ཞིབ་པ་དང༌། སྐད་སྒྱུར་འགའ་ཤས་ཙམ་མ་གཏོགས་བོད་སྐད་དང་བོད་ཡིག་མི་ཚེའི་འཚོ་བའི་དོན་དུ་བེད་སྤྱོད་བྱེད་མཁན་ཉུང་ཉུང་རེད། དེར་བརྟེན་བྱུང་ན་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཡོད་དོ་ཅོག་དང༌། དེ་ལྟར་མ་བྱུང་ཡང་བྱང་ཨ་རིའི་ནང་དུ་ཡོད་པའི་བོད་མི་རྒན་རབས་ནས་བཟུང་སྟེ། མི་རེ་ངོ་རེ་ནས་རང་གི་མ་སྐད་ཀྱི་བེད་སྤྱོད་དེ་སྤོབས་པ་དང༌། དགའ་ཞེན་ཆེན་པོའི་སྒོ་ནས་རྒྱུན་སྤྱོད་བྱེད་སྙམ་པའི་ཆོད་སེམས་བརྟན་པོ་དགོས་པ་དང༌། གཞན་མ་བྱུང་ཡང་མ་མཐར་བོད་མིས་གཉེར་བའི་ཟ་ཁང་དང༌། ཚོང་ཁང༌། ལས་ཁུངས་སོགས་ཀྱི་སྒོ་བྱང་སྟེང་དུ་བོད་ཡིག་ངེས་པར་དུ་འབྲི་དགོས་པའི་འབོད་སྐུལ་གསལ་འདེབས་མུ་མཐུད་ནས་ཞུ་དགོས། དེ་བཞིན་བོད་རིགས་སྤྱི་མཐུན་ཚོགས་པ་ནང་ཁུལ་ལམ། ཡང་ན་བོད་མི་ཁེ་གཙང་དང་འབྲེལ་བའི་ཡིག་འགྲུལ་ཐ་དག་བོད་ཡིག་གི་ཐོག་ཏུ་གནང་རྒྱུའི་འབད་རྩོལ་གནང་དགོས། ཕྱོགས་མཚུངས་བོད་ཕྲུག་གཞོན་སྐྱེས་ཚོ་ལ་བོད་ཡིག་གི་ལམ་ནས་ཀློག་རྒྱུའི་བཅོས་སྒྲུང་ལ་སོགས་པའི་རྒྱུ་ཆ་ཀློག་པ་པོ་ལ་སྤྲོ་བ་སྐྱེད་པའི་ནུས་པ་སྦྱིན་ཐུབ་པའི་དེབ་རིགས་མི་འདྲ་བ་སྣ་ཚོགས་པ་ཞིག་ཀྱང་དགོས་གལ་ཆེན་པོ་ཡིན། དེ་བཞིན་ཉིན་རེའི་བཀོལ་སྤྱོད་ནང་དུ་ཡོད་པའི་ཆ་དངོས་དང༌། ལྷག་པར་དུ་གློག་ཆས་དང༌། འཕྲུལ་འཁོར༌། བཟའ་བཅའི་རིགས་ཀྱི་ཐ་སྙད་གང་མང་བོད་སྐད་ནང་ཕབ་སྒྱུར་དང་བཀོལ་སྤྱོད་བྱེད་པའི་གོམས་གཤིས་ཞིག་ཀྱང་བསྐྲུན་ཐབས་གནང་དགོས་སྙམ། མི་རིགས་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་ཀྱི་ཐད་ལ། བོད་པས་ནུབ་ཕྱོགས་སུ་ཡོད་པའི་རྒྱ་རིགས་དང༌། ཀོརིཡཱན། འཇིའུ་སོགས་ལ་མིག་དཔེ་བལྟ་དགོས་པར་མངོན།

མདོར་ན་གོ་ལ་གཅིག་སྒྱུར་དང༌། བརྡ་འཕྲིན་འཕེལ་རྒྱས། བག་མེད་ལོངས་སྤྱོད་ཀྱི་ཁྲོམ་རྭའི་ལམ་སྲོལ་གྱི་དུས་སྐབས་འདིར། གྲངས་མང་མི་རིགས་ཀྱིས་ཆབ་སྲིད་དང༌། དཔལ་འབྱོར། ཤེས་ཡོན། རིག་གཞུང་གང་ཐད་ནས་གྲངས་ཉུང་མི་རིགས་ལ་བཤུ་གཞོག་དང་བཙན་གནོན་བཏང་དང་གཏོང་བཞིན་པ་མ་ཟད། སྐད་རིགས་ཀྱིས་ཆ་ནས་ཀྱང་དབྱིན་སྐད་དང༌། རྒྱ་སྐད་ལ་སོགས་འཛམ་གླིང་ནང་འཕེལ་ཤུགས་ཆེ་བའི་སྐད་ཡིག་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དཔེན་ན། བོད་སྐད་ལྟ་བུ་མོག་མོག་པོར་བཏང་དང་གཏོང་བཞིན་ཡོད་པའི་སྐབས་འདིར། རྐྱེན་ངན་གྲོགས་ཤར་རམ། ཡང་ན། སྟབས་ལེགས་པ་ཞིག་ལ། བར་ལམ་ཨ་རིར་བོད་པའི་མིང་ཐོག་ནས་སྐྱབས་བཅོལ་ཞུ་མཁན་རྒྱ་བལ་འབྲུག་གསུམ་བོད་དང་བཅས་པ་ནས་ཡོང་བའི་བོད་མི་དང༌། ཧི་མ་ལ་ཡའི་རི་བརྒྱུད་ནས་ཡོང་བའི་ཤར་པ། རྟ་མང་བ། ཝ་ལུང་པ། ལ་དྭགས་པ། སྙན་ཤངས་པ། གཙུམ་པ། ནུབ་རི་བ། མོན་པ། འབྲུག་པ། འབྲས་ལྗོངས་པ། མ་ནང་བ། བརྒྱ་གསུམ་མདོ་བ། གར་ཤ་བ། ཁུ་ནུ་བ། པི་ཏི་བ། ཟངས་དཀར་བ། ནེ་པ་ལི། ཁ་ཚར་བ་བཅས་དུ་མ་ཞིག་དེ་སྔ་བོད་སྐད་ཤེས་ཀྱི་མེད་ཀྱང༌། བོད་པ་ཡིན་ཟེར་ནས་སྐྱབས་བཅོལ་ཞུ་སྐབས་བོད་སྐད་ངེས་པར་དུ་ཤེས་དགོས་པར་བརྟེན། བོད་སྐད་སྦྱང་སྟེ་དེང་སང་མང་པོ་ཞིག་གིས་བོད་སྐད་གོ་བརྡ་ཁྲོལ་པོར་བརྒྱག་གི་ཡོད་པ་མ་ཟད། བོད་དོན་གྱི་ཐོག་ལའང་སེམས་ཁུར་ཆེན་པོ་བླངས་ཏེ་མི་རིགས་དང་བླ་སློབ་ཀྱི་ལ་རྒྱ་སྲུང་མཁན་དུ་མ་ཞིག་ཡོད་པ་ནི་གཡང་རྩེའི་སྟེང་གི་ཡར་སྒྲོན་དུ་ངེས་སོ། འདི་དང་འདི་འདྲ་བའི་གནས་སྟངས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་དང༌། ནུབ་ཕྱོགས་ཀྱི་གླིང་ཕྲན་གཞན་དུའང་གཅིག་མཚུངས་ཡོད་ངེས་སྙམ།

ཨ་ནུའི་བུས་གཙོས་མཁས་གྲུབ་དུ་མ་ཡིས།།
ངལ་བ་ཁྱད་དུ་བསད་པའི་འབྲས་བུ་ལས།།
དབྱངས་གསལ་སུམ་ཅུ་ལས་གྲུབ་བོད་ཀྱི་སྐད།།
སྐལ་པ་ཇི་སྲིད་བར་དུ་འཚོ་བར་སྨོན།།
འཇིག་རྟེན་རྒྱལ་གྱུར་ཅིག །།

 

 

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 5

  1. དགྲ་འདུལ། says:
    ལོ་ 17 སྔོན།

    གཉིས་ཀ་སེམས་ན་བྱེད་རེད། དེ་ལས་ཐབས་སྐྱོ་བ་ནི་འདི་དག་ལ་བདག་པོ་རྒྱག་མཁན་ཞིག་མེད་པ་དེ་རེད། ང་ལ་རེ་བ་ཉག་གཅིག་ཡོད་པ་ནི་ཟམ་གདོང་རིན་པོ་ཆེ་དང་ཁོང་གི་ཤེས་ཡོན་སྲིད་བྱུས་འདི་ཡིན། འོན་ཀྱང་། འདིས་མི་རབས་ཕྱི་མ་དག་སྐྱོབ་ཐུབ་མིན་དེ་བས་ཀྱང་བཤད་དཀའ་སེ་འདུག

    Reply
  2. ཁ་བ་དམར་པོ། says:
    ལོ་ 17 སྔོན།

    ཕྱི་ལོགས་སུ་བོད་སྐད་བོད་ཡིག་མི་ཤེས་པའི་མི་རབས་གསུམ་པ་ཞིག་འཚར་ལོངས་འབྱུང་བཞིན་པ་འདི་དང་། ནང་ལོགས་སུ་སྨྱོན་པ་གཅེར་རྒྱུག་བྱེད་པའི་མི་རབས་གསུམ་པ་ཞིག་འཚར་ལོངས་འབྱུང་བཞིན་པ་འདི་གཉིས་ཀྱི་གང་ཞིག་རྒྱན་དུ་ཆེ་གང་ཞིག་ནད་དུ་ལྕི།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ཞལ་ད་ཁ་བྲོ་བཀྲ་ཤིས། །
    རང་སེམས་སྐྱིད་ལ་བཀུག་སོང་། །
    ཕྱག་རྗེས་འཇོག་མཁན་མེད་ནས། །
    ཨ་ཐང་ཡང་སེ་ཆད་གི། །

    Reply
  4. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ཉི་མའི་གྲིབ་མ།

    ཤར་ནས་ཉི་མ་ཤར་སོང་། །
    ཉི་རྩེ་དགུང་ནས་འཁྱགས་སོང་། །
    ལ་སྟོད་བོད་མིའི་མགོ་ལ།
    ཉི་མའི་གྲིབ་མ་གོན་སོང་། །

    ཁང་གཞུག་ཙག་གིས་གཞུ་ས། །
    ཕ་ཡུལ་རི་ཆུའི་སྲུབ་རེད། །
    ཨ་ཕོ་ཁ་རྒོད་བློ་རྒོད། །
    རི་ཐང་བསྐོར་ནས་བྲོས་སོང་། །

    རི་ནས་རྨི་ལམ་བཏང་བ། །
    ཡུལ་མིའི་ཕྱོགས་ལ་མ་སོང་། །
    རང་སེམས་བསམ་པའི་གོམ་ཁ།
    ཐག་རིང་ནུབ་ལ་ཤོར་སོང་། །

    Reply
  5. ཁ་བ་དམར་པོ། says:
    ལོ་ 17 སྔོན།

    གཡང་རྩེའི་སྟེང་དུ་ཡར་སྒྲོན་ཟེར་ན་མི་ཤེས་ཡས་སྒྲོན་ཟེར་བ་འདུག གང་ལྟར་གཏན་སྡོད་ཀྱི་ཆེད་དུ་ནུབ་ཕྱོགས་སུ་གོམ་པ་གང་སྤོས་པ་ཙམ་གྱིས་བོད་པ་སུ་ཞིག་ཡིན་ཡང་རང་གི་རིག་གཞུང་གི་ཁྲག་རྩ་གཅིག་སྐམ་སོང་བ་རེད། བོད་པའི་སེམས་པ་གཅིག་པོ་མ་གཏོགས་གཞན་སྐད་དང་ཡི་གེ ཆོས་དང་ཆ་ལུགས། ཤ་མདོག་དང་གོམས་སྲོལ་ཅི་ཡང་མེད་པའི་བོད་པའི་སྤྱི་ཚོགས་ཤིག་ཟང་ཟིང་དུ་འཚར་ལོངས་འབྱུང་བཞིན་པའི་སྒང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese